Jump to content

སྤྱོད་པ་

ཡོང་ཁུངས་Wikipedia

སྤྱོད་པ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱད་པར་བྱ་བའི་ལུས་ངག་ཡིད་གསུམ་གྱི་ལས་དང་སེམས་སྦྱོང་བའི་ཐབས་ལ་གོ སྤྱིར་དགེ་བ་དང་མི་དགེ་བ་གང་རུང་གི་ལས་ལ་འཇུག་པ་ལ་སྤྱོད་པ་ཞེས་འདོད།

ནང་དོན།

[རྩོམ་སྒྲིག]

བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་མཆོག་གི་བྱང་ཆུབ་ཐོབ་པའི་ཆེད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་གཙོ་བོར་གྱུར་པའི་སྤྱོད་པ་ཡིན། སྤྱོད་པ་ནི། རྒྱལ་དབང་ཀློང་ཆེན་པས། "རྒྱལ་སྲས་རྣམས་ཀྱིས་ཀུན་ལ་བསླབ་བྱ་སྟེ། །གཙོ་བོ་ཕ་རོལ་ཕྱིན་པ་དྲུག་ལ་བསླབ། །"ཅེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཕ་རོལ་དུ་ཕྱིན་པ་དྲུག་ཏུ་འདུ་ཞིང་དེ་ཉམས་སུ་ལེན་པ་ཡིན།

སྤྱོད་པའི་ཁྱད་ཆོས།

[རྩོམ་སྒྲིག]

དགེ་བའི་སྤྱོད་པ། "དྲན་ཤེས་བསྟེན་ཏེ་རང་གི་སེམས་ཉོན་མོངས་པའི་རྨ་ལས་སྲུང་བའི་སྤྱོད་པ་འདི་འདྲས་དུས་རྒྱུན་པར་གནས་པར་བྱེད་ན་ཞེ་སྡང་སྐྱེ་ཡུལ་གྱི་སྐྱེ་བོ་ངན་པ་མི་རིགས་པ་སྣ་ཚོགས་པ་"[]ཡིས་སེམས་འཁྲུག་པར་མི་གྱུར་རོ། །

བཟོད་པའི་སྤྱོད་པ། "གང་ཚེ་ཉོན་མོངས་དབང་དུ་གྱུར་པས་ཤིན་ཏུ་སྡུག་པ་བདག་ཉིད་ཀྱང་གསོད་པར་བྱེད་པ་དེའི་ཚེ་དེ་དག་གཞན་གྱི་ལུས་ལ་གནོད་པ་མི་བྱེད་པར་ཇི་ལྟར་འགྱུར། ཉོན་མོངས་སྐྱེས་པས་དེ་ལྟ་བུར་བདག་གསོད་པ་ལ་སོགས་པ་ལ་ཞུགས་པ་དེ་དག་ལ་སྙིང་རྗེ་སྐྱེ་བར་རིགས་ཤིང་།"[] ཞེས་གསུངས་པ་ལྟར་གནོད་བྱེད་རྣམས་ལ་སྙིང་རྗེའི་སྤྱོད་པ་བྱེད་དགོས།

ལག་ལེན་གྱི་སྤྱོད་པ། དམ་པའི་ཆོས་ལ་འཇུག་པའི་སྐབས་སུ་སེམས་དང་ལུས་ཀྱི་སྤྱོད་པ་དགེ་བར་བྱེད་པ་ནི་ལག་ལེན་གྱི་སྤྱོད་པ་ཡིན། "དགེ་བའི་བཤེས་གཉེན་དང་ཉེ་བ་ན་དེའི་གདམས་ངག་དང་རྗེས་སུ་བསྟན་པ་དང་། དེའི་སྤྱོད་པ་མཐོང་བས་ཀྱང་རྟག་ཏུ་དྲན་པ་དང་ཤེས་བཞིན་གྱིས་གནས་པས་ཉོན་མོངས་པ་འཇུག་པའི་སྐབས་མི་རྙེད་དོ། །"[]ཞེས་གསུངས།

དབེན་པའི་སྤྱོད་པ། འཇིག་རྟེན་གྱི་འགྲོགས་པ་དང་བྲལ་ནས་དབེན་པར་གནས་པའི་སྤྱོད་པ་ལ་བསླབ་དགོས། "ལུས་དབེན་པ་ནི་སྐྱེ་བོ་དང་འགྲོགས་པ་སྤངས་པ་ཡིན་ལ། སེམས་དབེན་པ་ནི་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པ་ཉིད་དེ།"[] ཞེས་གསུངས་ལྟར་ལུས་སེམས་གཉིས་དབེན་པའི་སྤྱོད་ལ་ཞུགས་ན་དགེ་བ་ངང་གིས་འཕེལ་ཡོང་།

དབྱེ་བ།

[རྩོམ་སྒྲིག]

སེམས་སྦྱང་གི་སྤྱོད་པ། "བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་དག་གི་དབྱེ་བ་གྲངས་དང་ཚད་མེད་པར་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་ནས་གསུངས་པ་ལས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱིས་རང་གི་སེམས་སྦྱང་བའམ་སྦྱོང་པ་ཡི་སྤྱོད་པ་སྤྱོད་འཇུག་འདི་ལྟ་བུ་ནི་ངེས་པར་སེམས་སྦྱང་མ་ཐུབ་པར་དེ་སྲིད་དུ་བསྒོམ་ཞིང་སྤྱད་པར་བྱ་དགོས་སོ། །"[]ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱིས་རང་གི་སེམས་སྦྱོང་བའི་ཐབས་སུ་སྤྱོད་འཇུག་གི་སྤྱོད་པ་བསྒོམ་དགོས་པ་གལ་ཆེ།

སེམས་བསྲུང་བའི་སྤྱོད་པ། "སེམས་བསྲུང་བའི་སྤྱོད་པ་འདི་འདྲས་གནས་པར་བྱེད་ན་སྐྱེ་བོ་ངན་པའི་ཁྲོད་ན་གནས་སམ་བུད་མེད་ཀྱི་ཁྲོད་ན་གནས་ཀྱང་རུང་སྟེ་སྡོམ་བརྩོན་བརྟན་པ་སྟེ་བག་ཡོད་ཉམས་པར་མི་འགྱུར་རོ། །"[]ཞེས་སེམས་བསྲུང་བའི་སྤྱོད་པ་ལ་གནས་ན་ཉམས་ཅན་གྱི་ཁྲོད་ནའང་སེམས་ཀྱི་སྡོམ་པ་ཉམས་པར་མི་འགྱུར་བ་གསུངས།

དྲན་ཤེས་ཀྱི་སྤྱོད་པ། "དང་པོ་ནི། དུས་དང་རྣམ་པ་ཐམས་ཅད་དུ་དྲན་ཤེས་བསྟེན་ཏེ་རེ༷་ཞི༷ག་དང༷་པོར༷་རང་རྒྱུད་ལ་རྣམ་རྟོག་གང་དང་གང་སྐྱེས་འོང་བ་ལ་བལྟས་ཏེ་འདི༷་འདྲ༷འི་སེ༷མས་སམ་རྣམ་རྟོག་འདི་དགེ་བའམ་མི་དགེ་བ་གང་ཡིན་ཞེས་བརྟགས་ཏེ་མི་དགེ་བའི་རྣམ་རྟོག་ཡིན་ན་འདི༷་ནི༷་ཚེ་འདི་ཕྱི་གཉིས་ཀར་གནོད་པར་བྱེད་པའི་སྐྱོན༷་དང་བཅ༷ས་པའོ་"[]ཞེས་དྲན་ཤེས་ཀྱི་སྤྱོད་པ་ཤིན་ཏུ་གལ་ཆེ་བ་གསུངས།

སེམས་ཅན་དོན་བྱེད་ཀྱི་སྤྱོད་པ།

[རྩོམ་སྒྲིག]

སྤྱོད་པ་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པས། "སེམས་ཅན་གྱི་དོན་དུ་རང་གི་ལུས་བསྲུང་བར་བྱས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་དགེ་བ་སེམས་ཅན་གྱི་དོན་དུ་རྣམ་མཁྱེན་དུ་བསྔོ་བ་དང་སྨོན་ལམ་གདབ་སྟེ་སེམས་ཅན་གྱི་དོན་བྱ་དགོས་སོ། །"[]ཞེས་གསུངས་པ་ལྟར་སེམས་ཅན་གྱི་དོན་དུ་ལུས་ལ་ཞེན་པ་མེད་པར་གཞན་ལ་ཕན་པའི་སྒོ་ནས་སྤྱོད་པ་སྤྱད་དགོས།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང། ཤིང་དཔར། ཤོག་ངོས།༣༦༦
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤོག་ངོས། ༩༧-༩༨
  3. ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས།༢༡༨
  4. ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས།༢༡༩
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར། ཤོག་ངོས། ༢༩༡
  6. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༦༦
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར། ཤོག་ངོས། ༢༥༥-༢༥༦
  8. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༢༨༥