Jump to content

སྤྱི་སྒྲ་བཤད་པ་

ཡོང་ཁུངས་Wikipedia

ཅི་ཇི་སུ་གང་སྤྱི་སྒྲ་སྟེ། ། ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། ། སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། ། སུ་ནི་གང་ཟག་གང་ཀུན་ལའོ། གང་ཞེས་པ་སྤྱི་སྒྲ་ཡིན་ལ། དེ་ལ་ཡང་ཐོག་མར་དོད་དེ་དམིགས་སུ་མ་བཟུང་བར་སྤྱིར་སྨོས་ནས། ཕྱིས་ཡོན་ཏན་སོགས་ཀྱིས་ཁྱད་པར་དུ་བྱས་ནས་དམིགས་སུ་འཛིན་པ་དང་། རིགས་ཅན་ཀུན་ལ་ཁྱབ་པའི་སྤྱི་ཙམ་བརྗོད་པ་དང་། སྤྱིར་འདྲི་བ་དང་། ཐེ་ཚོམ་ནས་འདྲི་བ་དང་། གདམ་ང་ལ་འཇུག་པ་རྣམས་ཡོད་པ་ལས།

དང་བོ་ནི། དཔེར་ན། གང་གིས་སྒྲ་དབྱངས་གསུངས་པ་ཡི། འཇམ་པའི་དབྱངས་ལ། ཞེས་དང་། གང་གིས་མིང་གཞི་སྔོན་གསུངས་པའི། རྟག་ཞི་བ་ལ་ལྟ་བུ།

གཉིས་པ་ནི། དཔེར་ན། གདུང་འདེགས་པ་གང་ཡིན་པ་དེ་ནི་ཀ་བའོ། ལྟ་བུ་སྟེ། ཤིང་གི་ཀ་བ་སོགས་ཀ་བའི་བྱེ་བྲག་ཐམས་ཅད་ལ་ཁྱབ་པའི་ཀ་བའི་སྤྱི་ཙམ་བརྗོད་པའོ།

གསུམ་པ་ནི། དཔེར་ན། མི་འདི་རྣམས་ལས་ལས་བྱེད་པ་ནི་གང་ཡིན། བཟོ་བ་ནི་གང་ཡིན། ཞིང་བ་ནི་གང་ཡིན། ལྟ་བུ་དང་། ཁྱོད་གང་དུ་འགྲོ་རྒྱུ་ཡིན་ཞེས་འདྲི་བ་ལྟ་བུ།

བཞི་བ་ནི། དཔེར་ན་ངས་བྱ་གང་བྱས་ན་ལེགས་ཞེས་པ་སྟེ་ཐེ་ཚོམ་པ་ལྟ་བུ།

ལྔ་བ་ནི་དཔེར་ན། ཟས་འདི་རྣམས་ཀྱི་ནང་ནས་ཁྱེད་ཀྱིས་གང་ཟ། ཞེས་འདེམ་དུ་བཅུག་པ་སྟེ་དྲི་བའང་ཡིན།

གཞན་ཡང་། སུ། ཅི། ནམ། ཇི་རྣམས་ཀྱང་གང་སྒྲ་ལས་ཁྱབ་ཆུང་བ་མ་གཏོགས་གང་དང་འཇུག་པ་ཕལ་ཆེར་མཐུན་ལ། སུ་སྒྲ་ནི་གང་ཟག་བརྗོད་པའི་སྤྱི་སྒྲ་ཡིན་ཏེ། དཔེར་ན། ཁྱོད་སུ་ཡིན། དེ་སུ་རེད། སུ་ཡོང་རྒྱུ་རེད། ལྟ་བུ། ཅི་སྒྲ་ནི་དོན་བརྗོད་པའི་སྤྱི་སྒྲ་སྟེ། དཔེར་ན། དོན་ཅི་ལ་འོང་། ཅི་དགོས། ཅི་ཡིན་རུང་། ཅི་ཡོད། ཅིའི་ཕྱིར། ལྟ་བུ། ནམ་སྒྲ་ནི་དུ་བརྗོད་པའི་སྤྱི་སྒྲ་སྟེ། དཔེར་ན། ཁྱེད་ནམ་འགྲོ། དུས་ནམ་འོང་། ནམ་ཞིག་འདི་འདྲ་འབྱུང་ལྟ་བུ། ཇི་སྒྲ་ནི་དཔེ་བརྗོད་པའི་སྤྱི་སྒྲ་སྟེ། དཔེར་ན། ཕ་ཡུལ་ཇི་འདྲ་ཡིན། ཇི་ལྟ་ཡིན་རུང་། ཁྱོད་ཇི་འདྲ་བ་དེ་འདྲར་ལྟ་བུའོ།