སྤྱན་སྔ་རིན་ཆེན་ལྡན་
རྗེ་འདི་ནི་སྟོད་དིང་རིར་ཡབ་ཡུམ་བསགས་པ་ཅན་གྱི་སྲས་སུ་རབ་བྱུང་གསུམ་པའི་ཆུ་ཁྱི་(༡༢༠༢)ལོར་སྐུ་བལྟམས་། དགུང་ལོ་ལྔ་དྲུག་ལ་ཕེབས་ཙམ་ནས་ཆོས་ལ་དད་ཞེན་དྲག་པོ་འཁྲུངས་། ཕྱིས་ལྷ་གདོང་པ་ལོ་ལྔ་བཞེས་པ་དིང་རིར་བཞུགས་པ་དང་མཇལ་། མོས་གུས་ཐུན་མོང་མིན་པ་བྱུང་། ཆོས་འབྲེལ་ཞུས་པས་བླ་མའི་རྣལ་འབྱོར་དང་། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་གསན་། དེ་ནས་ཕ་ཇོ་སྟོན་པ་ལ་འབྲི་ཀློག་ལ་སོགས་གསན་སྦྱོང་མཛད་། ལྷ་གདོང་པ་དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་སླར་མཇལ་བས་ཕྱག་ཕྱིར་འབྲངས་ཏེ་ཞི་བར་གཤེགས་ཀྱི་བར་ལོ་སུམ་ཅུ་སོ་ལྔའི་རིང་ཞབས་དྲུང་ཞག་གཅིག་དང་མ་བྲལ་བར་སྤྱན་སྔར་བཞུགས་པས་སྤྱན་སྔ་པར་གྲགས་། ཆོས་རྗེ་ལས་གསར་རྙིང་གི་དབང་གདམས་པ་ལུང་ལ་སོགས་པ་ཐམས་ཅད་གསན། ཀོ་བྲག་པ་ལའང་ཆོས་མང་དུ་ཞུས་། རྒོད་ཚང་པའི་དྲུང་དུའང་འབྲུག་སྐོར་ཐམས་གསན་། ས་པཎ་ལས་ས་སྐྱ་པའི་ཆོས་སྐོར་རྣམས་ཞུས་། གཞན་ཡང་བླ་མ་མང་པོའི་ཞབས་ལ་གཏུགས་ནས་ཟབ་ཆོས་དུ་མ་གསན་། སྒྲུབ་པའི་རྒྱལ་མཚན་བཙུགས་། གནས་ལུགས་ཀྱི་རྟོགས་པ་ཤར་། ཕྱིས་དིང་རིར་བཞུགས་ནས་ཚོགས་པ་མཐའ་ཡས་པ་བསྐྱངས་པས་། ཟུར་ཕུག་པ་དང་སྒྲུབ་ཐོབ་ཉི་མ་མགོན་ལ་སོགས་པའི་རྟོགས་ལྡན་གྱི་སློབ་མ་མང་དུ་བྱོན་། འདས་ལོ་མ་གསལ།།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།