སྤྱན་སྔ་པ་བློ་གྲོས་རྒྱལ་མཚན་
སྤྱན་སྔ་པ་བློ་གྲོས་རྒྱལ་མཚན་མཆོག་ནི་། ཡུལ་དབུས་སྟོད་ལྷས་ལུང་བ་ཆོས་གྲྭ་དགོན་གྱི་ཞོལ་གྲྭ་རྣམ་ཁང་ཞེས་བྱ་བར་ཡབ་དགྱེར་དཔོན་ཆོས་སྐྱབས་དང་། ཡུམ་ཇོ་མོ་བླ་མ་འབུམ་ཞེས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཆུ་རྟ་(༡༤༠༢)ལོར་སྐུ་འཁྲུངས་། དགུང་ལོ་གསུམ་བཞི་ནས་ཡི་གེ་སྦྱོར་ཀློག་སྦྱངས་། དགུང་ལོ་བདུན་པ་ས་བྱི་(༡༤༠༨)ལོར་ཁུ་བོ་ཀུན་དགའ་བློ་གྲོས་ཀྱི་དྲུང་དུ་རབ་དུ་བྱུང་། མཚན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོར་གསོལ་། དེ་ནས་གྲྭ་དགོན་དུ་མཁན་ཆེན་བསོད་ནམས་ཤེས་རབ་པའི་དྲུང་དུ་པར་ཚད་མཐར་ཕྱིན་པར་མཛད་། སྐྱོར་མོ་ལུང་དུ་མཁན་ཆེན་ཆོས་རྒྱལ་དཔལ་བཟང་པོ་དང་། སློབ་དཔོན་ཤེས་རབ་བཟང་པོ་གཉིས་ཀྱི་དྲུང་དུ་པར་ཚད་མཐར་ཕྱིན་པར་མཛད་། དེ་ནས་གྲྭ་དགོན་དུ་མཁན་ཆེན་བསོད་ནམས་ཤེས་རབ་པའི་དྲུང་དུ་མདོ་རྩ་་གསན་སྦྱོང་གནང་། དགུང་ལོ་བཅུ་བདུན་པ་ས་ཁྱི་(༡༤༡༨)ལོར་གཙང་ཕྱོགས་སུ་བྱོན་། རི་བོ་མདངས་ཅན་དུ་མཁས་གྲུབ་ཐམས་ཅད་མཁྱེན་པ་མཛད་། དགུང་ལོ་བཅོ་བརྒྱད་པར་ཞ་ལུ་གནས་སྙིང་དུ་ཕར་ཚད་དང་། མདོ་རྩ་། རྩ་འཇུག་སོགས་ཀྱི་གྲྭ་སྐོར་མཛད་། དགུང་ལོ་བཅུ་དགུ་པ་ལྕགས་བྱི་(༡༤༢༠)ལོར་མཁན་པོ་ཡོན་ཏན་ཆེན་དང་། ལས་སློབ་སློབ་དཔོན་ནོར་བཟང་། གསང་སྟོན་རྣམ་པར་དག་པ་རྣམས་ཀྱི་དབུས་སུ་བསྙེན་པར་རྫོགས་། དེ་ནས་སྔ་གཞུག་ཏུ་རྗེ་ཙོང་ཁ་པ་ཆེན་པོ་དང་། རྒྱལ་ཚབ་རྗེ་། མཁས་གྲུབ་རྗེ་། ཆོས་རྗེ་བློ་གྲོས་པ་བཅས་དགའ་ལྡན་གྱི་ཁྲི་ཐོག་ཕེབས་པ་བཞི་དང་། གཞན་རྗེ་བཙུན་འཇམ་དཔལ་རྒྱ་མཚོ་། རྗེ་བཙུན་བཟང་སྐྱོང་བ་། གནས་བརྟན་ཆེན་པོ་ཆོས་སྐྱོང་བ་། དགྱེར་ཀུན་དགའ་བློ་གྲོས་། རིན་པོ་ཆེ་གཞོན་ནུ་འོད་སོགས་བཅུ་ཕྲག་གཉིས་ལ་ཉེ་བའི་མཁས་གྲུབ་དམ་པ་རྣམ་ལེགས་པར་བསྟེན་ནས་མདོ་སྔགས་ཀྱི་གཞུང་ཀུན་ལ་མཁས་ཤིང་བསྟན་པ་རིན་པོ་ཆེའི་གཙུག་རྒྱན་དུ་གྱུར་། དེ་ནས་ཡུན་རིང་པོར་འགྲོ་བའི་དོན་མཛད་ནས་མལ་གྲོ་རིན་ཆེན་སྒང་དང་སྐམ་དགོན་དུ་བཞུགས་ཏེ་སྒྲུབ་པ་རྩེ་གཅིག་ཏུ་མཛད་། ཏབ་བྱུང་བརྒྱད་པའི་ཤིང་ཕག་(༡༤༥༥)ལོར་རིན་ཆེན་སྒང་གི་གདན་སར་འཕེབས་ཏེ་ཁྲི་ཐོག་བཞུགས་། རྗེ་འདིའི་ཞལ་སློབ་ཏུ་གྱུར་པ་བསྟན་པའི་བདག་པོ་མང་དུ་བྱོན་། གཙོ་བོར་རབ་འབྱམས་པ་སྨོན་ལམ་དཔལ་། ཆོས་རྗེ་ཀུན་ལེགས་པ་། ཆོས་རྗེ་རབ་བྱམས་བློ་བཟང་སོགས་ནི་ཁྱད་དུ་འཕགས་པ་ཡིན་། གསུང་རྩོམ་ཡང་། 《ཐེག་པ་ཆེན་པོའི་བཟོད་པའི་བློ་སྦྱོང་ཕན་བདེའི་ཆར་འབེབས་》《བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་གཞན་ཕན་སྙིང་པོའི་ཟུང་འཇུག་རིན་པོ་ཆེ་》《དབུ་མའི་ལྷ་ཁྲིད་ཆེན་མོ་》《སྤྱོད་འཇུག་གི་བསྡུས་དོན་མཁས་པའི་མགུལ་རྒྱན་》《བཤེས་སྤྲིང་གི་བསྡུས་དོན་དགོངས་པ་རབ་གསལ་》སོགས་པོད་འབྲིང་གསུམ་ཙམ་མཛད་། དགུང་གྲངས་དོན་གཅིག་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཆུ་འབྲུག་(༡༤༧༢)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།