སྤྱན་སྔ་གྲགས་པ་འབྱུང་གནས་
ཡབ་རླངས་ཀྱི་གདུང་རྒྱུད་ཡོན་ཆེན་རྒྱལ་བ་སྐྱབས་དང་ཡུམ་འབྲོ་ལྡོག་བཟའ་ཁུ་བྱུག་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ཤིང་ལུག་(༡༡༧༥)ལོར་སྐུ་འཁྲུངས་། རྗེ་འདི་སྐུ་གཞོན་ནུའི་དུས་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ཞབས་ལ་གཏུགས་ཏེ་དགུང་ལོ་བཅོ་བརྒྱད་ནས་སོ་བཞི་བར་བླ་མ་དང་འབྲལ་མེད་དུ་གཟིམ་གཡོག་ཞུས་པས་སྤྱན་སྔ་པ་ཞེས་པའི་མཚན་ཡང་དེ་ནས་ཐོགས་། ཕྱིས་རླངས་ཀྱི་གདུང་རྒྱུད་ཀྱིས་ཐེལ་གྱི་གདན་ས་འཛིན་པ་རྣམས་དང་། འབྲི་གུང་པའི་བླ་མའི་མཚན་གནས་ལྟ་བུར་གྱུར་ནས་སྤྱན་སྔ་ཞེས་བྱ་བའི་འབོད་སྲོལ་བྱུང་། བཀའ་རྒྱུད་བསྟན་པའི་ཆུ་འགོ་དཔའ་ཕག་མོ་གྲུ་པའི་ཐེལ་གྱི་གདན་ས་ཉག་ཕྲ་བར་གྱར་སྐབས་འབྲི་གུང་སྐྱོབ་པས་སྤྱན་སྔ་གྲགས་པ་འབྱུང་གནས་ལ་གཟེངས་བསྟོད་དང་བཅས་རབ་བྱུང་བཞི་པའི་ས་འབྲུག་(༡༢༠༨)ལོར་ཕག་མོ་གྲུ་པའི་ཐེལ་གྱི་གདན་སར་བསྐོ་གཞག་གནང་བས་འཁོར་ལོ་གསུམ་གྱི་མཛད་པས་ཡར་རྒྱས་འགྲན་ཟླ་དང་བྲལ་བ་བྱུང་། དེ་ནས་འབྲི་གུང་དུ་དབོན་རིན་པོ་ཆེ་ཞི་བར་གཤེགས་པའི་གདུང་འབུལ་དུ་ཕེབས་དུས་གཅུང་རིན་པོ་ཆེ་དང་། འབྲི་གུང་གླིང་པ་སོགས་ཀྱིས་ཞུ་ནན་མཛད་པ་ལྟར་འབྲི་གུང་གི་གདན་ས་ཡང་འཛིན་སྐྱོང་གཅིག་ལྕོགས་གནང་། དེར་བཞུགས་པའི་ལོ་བདུན་པ་ལྕགས་བྱི་(༡༢༤༠)ལོར་ཧོར་དམག་བོད་དུ་ལྷགས་ནས་རྭ་སྒྲེང་དང་རྒྱལ་ལྷ་ཁང་མེར་བསྲེགས་པ་དང་སོ་སྟོན་སོགས་སྐྱ་སེར་ལྔ་བརྒྱ་བསད་། དེ་སྐབས་ཧོར་དམག་འདམ་དུ་སླེབས་པའི་འུར་བྱུང་བས་འབྲི་གུང་ཁུང་ཐེལ་གྱི་དགེ་འདུན་རྣམས་ཀྱང་འབྲོས་པར་བརྩམས་པའི་ཚེ་མི་འཇིགས་པའི་གསུང་གིས་དབུགས་ཕྱུང་ནས་གཞུགས་། དེ་ཡང་ཐོག་མར་ཧོར་གྱི་དམག་དཔོན་མི་ལི་བྱི་བྱུང་བ་། སྐུ་མཐོང་བ་ཙམ་གྱིས་དད་པ་སྐྱེས་ནས་ཕ་དང་བུའི་འདུ་ཤེས་བྱུང་ནས་ཕྱིས་འབུལ་བ་སྐྱེལ་བར་ཁས་བླངས་ཏེ་། མི་ཕྱུགས་གང་ལ་ཡང་གནོད་པ་མེད་པར་ཕྱིར་ལོག་། དེ་ནས་ཞག་ཉི་ཤུ་རྩ་བརྒྱད་ན་དོར་རྟས་དམག་དཔོན་བྱས་ནས་དམག་སླེབས་བྱུང་བ་ཡང་འདི་ཉིད་ཀྱིས་ཐབས་མཁས་ལ་བརྟེན་པས་ཞི་བ་ཆེན་པོར་གྱུར་ཏེ་དམག་རྣམས་ཚོང་པ་འགྲིམ་པ་པས་ཀྱང་འཇམ་ཞིང་ཁུ་ཅོ་མེད་པར་ལོག་དེ་ཕྱིན་ཆད་སྟབས་ཉེས་རེ་ཙམ་མ་གཏོགས་མི་བསད་པ་དང་ལྷ་ཁང་བསྲེགས་པ་སོགས་ཆེར་མ་བྱུང་། བོད་ཁམས་སྤྱི་ལ་བཀའ་དྲིན་གྱིས་ཁྱབ་པར་མཛད་། དེ་བཞིན་འབྲི་ཁུང་གི་སྡེ་ཡང་ཆེར་འཕེལ་ནས་ཁྲི་ཚོ་བཅོ་བརྒྱད་དུ་གྲགས་པ་ཡང་དུས་དེར་བྱུང་། རིན་པོ་ཆེ་ལས་བསྒྲུབས་པའི་སྒོ་མངས་གཉིས་ཀྱང་བཞེངས་། རྒྱ་གར་དང་བོད་ཀྱི་ལྷ་གདོང་པ་ལ་སོགས་པའི་དམ་པ་ཐམས་ཅད་ཀྱང་ཆོས་ཀྱིས་ཚིམ་པར་མཛད་། མཐར་དགུང་ལོ་གྱ་གཅིག་པ་རབ་བྱུང་བཞི་པའི་ཤིང་ཡོས་(༡༢༥༥)ལོར་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ་སྐུ་གཤེགས་། གདུང་བཞུ་བས་རིང་བསྲེལ་དཔག་ཏུ་མེད་པའང་བྱོན་། བུ་སློབ་རྣམས་ཀྱིས་ཀྱང་དགོངས་པ་རྫོགས་པའི་ཕྱིར་སྒོ་མངས་ཁྱད་པར་ཅན་ཞིག་ཀྱང་བཞེངས་། ཕྱིན་ཆད་ཀྱང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཏོ་། བུ་སློབ་ཀྱང་རྒྱལ་བ་རིན་པོ་ཆེ་། གཅུང་རིན་པོ་ཆེ་། རྒྱལ་བ་ཡང་དགོན་པ་། རྒྱལ་སྲས་ཐོག་ཁ་བ་། རིན་པོ་ཆེ་གྲགས་བསོད་། རིན་པོ་ཆེ་གཏེར་རྒྱབ་པ་། སྤྱན་སྔ་སྒོ་མངས་པ་། སྙེ་མདོ་ཐམས་ཅད་མཁྱེན་པ་ལ་སོགས་པ་མང་དུ་བྱོན་ནོ་། ལོ་རྒྱུས་རྒྱས་པ་(ལྷོ་རོང་ཆོས་འབྱུང་)ཤོག་གྲངས་༢༩༠པའི་ནང་ཤོག་གྲངས་འགའ་ཞིག་དང་《དེབ་ཐེར་སྔོན་པོ་》ལེ་ཚན་(ཉ)པའི་ཤོག་གྲངས་༧༤ནས་༧༧བར་གསལ་།།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།