སྤྱན་ལྔ་
མཐོང་རིས་
ཤའི་སྤྱན་དང་། ལྷའི་སྤྱན་། ཤེས་རབ་ཀྱི་སྤྱན་། ཆོས་ཀྱི་སྤྱན་། སངས་རྒྱས་སམ་ཡེ་ཤེས་ཀྱི་སྤྱན་ཏེ་ལྔ་། དེ་དག་རིམ་བཞིན་དུ་། ༡་ཤའི་སྤྱན་རྒྱལ་ཆེན་བཞི་ལ་ཡོད་དོ་། རྒྱུ་གང་ལས་བྱུང་ན་ཟག་བཅས་ཀྱི་དགེ་བ་ལས་བྱུང་། དངོས་པོ་གཅིག་གིས་གཅིག་ལ་སྒྲིབ་པར་གཟིགས་། ༢་ལྷའི་སྤྱན་ནི་སུམ་ཅུ་རྩ་གསུམ་གྱི་ལྟ་བ་ཡོད་དོ་། ཟག་བཅས་ཀྱི་དགེ་བ་ལས་བྱུང་། སྣོད་དུས་གཅིག་ལ་གཟིགས་། ༣་ཆོས་ཀྱི་སྤྱན་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཡོད་དོ་། དམིགས་མེད་ཀྱི་དགེ་བ་ལས་བྱུང་། ཆོས་སོ་ཅོག་ཀུན་སྒྱུ་མར་གཟིགས་། ༤་སངས་རྒྱས་ཀྱི་སྤྱན་ནི་སངས་རྒྱས་ལ་ཡོད་དོ་། ལྟ་བ་སྒོམ་ལས་བྱུང་། ཡུལ་ཀུན་སྐུ་དང་ཡེ་ཤེས་སུ་གཟིགས་། ༥་ཤེས་རབ་ཀྱི་སྤྱན་ནི་རྟོགས་པ་དང་ལྡན་པ་ལ་ཡོད་དོ་། བླ་མའི་དྲིན་ལས་བྱུང་། ཡུལ་རྣམས་སྟོང་པར་གཟིགས་སོ།།།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།