སྣེ་མོ་དགོན
མཚན་རྒྱས་པར་སྣེ་མོ་ཇོ་གདན་དགོན་ཞེས་ཞུ། ན་མོ་ཐུབ་པ་ལྷ་ཁང་ནས་སྤྱི་ལེ་བཅུ་ཙམ་སོང་ན་སྣེ་མོ་གྲོང་དུ་འབྱོར་ཞིང་གྲོང་དེའི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་ཇོ་བོ་རྗེའི་སློབ་མ་ཇོ་གདན་བཟོད་པ་རྒྱ་མཚོས་སྤྱི་ལོ་༡༡༤༨ལོར་ཕྱག་འདེབས་གནང་མཛད། ཐོག་མར་ས་སྐྱ་ངོར་ལུགས་ཕྱག་བཞེད་མཛད་པ་ལ་རྗེས་སུ་དགེ་ལྡན་ཕྱག་བཞེད་མཛད་པར་གྱུར། སྔོན་འདུ་ཁང་ཀ་བ་དྲུག་གི་ནང་གཙོ་བོ་འབུམ་ནག་ཟིལ་པ་ཅན་ཞེས་གསེར་དངུལ་འདྲེས་མས་བྲིས་པ་དང་། ཤྭ་བ་དགོན་པའི་རྒྱ་གར་ཆུ་མིག་ཅེས་པ་ནས་འབུམ་ཚར་གསུམ་བཏོན་གནང་མཛད་པ་ལ་གཅིག་རྭ་སྒྲེང་དགོན་དང་། གཅིག་པོ་ཏོ་དགོན། གཅིག་དགོན་དེར་བཞུགས་ཞེས་གསུངས་པ་དེ་དང་། རྒྱལ་བ་བྱམས་པ་ཐོག་ཚད་མ་དང་འབྲེལ་བའི་དུས་གསུམ་སངས་རྒྱས། ཇོ་གདན་བཟོད་པ་རྒྱ་མཚོའི་གདུང་རྟེན་ཤོག་འདམ་ལ་གྲང་གསེར་བྱུག་པ་དང་། མཚལ་གྱི་དྲ་ཕྱེད་བཀོད་པ་ཐོག་སོ་གཅིག་མ་ཟིན་ཙམ་དང་། དགེ་འདུན་སུམ་ཅུ་སྐོར་གྱིས་ས་དགེ་གཉིས་ཀ་ཕྱག་བཞེད་མཛད་པ་རེད། དགོན་དེའི་རྡོ་གཅལ་དུ་ཇོ་བོ་རྗེའི་འབྲལ་མེད་མཆོད་རྟེན་ཞེས་བཀའ་གདམས་ལུགས་ཀྱི་མཆོད་རྟེན་ཐོག་སོ་ལྔ་ཙམ་ཞིག་གི་ཁྲིས་སུ་ཤུག་སྡོང་ཆེན་པོ་ཞིག་བཅས་ཡོད། ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་རྒྱལ་བ་བྱམས་པའི་སྐུ་བརྙན་དང་ཇོ་གདན་བཟོད་པ་རྒྱ་ཚོའི་སྐུ་ཤ་ཚལ་བུ་བཞུགས་པའི་འཇིམ་གྱི་མཆོད་རྟེན་སྔོན་གྱི་དེའི་ཚད་དང་། མགོན་ཁང་ནང་སྨན་འདམ་གྱི་མགོན་པོ་གུར་དང་། མགོན་པོ་ཕྱག་དྲུག་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།