Jump to content

སྣར་ཐང་མཁས་པ་མཆིམས་ནམ། མཆིམས་འཇམ། མཆིམས་བློ་གསུམ་

ཡོང་ཁུངས་Wikipedia

མཆིམས་ནམ་མཁའ་གྲགས།

ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་སྙིང་པོ་བསྡུས་པ་མཛད་པ་པོ་མཆིམས་ནམ་མཁའ་གྲགས་ནི། རབ་བྱུང་བཞི་པའི་ལྕགས་རྟ་ལོ་ཕྱི་ལོ་༡༢༡༠ལོར་དབུས་གཙང་ཡུལ་གྱི་སྙིང་པོ་མྱང་སྟོད་རྒྱ་གར་གླིང་ཆུང་ཞེས་གྲགས་པ་དེའི་བྱེ་བྲག་སྟག་ཚལ་དྷའུ་སེར་(གཞན་དུ་སྨོན་འགྲོའི་ཁའུར་ཟེར་བ་ཡོད།)ཞེས་པར་སྔོན་རྒྱལ་བློན་མངའ་དར་གྱི་དུས་ཀྱི་ཞང་བློན་ཆེན་པོའི་རིགས་ཅན་གྱི་གདུང་རྒྱུད་མཆིམས་ཞེས་པར(གཞན་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་མཆིམས་རྡོ་རྗེ་སྤྲེལ་ཆུང་གི་རྒྱུད་དུ་འཁྲུངས་ཟེར་ཡོད།)། ཡབ་དཔོན་དར་མགོན་དང་། ཡུམ་སྲུ་མོ་ལྷ་ས་བགྱི་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་བཞེས་དུས་ཁུ་བོ་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་བློ་གྲོས་བསྟན་པའི་དྲུང་ནས་ཆོས་མངོན་པ་མཛོད་སོགས་ལ་སློབ་གཉེར་མཛད། དེ་ཡང་མཆིམས་ཐམས་ཅད་མཁྱེན་པ་བློ་གྲོས་བསྟན་པའི་མདུན་ནས་ལོ་ངོ་བདུན་གྱི་རིང་ལ་མཛོད་རྩ་ཚར་ཉེར་གསུམ་དང་། འགྲེལ་པ་ཚར་གཉིས་གསན། གཞན་ཡང་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་མཛད་པའི་རྣམ་ཐར་ལས། དོན་དེ་ལ་བླ་མ་ཉིད་ཀྱིས། ཁོ་བོས་ཚུལ་བཞིན་བསྟེན་པའི་བླ་མ་ནི། །ཤེས་རབ་མཚན་དང་ལྡན་པའི་བླ་མ་བདུན། །གྲགས་པའི་མཐའ་ཅན་བླ་མ་རྣམ་གསུམ་དང་། །སེང་གེ་མཚན་ལྡན་བླ་མ་རྣམ་པ་གསུམ། །ནམ་མཁའ་རྣམ་གཉིས་བློ་གྲོས་རྣམ་པ་གསུམ། །ཚུལ་ཁྲིམས་བརྩོན་འགྲུས་བླ་མ་བཟང་པོ་དང་། །ཡོན་ཏན་བརྩེ་བའི་མཚན་ལྡན་བླ་མ་སྟེ། །སྐྱབས་གསུམ་རྩ་བ་བླ་མ་ཉི་ཤུ་གསུམ། །ཞེས་བྱུང་བ་ལྟར་རིས་སུ་མ་ཆད་པའི་སྐྱེས་ཆེན་ཉི་ཤུ་རྩ་གསུམ་ཙམ་བསྟེན་ནས་ཆོས་ཚུལ་གྲངས་ཀྱིས་མི་ལོང་པ་ཞུས། དགུང་གྲངས་བཅུ་དྲུག་པར་ཁུ་བོ་མཆིམས་ཐམས་ཅད་མཁྱེན་པ་བློ་གྲོས་བསྟན་པར་མཁན་པོ་ཞུས་པ་སོགས་ཀྱིས་རབ་ཏུ་བྱུང་། ཉི་ཤུ་པར་ཁུ་བོ་མཆིམས་ཐམས་ཅད་མཁྱེན་པ་བློ་གྲོས་བསྟན་པས་གསང་སྟོན་པ་མཛད་པ་སོགས་ཀྱིས་བསྙེན་པར་རྫོགས།

དགུང་གྲངས་ཞེ་གཅིག་པ་ལྕགས་ཁྱི་ཕྱི་ལོ་༡༢༥༠ལོར་སྣར་ཐང་གི་གདན་ཁྲིར་ཕེབས། གདན་རབས་བདུན་པ་ཡིན། སྣ་ཐང་ཆོས་སྡེ་ལོ་ངོ་སོ་དྲུག་ལ་བསྐྱངས།

རང་གི་སློབ་བུ་མཅོམ་ལྡན་རིག་རལ་སོགས་ཀྱིས་བཞེངས་བསྐྲུན་གནང་བའི་སྣར་ཐང་བཀའ་འགྱུར་གྱི་འདུལ་བ་ལུང་བཞིའི་མ་ཕྱི་སྡུ་རུབ་དང་། བསྟན་འགྱུར་ལ་ཆོས་ཚན་དཔེ་སྡུ་ཀྱི་མཐུན་རྐྱེན་བྱུང་བ་སོགས་ཀྱི་མཛད་རྗེས་ཆེ། དགུང་ལོ་དོན་དྲུག་པ་རབ་བྱུང་ལྔ་པའི་ཤིང་བྱ་ཕྱི་ལོ་༡༢༨༥ལོའི་ས་ག་ཟླ་བའི་ཚེས་བཅུ་བཞི་ཉིན་སྐུ་གཤེགས། སློབ་བུ་གྲགས་ཆེན་ལ་བཅོམ་ལྡན་རིག་རལ་སོགས་བྱུང་ཡོད།

མཆིམས་འཇམ་དཔལ་དབྱངས།

ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་མཛད་པ་པོ་མཆིམས་འཇམ་དཔལ་དབྱངས་ནི། སྣར་ཐང་གི་མཁས་པ་བཅོམ་ལྡན་རིག་རལ་དང་མཆིམས་ཐམས་ཅད་མཁྱེན་པ་སོགས་ཀྱི་སློབ་མ་དང་ཆོས་མངོན་རྒྱ་མཚོ་ཕ་རོལ་ཏུ་ཕྱིན་པ་ཞིག་ཡིན། མཚན་ལ་འཇམ་གག་པཀྵི་འམ་མཆིམས་འཇམ་དཔལ་དབྱངས་ཞེས་བྱ།

ཉིན་ཞིག་རང་གི་བླ་མ་བཅོམ་རལ་ལ་འདྲེ་རྫུ་བྱས་ནས་འཇིགས་སྣང་བསྐུལ་བའི་རྐྱེན་གྱིས། བཀའ་བཀྱོན་གྱིས་དྲུང་དུ་འདུག་དབང་མ་བྱུང་བས་ས་སྐྱར་བཞུགས།

འགྲོ་མགོན་ཆོས་འཕགས་ཡོན་རྒྱལ་རབས་ཀྱི་མི་རབས་དང་པོ་ཧུ་པེ་ལི་སེ་ཆེན་ཧན་勿必烈གྱིས་ཐེང་གཉིས་པར་གདན་དྲངས་དུས་ཕྱག་ཕྱིར་རྒྱ་ནག་ཏུ་ལན་གཅིག་བྱོན། སླར་ཡང་ཡོན་རྒྱལ་རབས་ཀྱི་མི་རབས་བཞི་པ་༡༣༡༢ནས་༡༣༢༠བར་གྱི་རྒྱལ་པོ་ཕུག་ཡན་ཏུའམ་普颜笃མིང་གཞན་རེན་ཙུང་ཨེར་ཡུས་ལི་ཏ་པ་ཏར་仁宗爱育黎拨力八达ཟེར་བའི་མཆོད་གནས་སུ་ཐེང་གཉིས་པ་བྱོན།

རྒྱ་ནག་སོགས་སུ་བཞུགས་རིང་ལ་རང་གི་སློབ་བུ་དབུས་པ་བློ་གསལ་སོགས་ལ་བཀའ་བསྟན་འགྱུར་བཞེངས་བསྐྲུན་དགོས་པའི་རེ་བསྐུལ་དང་བཅས་རྒྱ་སོག་གི་ཡུལ་ནས་ཡོ་བྱད་ཚན་ཆེན་བསྐུར་ནས་སྣར་ཐང་གི་བཀའ་བསྟན་འགྱུར་གྱི་གླེགས་བམ་བཞེངས་སའི་མཐུན་རྐྱེན་བསྐྲུན། ཁྱད་པར་དུ་རྒྱ་ཡི་སྣག་ཚ་བཟང་པོ་སྒམ་ཆུང་གང་ཕུལ་བས་བླ་མ་བཅོམ་རལ་ཡང་ཐུགས་མཉེས་པ་སོགས་བྱུང་།

མཛོད་འགྲེལ་མངོན་པའི་རྒྱན་ནི་མཛད་བྱང་ལ་བལྟས་ན། ས་སྐྱ་ནས་དབུང་བརྩམས་ཏེ་རྒྱ་ཡུལ་དུ་རྒྱལ་ས་བཙུགས་ཡོད་པའི་སོག་པོ་ཡོན་རྒྱལ་པོའི་ཕོ་བྲང་ཅོང་ཏུའི་མཁར་ཞེས་པར་མཇུག་གྲུབ་ཡོད་པ་གསུངས། ཅོག་ཏུ་མཁར་ནི་དེང་སང་པེ་ཅིང་ཞེས་པ་དེ་ཡིན། དེ་ཡང་སོག་པོ་ཡོན་རྒྱལ་རབས་དང་པོ་ཀུབ་ལའི་ཁཱང་ངམ་ཧུ་པེ་ལི་སེ་ཆེན་ཧན་勿必烈གྱི་དུས་ནས་རྒྱ་ས་པེ་ཅིང་ལ་སྤོས་ནས་ཡོན་རྒྱལ་རབས་བཅུ་གསུམ་པ་ཐོ་ཀན་ཐེ་མུར་ཟེར་བས་རྒྱལ་ས་མ་ཤོར་གྱི་བར་པེ་ཅིང་དུ་གནས་ཡོད་པ། ཧོར་ཆོས་འབྱུང་སོགས་སུ་བལྟ་ན་ཤེས། འཁྲུངས་འདས་སྐོར་གྱི་དུས་ཚིགས་གསལ་བའི་དཔེ་ཆ་ཞིག་མེད་ནའང་ཕལ་ཆེར་དུས་རབས་བཅུ་གསུམ་པའི་མཇུག་ཙམ་ནས་བཅུ་བཞི་པའི་ནང་བར་བྱུང་བ་ཞིག་ཡིན་ནམ་སྙམ།

མཆིམས་སྟོན་བློ་བཟང་གྲགས་པའི་དཔལ།

ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་མཛད་པ་པོ་མཆིམས་སྟོན་བློ་བཟང་གྲགས་པའི་དཔལ་ནི། རབ་བྱུང་ལྔ་པའི་ས་ཕག་ཕྱི་ལོ་༡༢༩༩ལོར་མྱང་སྟོད་སྨོན་འགྲོའི་ཁ་འུར་འཁྲུངས། འདུལ་འཛིན་གྲགས་པ་བརྩོན་འགྲུས་སོགས་ལ་བསྟེན་ནས་བཀའ་གདམས་པའི་གདམས་ངག་མ་ལུས་པ་ཐུགས་སུ་ཆུད་པ་མཛད། རབ་བྱུང་དྲུག་པའི་མེ་གླང་ཕྱི་ལོ་༡༣༣༧ལོར་སྣར་ཐང་གི་གདན་སར་བྱོན། གདན་རབས་བཅུ་གཉིས་པ་ཡིན། གདན་ས་ལོ་སོ་དགུའི་རིང་བསྐྱངས། འཆད་རྩོད་རྩོམ་པའི་ལམ་ནས་བཀའ་གདམས་ཀྱི་བསྟན་པ་སྤེལ། རབ་བྱུང་དྲུག་པའི་ཤིང་ཡོས་ཕྱི་ལོ་༡༣༧༥ལོར་སྐུ་གཤེགས། གདུང་རྟེན་ལ་བཀྲ་ཤིས་སྒོ་མང་ཆེན་པོ་ཟེར་བ་ཞིག་ཡོད་པ་འདྲ།

དུང་དཀར་ཚིག་མཛོད་སོགས་ཀྱི་ནོར་བ་ངོ་སྤྲོད།

དུང་དཀར་ཚིག་མཛོད་ལས། མཆིམས་ནམ་མཁའ་གྲགས།(མཆིམས་འཇམ་དཔལ་དབྱངས།)བཅོམ་ལྡན་རལ་གྲིའི་སློབ་མ་ཡིན། ཞེས་མཆིམས་ནམ་མཁའ་གྲགས་ནི་མཆིམས་འཇམ་དཔལ་དབྱངས་ཡིན་པ་བཤད་ཅིང་། རྒན་ཐུབ་བསྟན་ཕུན་ཚོགས་ཀྱི་ཚིག་གཏེར་རྒྱ་མཚོ་སོགས་སུའང་དེ་ལྟར་བྱུང་བ་ནི་ནོར་བ་རྒྱུན་འབྱམས་ཀྱི་དོན་ཞིག་ཡིན། རྒྱུ་མཚན་ནི་སྣར་ཐང་པ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་མཛད་པའི་མཆིམས་ནམ་མཁའ་གྲགས་པའི་རྣམ་ཐར་སོགས་ན། མཆིམས་ནམ་ནི་སྐུ་ཚེ་གང་པོར་བོད་ཡུལ་སྣར་ཐང་དགོན་པ་སོགས་སུ་བཞུགས་ཡོད་པ་ལས། རྒྱ་ཡུལ་དུ་སོག་པོ་ཡོན་རྒྱལ་པོའི་བླ་མཆོད་དུ་སོང་ཚུལ་མི་གསལ་བ་དང་། མཆིམས་འཇམ་ནི་སོག་པོ་ཡོན་རྒྱལ་པོའི་མཆོད་གནས་སུ་སོག་པོ་རྒྱལ་པོ་སྔ་ཕྱི་གཉིས་ཀྱིས་རྒྱ་ཡུལ་དུ་ཐེང་གཉིས་གདན་འདྲེན་ཞུས་པ་ལྟར་བྱོན་མྱོང་བ་སོགས་ཀྱིས་གོ་ནུས། ཞིབ་གསལ་ནི་གོང་གི་སོ་སོའི་ངོ་སྤྲོད་དང་། མཆིམས་ནམ་ཀྱི་རྣམ་ཐར། ཧོར་ཆོས་འབྱུང་སོགས་ལ་བལྟས་ན་ཤེས།

གཞན་ཡང་མཆིམས་ཐམས་ཅད་མཁྱེན་པ་ཞེས་པ་དེ་ཡང་སྣར་ཐང་པ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་མཛད་པའི་མཆིམས་ནམ་གྱི་རྣམ་ཐར་ལས། ཁུ་བོ་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་བློ་གྲོས་བསྟན་པའི་ཞབས་དྲུང་དུ་ཆོས་མངོན་པ་མཛོད་ལ་སློབ་གཉེར་མཛད་ཅིང་། གསུང་ཇི་ལྟ་བ་བཞིན་སྦྱོར་བ་ལག་ལེན་ལ་བསྒྲུབས་པ་གདའ་སྟེ། ཞེས་མཆིམས་ནམ་གྱི་ཁུ་བོ་མཆིམས་བློ་གྲོས་བསྟན་པ་ཞེས་པར་འབོད་སྲོལ་ཡོད་འདུག་པས། མཆིམས་ནམ་དང་། མཆིམས་འཇམ། མཆིམས་བློ་བཟང་གྲགས་གསུམ་པོ་གང་རུང་ལ་གོ་དགོས་མིན་ཡང་ངེས་བརྟན་མེད་པ་འདྲའོ། །