སྣ་ཚོགས་འདུ་ཤེས་
སྣ་ཚོགས་འདུ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་དང་སྦྱིན་པ་སོགས་ཀྱི་སྤྱོད་པ་ལ་གེགས་བྱེད་པའི་རྣམ་རྟོག་གི་རིགས་ཤིག་ཡིན། འདུ་ཤེས་འདི་ནི་ཆོས་དང་གང་ཟག་ལ་རང་བཞིན་གྱིས་གྲུབ་པར་ཞེན་ནས་ཐ་དད་དུ་འཇོག་པའི་བློ་ཡིན་ལ། གཙོ་བོར་ཚུལ་ཁྲིམས་ཀྱི་སྤྱོད་པ་ལ་ཞུགས་པའི་སྐབས་སུ་འཆར་བ་ཡིན།
མཚན་ཉིད།
[རྩོམ་སྒྲིག]སྐྱེས་བུ་རྫས་སུ་ཡོད་པ་དང་བཏགས་ཡོད་དུ་འདུ་ཤེས་པའི་སྟོབས་ཀྱིས་བྲལ་བ་ཡིན་ཏེ། "བྱང་ཆུབ་སེམས་དཔའ་གང་གིས་བསྟན་མ་ཐག་པའི་ཆོས་དེ་ལྟ་བུ་ཤེས་པ་དེ་ལ་སྣ་ཚོགས་པའི་འདུ་ཤེས་ནི་སྐྱེས་བུ་རྫས་དང་བཏགས་པར་ཡོད་པའི་འདུ་ཤེས་མོས་པ་ཡིད་ལ་བྱེད་པའི་སྟོབས་ཀྱིས་བྲལ་བ་སྟེ།"[༡] ཞེས་གསུངས།
ངེས་ཚིག
[རྩོམ་སྒྲིག]སྣ་ཚོགས་འདུ་ཤེས་དང་བྲལ་བ་ནི། རྫས་སུ་ཡོད་པའི་རང་བཞིན་དུ་འཛིན་པའི་རྣམ་རྟོག་གིས་སྒྲོ་བཏགས་པའི་ཆོས་རྣམས་སྒྱུ་མ་འཁྲུལ་པ་ཙམ་དང་མཚུངས་པར་ཤེས་པ་ལ་ཟེར།
ནང་དོན།
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའ་ལ་སྣ་ཚོགས་འདུ་ཤེས་ཀྱིས་གནོད་པ། བྱང་ཆུབ་སེམས་དཔའ་ཞིག་གིས་སེམས་ཅན་རྣམས་ལ་ལྟ་སྐབས། "གལ་ཏེ་བྱང་ཆུབ་སེམས་དཔའ་རྒྱལ་བའི་ལམ་ལ་སྤྱོད་པས་ནི་སེམས་ཅན་འདི་དག་ནི་ཚུལ་ཁྲིམས་དང་ལྡན་པའོ། །སེམས་ཅན་འདི་དག་ནི་ཚུལ་ཁྲིམས་འཆལ་བའོ་ཞེས་སྣ་ཚོགས་པའི་བདེན་ཞེན་གྱི་འདུ་ཤེས་ཞུགས་པར་གྱུར་ན་དེའི་ཚེ་རང་ཉིད་བྱང་སེམས་ཀྱི་ཚུལ་ཁྲིམས་འཆལ་ལ། ཚུལ་ཁྲིམས་ཉམས་ཤིང་བྱང་སེམས་དེ་ལ་ཡོངས་སུ་དག་པའི་བྱང་སེམས་ཀྱི་ཚུལ་ཁྲིམས་མེད་དོ། །"[༢]ཞེས་གསུངས། བྱང་ཆུབ་སེམས་དཔས་སེམས་ཅན་འདི་ཚུལ་ཁྲིམས་ལེགས། འདི་ཚུལ་ཁྲིམས་ཉམས་ཞེས་བརྡ་ལ་དོན་དུ་བདེན་པར་ཞེན་པ་ཤོར་ན། རང་ཉིད་ཀྱི་བྱང་སེམས་ཀྱི་ཚུལ་ཁྲིམས་ཉམས་པ་ཡིན། ཅིའི་ཕྱིར་ཞེ་ན། འདུ་ཤེས་སྣ་ཚོགས་པོ་དེ་ཉིད་ཀྱིས་དག་པའི་ཚུལ་ཁྲིམས་ལ་དྲི་མ་སྦྱར་བའི་ཕྱིར། སྣ་ཚོགས་འདུ་ཤེས་ཇི་ལྟར་སྐྱེ་བ། འདི་ནི་ཡོད་པ་མེད་པ། རྟག་པ་ཆད་པ་ལ་སོགས་པ་ཐ་དད་ཐ་དད་དུ་མཐོང་ནས། དེ་རྣམས་ལ་བདེན་པར་ཞེན་པ་ལས་འབྱུང་བ་ཡིན་ཏེ། "ཡོད་མེད་དང་རྟག་ཆད་ལ་སོགས་པ་སྣ་ཚོགས་པ་སྣང་བ་དང་བདེན་པར་འཛིན་པའི་འདུ་ཤེས་དང་བྲལ་ཞིང་།"[༣] ཞེས་གསུངས་པས་ཆོས་རྣམས་ལ་ཡོད་པ་མེད་པ། རྟག་པ་ཆད་པ་སིམ་ལེ་བས་ཐ་དད་པར་སྣང་ནས། དེ་རྣམས་ལ་ངོ་མ་བདེན་པར་ཞེན་པའི་འདུ་ཤེས་དང་བྲལ་དགོས་པ་ཡིན། སྣ་ཚོགས་འདུ་ཤེས་དང་ཇི་ལྟར་བྲལ་དགོས་པ། གལ་ཏེ་གང་ཞིག་ལ་བདག་ཏུ་འདུ་ཤེས་པ་དང་སེམས་ཅན་དུ་བདེན་པར་འདུ་ཤེས་པ་མེད་ན། དེ་ལ་ནི་ཐ་དད་པར་འཛིན་པའི་ཞེན་ཆགས་ཀྱང་མེད། དེས་ན་ཚུལ་ཁྲིམས་འཆལ་བའི་རྒྱུ་ཡང་མེད་པས་སྡོམ་པ་ཉམས་པ་ཞེས་བྱ་བ་ག་ལ་ཡོད། "གང་ལ་རྟག་པ་དང་བདག་ཏུ་འདུ་ཤེས་པ་དང་སེམས་ཅན་དུ་བདེན་པའི་འདུ་ཤེས་མེད་པས་ཐ་དད་བདེན་པའི་འདུ་ཤེས་ཀྱི་འདོད་ཆགས་དང་བྲལ་བ་དེ་ལ་འཆལ་བའི་རྒྱུ་ཟད་པས་སྡོམ་པ་མེད་ཅེས་བྱ་བ་ག་ལ་ཡོད་དེ་མེད་དོ། །"[༤]ཞེས་གང་ཞིག་ལ་རྟག་པར་འདུ་ཤེས་པ་དང་བདག་ཏུ་འདུ་ཤེས་པ། སེམས་ཅན་དུ་བདེན་པར་འདུ་ཤེས་པ་མེད་ན། དེ་ལ་ཐ་དད་པར་འཛིན་པའི་འདོད་ཆགས་མེད། དེས་ན་ཚུལ་ཁྲིམས་འཆལ་བའི་རྒྱུ་ཟད། དེ་ལ་སྡོམ་པ་ཉམས་ཞེས་བརྗོད་ས་མེད།
དབྱེ་བ།
[རྩོམ་སྒྲིག]ཆོས་ལ་དམིགས་པའི་སྣ་ཚོགས་འདུ་ཤེས། འདི་ནི་ཕུང་པོ་སོགས་ཆོས་རྣམས་ལ་བདེན་པར་སྣང་ཡང་སྒྱུ་མ་ལྟ་བུ་ཡིན་པ་ཤེས་ཤིང་། སྒྱུ་མ་དང་ཕུང་པོ་གཉིས་ལ་བདེན་ཆེ་ཆུང་གི་ཁྱད་པར་མེད་པར་ཤེས་ནས། འཛིན་པ་པོ་དང་འཛིན་བྱེད་དུ་ཞེན་པ་སྣ་ཚོགས་པའི་འདུ་ཤེས་དང་བྲལ་བ་ལ་ཟེར་ཏེ། "བྱང་ཆུབ་སེམས་དཔའ་གང་ཕུང་པོ་ལྔ་པོ་འདི་དག་དང་། སྐྱེས་བུ་དང་དེའི་བློ་ལ་སོགས་པ་རྣམས་ནི་བདེན་པར་སྣང་ཡང་བདེན་པར་མ་གྲུབ་པ་སྒྱུ་མ་དང་འདྲ་བར་ཤེས་ཤིང་། སྐྱེས་བུ་སྒྱུ་མ་ལྟ་བུ་དང་ཕུང་པོ་ཡང་ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་པས་དེ་དག་གི་བདེན་སྟོང་དང་དེ་གཉིས་ངོ་བོ་ཐ་དད་པའི་གཞན་དང་གཞན་དུ་མི་བྱེད་དེ། དེ་ལྟ་བུའི་ཆོས་ལ་འཛིན་པ་པོ་དང་འཛིན་བྱེད་དུ་ཞེན་པ་སྣ་ཚོགས་པའི་འདུ་ཤེས་དང་བྲལ་ཞིང་ཉེ་བར་ཞི་བ་ལ་སྤྱོད་པ་འདི་ནི། ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །"[༥]ཞེས་བྱང་སེམས་ཀྱིས་ཕུང་པོ་དང་སྐྱེས་བུ་སོགས་བདེན་པར་སྣང་ཡང་། སྒྱུ་མ་བཞིན་བདེན་པར་མ་གྲུབ་པ་ཤེས། སྒྱུ་མ་དང་ཕུང་པོ་གཉིས་ལ་བདེན་པ་ཆེ་ཆུང་གི་ཁྱད་པར་མེད་པར་མཐོང་། དེ་བཞིན་དུ་འཛིན་པ་པོ་དང་འཛིན་བྱེད་སོགས་ལ་སྣ་ཚོགས་པར་ཞེན་པའི་འདུ་ཤེས་དང་བྲལ་ནས་ཞི་བ་ལ་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན། གང་ཟག་ལ་དམིགས་པའི་སྣ་ཚོགས་འདུ་ཤེས། འདི་ནི་སེམས་ཅན་གྱི་ཁམས་མང་པོ་ལ་བདག་དང་བདག་གི་བར་ཞེན་པ་གཅོད་པའི་སེམས་བསྐྱེད་དང་ལྡན་པ་ལ་ཟེར། "སེམས་ཅན་གྱི་སྡེ་ཆེན་པོ་དང་ཁམས་དང་སྐྱེ་མཆེད་ཅན་ལ་སོགས་པ་རྣམས་མང་པོའི་མཆོག་ཏུ་གྱུར་པ་སེམས་བསྐྱེད་རྣམ་པ་གཉིས་དང་ལྡན་པ་དང་། སེམས་ཅན་གྱི་ཁམས་ཀྱི་ལྟ་བའི་རྣམ་པ་ཆེན་པོ་བདག་དང་བདག་གི་བར་ཞེན་པ་དེ་གཅོད་པ་སྟེ།"[༦] ཞེས་པ་ལྟར་སེམས་ཅན་གྱི་ཁམས་མང་པོ་མཆོག་ཏུ་གྱུར་པའི་སེམས་བསྐྱེད་གཉིས་ཏེ། ཞི་བ་དང་རྒྱས་པའི་སེམས་བསྐྱེད་དང་ལྡན་ཞིང་། སེམས་ཅན་གྱི་ཁམས་ལ་ལྟ་བའི་རྣམ་པ་ཆེན་པོ་ནི་བདག་དང་བདག་གིར་ཞེན་པ་དེ་གཅོད་པ་ཡིན།
རྩོད་སྤོང་།
[རྩོམ་སྒྲིག]སྣ་ཚོགས་འདུ་ཤེས་དང་བྲལ་ན་སྤྱོད་པ་ཇི་ལྟར་ཡོད་པའི་རྩོད་པ། བྱིས་པ་རྣམས་ཀྱིས། ཆོས་ཐམས་ཅད་རང་བཞིན་མེད་ཅེས་ཟེར་ན། དེ་ནས་ཡོད་པའི་མཐར་ཞུགས་སམ་མེད་པའི་མཐར་ཞུགས། གཞན་ཡང་འདི་འདྲའི་མཐར་ཞུགས་པ་རྣམས་ལས་ཅི་ཞིག་ཐ་དད་ཅེ་ན། ཞེས་རྩོད་དེ། "བྱིས་པ་མིང་དང་མཚན་མ་ལ་ཆགས་པ་རྣམས་ཀྱིས་དོན་དེ་བརྟགས་ཤིང་དཔྱད་ནས། ཡང་ན་ཡོད་པ་སྒྲོ་འདོགས་ཀྱི་མཐའ་དང་། ཡང་ན་མེད་པ་སྐུར་འདེབས་ཀྱི་མཐའ་གང་རུང་ཞིག་ཏུ་འཛིན་པར་བྱེད་ཀྱི་མཐའ་དང་བྲལ་བའི་གནས་ལུགས་ཁོང་དུ་ཆུད་པར་མི་ནུས་སོ། །"[༧]ཞེས་གསུངས། སྣ་ཚོགས་འདུ་ཤེས་དང་བྲལ་བའི་ལན། ཡང་དག་པའི་དོན་ལ་ནི་ཡོད་པ་དང་མེད་པ་གཉིས་ཀ་ཡང་དམིགས་སུ་མེད། འདི་ནི་བྱིས་པས་རྟོག་པ་བཏགས་པའི་སྤྲོས་པ་མ་ལུས་པ་དང་བྲལ་བའི་ཟུང་འཇུག་གི་དོན་ཡིན་ཏེ། "ཡང་དག་པའི་དོན་ལ་ཡོད་པ་དང་མེད་པ་ཞེས་བྱ་བ་འདི་གཉིས་ཆར་ཡང་མགོ་མཉམ་པར་དམིགས་སུ་མེད་པའི་ཆོས་ཡིན་ཏེ། ཡོད་མེད་ཡིན་མིན་སོགས་བྱིས་པའི་སྒྲོ་བཏགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཟུང་འཇུག་རབ་ཏུ་མི་གནས་པའི་དོན་ནི་མཐའ་དང་ཁས་ལེན་གྱི་རྣམ་པ་མ་ལུས་པ་ཞི་བ་སོ་སོ་རང་གིས་རིག་པར་བྱ་བའོ། །"[༨] ཞེས་གསུངས།
ཕན་ཡོན།
[རྩོམ་སྒྲིག]སྣ་ཚོགས་འདུ་ཤེས་དང་བྲལ་བའི་ཕན་ཡོན། སྣ་ཚོགས་པའི་འདུ་ཤེས་དང་བྲལ་ནས་ཞི་བའི་དོན་ལ་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་དང་མཚུངས། "དེ་བཞིན་དུ་ཡོད་མེད་དང་རྟག་ཆད་ལ་སོགས་པ་སྣ་ཚོགས་པ་སྣང་བ་དང་བདེན་པར་འཛིན་པའི་ འདུ་ཤེས་དང་བྲལ་ཞིང༌། ཉེ་བར་ཞི་བའི་དོན་ལ་སྤྱོད་པ་འདི་ནི། དོན་གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་འདི་ཉིད་ལ་སྤྱོད་པ་ཡིན་ནོ། །"[༩]ཞེས་གསུངས། གཞན་ཡང་སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་རློམ་སེམས་མེད་པ་འདི་ནི་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡིན། "དེའི་ཕྱིར་གང་ལ་ལ་ཞིག་གིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པས་སྡོམ་པ་དང་སྡོམ་པ་མ་ཡིན་པའི་རློམ་སེམས་མེད་ལ། རློམ་པ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡིན་པར་རྣམ་པར་འདྲེན་པ་ཞེས་བྱ་སྟེ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་སོ། །"[༡༠]
ལུང་ཁུངས།
[རྩོམ་སྒྲིག]- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་པར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་པར།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་པར།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ཤིང་པར།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་འཇུག་པའི་ལེགས་བཤད། ལག་བྲིས།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་འཇུག་པའི་ལེགས་བཤད། ལག་བྲིས།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།