སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པའི་འགྲེལ་པ་

ཡོང་ཁུངས་Wikipedia

༄༅། །ན་མོ་མཉྫུ་ཤྲཱི་ཡེ། །སྤྲོས་པ་ཉེར་ཞི་ཆོས་སྐུའི་མཁའ་དབྱིངས་སུ། །སྨོན་ལམ་གྱིས་དྲངས་གཟུགས་སྐུའི་ཉི་ཟླ་ནི། །གདུལ་བྱའི་མུན་པའི་གཤེད་དུ་རྟག་འཆར་བ། །སྐུ་གསུམ་སྟོན་པ་མཆོག་ལ་སྤྱི་བོས་འདུད། །རྒྱལ་ཀུན་ཟབ་ཞི་སྤྲོས་བྲལ་ཡེ་ཤེས་གཟུགས། །སྲིད་རྩ་མ་རིག་དགྲ་དཔུང་གཞོམ་པའི་གཉེན། །གཞོན་ནུ་སྨྲ་བའི་ཉི་མ་ཡེ་ཤེས་ཀྱི། །རལ་གྲིའི་རྣོ་རྒྱུན་འཆང་དེ་སྙིང་དབུས་རོལ། །མཁྱེན་བརྩེ་ནུས་པའི་སྣང་བ་དར་བབས་པས། །རྒྱལ་བསྟན་བཤད་སྒྲུབ་པད་ཚལ་འབྱེད་མཛད་པ། །འཕགས་བོད་སྡོམ་གསུམ་བརྒྱུད་པ་མ་ལུས་དང་། །ཁྱད་པར་བདག་ཅག་བཤེས་གཉེན་ལ་བཏུད་ནས། །ཡོངས་རྫོགས་རྒྱལ་བསྟན་ལུས་གཅིག་སྡོམ་པ་གསུམ། །དོན་མཆོག་སྙིང་པོར་བསྡུས་པའི་གཞུང་བཟང་གི། ཚིག་དོན་འདབ་བརྒྱ་ཅི་ཡང་བཞད་བྱེད་པའི། །བསྡུས་འགྲེལ་ཉི་མའི་སྣང་བ་འདིར་གསལ་བྱ། ། དེ་ལ་འདིར་རང་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ཤིང་ཐུགས་རྗེ་མུ་མཐའ་མེད་པ་དང་ལྡན་པ་འདིས། བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ཏུ་མངོན་པར་སངས་རྒྱས་ཏེ་སངས་རྒྱས་མཛད་པའི་རོལ་མོ་ཚད་མེད་པའི་སྒྲོན་མ་བཀོད་དེ། གདུལ་བྱའི་ཁམས་དབང་དང་འཚམ་པའི་འདུལ་ཐབས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལྷུན་གྱིས་གྲུབ་པར་མཛད་པ་ལས། ཞིང་ཁམས་འདིའི་གདུལ་བྱ་ལས་བརྩམས་ཏེ་སླར་ཡང་འཚང་རྒྱ་བའི་ཚུལ་བསྟན་ནས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་རིགས་བསྡུ་ན་སྡེ་སྣོད་གསུམ་དུ་འདུ་ལ། དེ་དག་གི་ཉམས་སུ་བླང་བྱ་ཐམས་ཅད་ཀྱང་སྡོམ་པ་གསུམ་གྱི་ཉམས་ལེན་གྱི་ཁོངས་སུ་འདུ་བའི་ཕྱིར་སྡོམ་པ་གསུམ་དང་། དེའི་བསླབ་བྱ་ལ་རྫོགས་པར་སློབ་པའི་ཁོངས་སུ་མདོ་སྔགས་ཀྱི་བསྟན་པ་མཐའ་དག་གི་དོན་གྱི་བཅུད་ཚང་བའི་དབང་གིས། འཕགས་བོད་ཀྱི་མཁས་གྲུབ་ཡོངས་སུ་གྲགས་པ་དུ་མས་དེ་ལྟ་བུའི་བསྟན་བཅོས་ངོ་མཚར་བ་དག་གི་ལམ་སྲོལ་ཇི་སྙེད་པ་ཕྱེས་ཤིང་། འདིར་ཡང་སྡོམ་པ་གསུམ་གྱི་གནད་འགངས་སྙིང་པོར་དྲིལ་བ་ཚིག་ཉུང་ཞིང་དོན་གྱི་ཆ་ཁྱད་པར་ཅན་ཕུང་པོར་སྤུངས་པ། མཁས་བཙུན་བཟང་པོའི་རྣམ་ཐར་ཕུལ་དུ་ཕྱིན་ཅིང་བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་ལ་དབང་འབྱོར་པ། ༧འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་ཀྱི་གསུང་ལས་སྐྱེས་པའི་སྲས་ཀྱི་ཐུ་བོ་ཀརྨ་ངེས་དོན་སྙིང་པོ་གཞན་ཕན་ཆོས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས་བསྩལ་པའི་སྡོམ་གསུམ་སྙིང་པོ་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་ནི་འདིར་འཆད་པར་བྱ་བའི་ཆོས་སོ། །དེ་ཇི་ལྟར་འཆད་པའི་ཚུལ་ལ་དོན་གསུམ་སྟེ། དང་པོ་རྗོད་བྱེད་དོན་ལྡན་གྱི་མཚན་སྨོས་པ་ལ། རྗོད་བྱེད་དོན་ལྡན་གྱི་མཚན་སྨོས་པ་དང་། བརྗོད་བྱ་དེ་ལྡན་གྱིགཞུང་བཤད་པ་དང་། གང་གིས་བརྩམས་པའི་སྦྱར་བྱང་སྨོས་པའོ། ། དང་པོ་ལ་གཉིས། མཚན་དངོས་བཤད་པ་དང་། ཞར་བྱུང་འགྱུར་ཕྱག་གིས་མཚོན་པ་ཡི་གེ་པས་ཕྱག་འཚལ་བའོ། ། དང་པོ་ནི། རྒྱ་གར་སོགས་སྨོས་ཏེ། ཁ་དོག་དང་ཆས་གོས་སོགས་དཀར་པོ་ལ་མཆོག་ཏུ་འཛིན་པའི་རྒྱའི་ཡུལ་གྱི་བྱེ་བྲགཡི་གེ་ཕྱིས་བསྣན་གྱི་དབང་གིས་རྒྱ་གར་དུ་གྲགས་པ་སངས་རྒྱས་སོགས་འཕགས་པ་རྣམས་བྱོན་པའི་ཡུལ་དུ་སྐད་རིགས་ཆེན་པོ་བཞི་ཡོད་པའི་མཆོག་གྱུར་ལེགས་པར་སྦྱར་བའི་སྐད་ཀྱི་བརྡ་ལས་དྲངས་ན་བསྟན་བཅོས་འདིའི་མཚན་ལ་ཏྲི་སམྦ་ར་སོགས་སུ་གྲགས་ཤིང་། དེ་ཉིད་རང་ཅག་གངས་ཅན་བོད་ཀྱི་སྐད་དང་ཤན་སྦྱར་ཏེ་བསྒྱུར་ན། ཏྲིསམྦ་ར་སྡོམ་པ་གསུམ། ཤཱསྟྲཾ་བསྟན་བཅོས། གརྦྷ་སྙིང་པོ། པ་ཎ་བསྡུས་པ། ནཱ་མ་ཞེས་བྱ་བ། ཞེས་སོ། །མཚན་དེའི་དོན་ཡང་། སྒོ་གསུམ་གྱི་སྤང་བྱའི་གནས་ངན་ལེན་ཐམས་ཅད་ཀྱི་གཉེན་པོར་བྱེད་ཅིང་རྒྱུད་སྡོམ་པར་བྱེད་པས་ན་སྡོམ་པ། དེའང་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་སྟེ་གསུམ་དུ་གྲངས་ངེས་པ་རྒྱུད་ཉོན་མོངས་པ་འཆོས་ཤིང་ངན་འགྲོའི་སྲིད་པ་ལས་སྐྱོབ་པའི་ཡོན་ཏན་དང་ལྡན་པས་ན་བསྟན་བཅོས། དེ་དག་གི་དོན་གྱི་གནད་རྗོད་བྱེད་ཚིག་གི་སྦུན་པ་མང་དུ་མ་སྤྲོས་ཏེ་བརྗོད་བྱ་ཉམས་ལེན་བསླབ་པའི་གནད་མ་ལུས་པ་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ཀྱི་དགོངས་པའི་སྙིང་པོའི་བཅུད་དྲིལ་བའི་ཚུལ་གྱིས་འདིར་དཀྱུས་གཅིག་ཏུ་བསྡེབས་པས་སྙིང་པོ་བསྡུས་པ། ཞེས་བྱ་བ་ནི་དེ་སྐད་ཅེས་མིང་དུ་བྱའོ། །ཞེས་པའོ། །འདིར་རྒྱ་སྐད་སྨྲོས་པ་ནི་འཕགས་ཡུལ་ནས་བྱོན་པའི་བཀའ་དང་བསྟན་བཅོས་ཀྱི་དགོངས་པ་བཞིན་དུ་བཤད་པས་ན་ཁུངས་སམ་རིགས་བརྗོད་པ་དང་། ལེགས་སྦྱར་ལ་བག་ཆགས་འཇོག་པ་སོགས་ཀྱི་དགོས་པས་བོད་ཀྱི་ལོ་ཙཱའི་སྤྱི་མེས་ཐུ་མི་དང་། ཀློང་ཆེན་རབ་འབྱམས་སོགས་ཀྱིས་བསྟན་བཅོས་ཁྱད་འཕགས་མཛད་པའི་དབུར་ཡང་རྒྱ་སྐད་སྨོས་པའི་ཕྱག་བཞེས་གཙང་མའི་རྗེས་སུ་འབྲངས་ཤིང་། མཚན་འདོགས་པའི་དོན་ཡང་། དབུ་ཞབས་འཚོལ་སླ་བ་དང་། དབང་པོ་རྣོན་པོས་མཚན་ཙམ་ལས་གཞུང་དོན་རྟོགས་པར་འགྱུར་བ་སོགས་ཀྱི་དགོས་པ་དང་ལྡན་པས་སོ། ། གཉིས་པ་ནི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཞེས་པ་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་གནས་མ་ལུས་པ་མ་འདྲེས་སྒྲིབ་མེད་དུ་མཁྱེན་ཅིང་གཟིགས་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟན་བཅོས་རྩོམ་པ་པོས་ལས་སུ་བྱ་བའི་ཐོག་མར་ཕྱག་འཚལ་བ་སྟེ། སྔོན་གྱི་ལོ་ཙཱ་པ་དག་གིས་འཕགས་ཡུལ་ནས་བཀའ་དང་དགོངས་འགྲེལ་བསྒྱུར་བའི་ཐོག་མར་འགྱུར་ཕྱག་མཛད་པ་དང་མཐུན་པར། འདིར་ཡང་ཡུལ་དམ་པ་ལ་ཕྱག་འཚལ་བས་རྩོམ་པ་མཐར་ཕྱིན་པ་ལ་སོགས་པའི་དགོས་པ་ཡོད་པ་ཡིན་ནོ། ། གཉིས་པ་བརྗོད་བྱ་དེ་ལྡན་གྱི་གཞུང་བཤད་པ་ལ། གཉིས་པ་ལ་གསུམ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་བྱ་བ། བརྩམ་བྱའི་བསྟན་བཅོས་དངོས། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་བཤད་པའོ། ། དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བའོ། ། དང་པོ་ནི། ཉན་རང་སོགས་ཚིགས་བཅད་གཅིག་སྟེ། སྤྱིར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནི་ནམ་མཁའི་མཐས་གཏུགས་པའི་འགྲོ་བ་མ་ལུས་པའི་མ་འདྲེས་པའི་མཛའ་བཤེས་ཆེན་པོ་ཡིན་པས་གང་གིས་ཕྱོགས་དུས་ཀྱི་ཁོངས་ན་ཡལ་བར་བོར་བའི་གདུལ་བྱ་གཅིག་ཀྱང་མེད་པར་གང་འདུལ་གྱི་ཕྲིན་ལས་ནམ་མཁའ་སྲིད་དུ་འཇུག་ཀྱང་། ཉེ་བའི་གདུལ་བྱ་སྒྲིབ་པ་སྲབ་པའི་ཉན་རང་རྣམས་དངོས་ཀྱིས་གདུལ་བར་བྱ་བས་ན། དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་བཅས་པའི་བསླབ་པ་ཕྲ་མོ་ཡང་སྲོག་གི་ཕྱིར་ཡང་མི་བཏང་བར་ཆོས་ཀྱི་རྒྱལ་པོའི་བཀའ་ལ་གནས་ཤིང་། བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་གི་ལམ་བསྟན་པ་ཉིད་ལ་ཞུགས་ནས་རང་རང་གི་འབྲས་བུ་ཐོབ་དགོས་པས་ན་ཉན་རང་རྣམས་ཀྱི་ལམ་སྟོན་པའི་སྟོན་པ་ཡིན་ལ། བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བ་ལ་སྙིང་སྟོབས་ཟློག་མེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ནི། རྒྱལ་བའི་གདུང་འཛིན་པ་དང་། དམ་པའི་ཆོས་ཀྱི་མཛོད་ལ་དབང་བ་དང་། གདུལ་བྱའི་ལྷག་མ་སྐྱོང་བ་དང་། བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི་རྒྱལ་ཐབས་ལ་དབང་བསྒྱུར་དུ་རུང་བས་འཁོར་སྒྱུར་གྱི་སྲས་མཚན་དང་ལྡན་པ་ལྟ་བུ་ཡིན་པས་ན་དེ་དག་ལ་རྒྱལ་བའི་སྲས་ཞེས་བྱ་ལ། སངས་རྒྱས་ནི་དེ་རྣམས་ཀྱི་ཡབ་ཏུ་གྱུར་པ་སྟེ། དང་པོ་རིགས་ཀྱི་ས་བོན་བསྐྲུན་པ་དང་། བར་དུ་སྤང་རྟོགས་ཀྱི་སྐྱེད་བསྲིང་བ་དང་། ཐ་མར་བཅུ་པའི་ས་ལ་ཆོས་ཀྱི་རྒྱལ་པོར་དབང་སྐུར་བར་བྱེད་པ་པོ་སངས་རྒྱས་ནི་ཡབ་ཅེས་བྱ་བ་དང་། གསང་བ་སྔགས་ཀྱི་དབང་དུ་བྱས་ཀྱང་ཞིང་ཁམས་འདིའི་གདུལ་བྱའི་སྣང་ངོར་སྟོན་པ་ཤཱཀྱ་ཐུབ་པས་བྱ་སྤྱོད་ཀྱི་རྒྱུད་རྣམས་ཕལ་ཆེར་ཆགས་བྲལ་གྱི་རྣམ་པར་བཞེངས་ཏེ་སྟོན་པ་དང་། དཔལ་གསང་བ་འདུས་པའི་སྐུར་བཞེངས་ཏེ་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་སྨིན་པར་མཛད་པ་དང་། དགྱེས་པ་རྡོ་རྗེའི་སྐུར་བཞེངས་ཏེ་ཀྱེ་རྡོར་རྩ་བཤད་ཀྱི་རྒྱུད་སྟོན་པ་དང་། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་སྤྲུལ་བཤད་མཛད་པ་སོགས་ཀྱིས་མཚོན། ས་ཆེན་པོ་ལ་ཞུགས་པ་དང་དཔའ་བོ་དང་རྣལ་འབྱོར་མའི་འཁོར་རྣམས་ལ་གསང་ཆེན་ཟབ་མོའི་རིམ་པའི་ཆོས་ཀྱི་འཁོར་ལོ་ཐུན་མོང་མ་ཡིན་པ་བསྐོར་བས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེན་པོ་སྟེ། དེ་ལྟར་ན་ཐེག་པ་གསུམ་གྱི་ལམ་ཚང་ལ་མ་ནོར་བ་ཐུན་མོང་ཐུན་མིན་གྱི་ཚུལ་དུ་སྟོན་པའི་ཐུབ་དབང་ཐམས་ཅད་མཁྱེན་པ་དང་དབྱེར་མི་ཕྱེད་པའི་དཔལ་ལྡན་བླ་མ་དམ་པ་སྟེ། དེའང་རང་ཉིད་ལས་ཉོན་གྱི་སྒྲིབ་པའི་མུན་པས་ཁེབས་པའི་ཚེ་ན་སངས་རྒྱས་དངོས་ཀྱི་གདུལ་བྱར་མ་ཆུད་པའི་དུས་འདིར་བླ་མ་དམ་པས་བརྩེ་བས་རྗེས་སུ་བཟུང་སྟེ། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རྡོ་རྗེ་ཐེག་པའི་ཆོས་ཀྱི་བགོ་སྐལ་བསྩལ་ཏེ་སངས་རྒྱས་ཀྱི་ཕྲིན་ལས་མཛད་པས་རང་ངོས་ནས་སངས་རྒྱས་ལས་ལྷག་པའི་བཀའ་དྲིན་ཆེས་འཕགས་པ་དང་། དོན་ལ་སངས་རྒྱས་ཀྱི་རོལ་པར་ངེས་པའི་ཤེས་པ་བརྟན་པོས་བསྟན་བཅོས་བརྩམ་པའི་ཐོག་མར་ཕྱག་འཚལ་ཞིང་མཆོད་པར་བརྗོད་པ་སྟེ། འདུད་ཅེས་པ་གུས་ཤིང་འདུད་པའི་ཚིག་གོ། དེའང་ཡུལ་ཁྱད་པར་ཅན་སངས་རྒྱས་དང་དབྱེར་མེད་པའི་བླ་མ་དམ་པ། བྱེད་པ་ཁྱད་པར་ཅན་གུས་པའི་ཕྱག་གིས་འདུད་པ། དགོས་པ་ཁྱད་པར་ཅན་རང་ཉིད་ཚོགས་གཉིས་རྫོགས་ཤིང་། ཉན་པ་པོའི་རྒྱུད་ལ་གཞིའི་རིགས་སད་པ་དང་། དཔྱོད་ལྡན་གཞན་དག་འདི་ལ་འཇུག་པ་སོགས་ཀྱི་དགོས་པ་དང་ལྡན་པ་སྟེ། བསྟན་བཅོས་བྱེད་པ་དམ་པ་ཡིས། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དག་པ་ཡི། །འདི་ལ་འཐད་པ་བཟང་པོ་མཐོང་། །ཞེས་དང་། ཀླུ་སྒྲུབ་ཞབས་ཀྱིས། བསྟན་བཅོས་བྱེད་པས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་པ་ལྟར་རོ། །ནས་ཞེས་པ་ཚིག་ཕྱི་མ་འདྲེན་པའི་ལྷག་བཅས་ཀྱི་ཕྲད་དོ། ། གཉིས་པ་ནི། རྒྱལ་བའི་སོགས་ཚིགས་བཅད་གཅིག་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་གང་ལ་གང་འཚམ་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་མཚོན་པའི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་གང་བསྐོར་བ་ཐམས་ཅད་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་ཁོངས་སུ་མ་འདུས་པ་མེད་ཅིང་། དེ་དག་ཀྱང་སྡོམ་པ་གསུམ་དུ་ཆུད་པས་ཉན་ཐོས་ཀྱི་འདུལ་བ་དང་ཐུན་མོང་བའི་བསྟན་པའི་ཉམས་ལེན་སོ་ཐར་དུ་འདུ། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་པའི་བསྟན་པའི་ཉམས་ལེན་བྱང་སྡོམ་དུ་འདུ། རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་བསྟན་པའི་ཉམས་ལེན་རིག་འཛིན་སྔགས་ཀྱི་སྡོམ་པར་ཡོངས་སུ་རྫོགས་པས་ན་རྒྱལ་བའི་བསྟན་པ་ཀུན་གྱི་སྙིང་པོའམ་བཅུད་དུ་གྱུར་པ་སྟེ་འོ་མ་ལ་མར་ལྟ་བུ་གང་ཞིག་ཉན་རང་། བྱང་སེམས། རིག་པ་འཛིན་པའི་འཕགས་པ་དུས་གསུམ་དུ་གཤེགས་པ་ཐམས་ཅད་ཀུན་གྱིས་དོན་དུ་གཉེར་ཞིང་དེར་ཞུགས་པས་རྒྱལ་བའི་གྲོང་དུ་ཕྱིན་པར་བྱེད་པའི་བགྲོད་པ་གཅིག་པའི་ལམ་པོ་ཆེ། བསྟན་པ་དང་དེ་སྟོན་པའི་བཤེས་གཉེན་དང་མཇལ་ཞིང་མིའི་ལུས་རྟེན་ལས་སྙིང་པོ་ལེན་པའི་སྐལ་བ་ཆེས་བཟང་པོ་དང་ལྡན་པའི་སྐྱེ་བོ་རྣམ་དཔྱོད་དང་ལྡན་ལ་དམ་པའི་ངང་ཚུལ་འཕགས་རིགས་ལ་གནས་པ་ཐམས་ཅད་ཀྱིས་ཀྱང་དོན་དུ་གཉེར་ཞིང་བླང་དོར་གྱི་སྒོ་ནས་འཇུག་པའི་ངོགས་སམ། གནས་སུ་གྱུར་པ་ནི་སྡོམ་པ་གསུམ་ཁོ་ནར་ངེས་ཤིང་། དེ་ལྟ་བུའི་གནད་ཟབ་རྒྱས་སུ་སྟོན་པའི་གཞུང་ལུགས་བཟང་པོ་ཀུན་གྱི་དོན་བཅུད་དབྱིག་གི་སྙིང་པོ་ལུང་དང་མཐུན་ལ་རིགས་པ་དང་མི་འགལ་བའི་སྒོ་ནས་ཚིག་ཙམ་ལ་འཆེལ་བའི་བཤད་ཡམ་སྤངས་ཏེ་དོན་འགངས་ལེགས་པར་གཅོད་པའི་ཚུལ་དུ་སིལ་བུར་བསྡུས་ཏེ་བསྟན་པའམ་བཤད་པར་བྱའོ་ཞེས་དམ་བཅས་པ་སྟེ། བརྩམས་པ་མཐར་ཕྱིན་པ་ལ་སོགས་པའི་དགོས་པ་ཡོད་པ་ཡིན་ནོ། །འདིས་བསྟན་བཅོས་ཀྱི་དགོས་སོགས་ཀྱང་བསྟན་ཏེ། སྡོམ་པ་གསུམ་བརྗོད་བྱ། དེའི་དོན་བསྟན་བཅོས་འདིས་རྟོགས་པ་ནི་དགོས་པ། དེས་མཐར་ཐུག་བྱང་ཆུབ་ཐོབ་པ་ནི་ཉིང་དགོས། དེའང་ཚིག་དོན་སྤྱི་དང་བྱེ་བྲག་སྔ་མ་སྔ་མ་དང་རིམ་གྱིས་འབྲེལ་བ་ནི་འབྲེལ་པའོ། ། གཉིས་པ་བརྩམ་བྱའི་བསྟན་བཅོས་དངོས་ལ་གསུམ། སྦྱང་གཞི་ཁམས་ངོས་བཟུང་བ། སྦྱོང་བྱེད་ལམ་གྱི་རིམ་པ་སྡོམ་པ་གསུམ་རྒྱས་པར་བཤད་པ། སྡོམ་པ་གསུམ་གྱི་མཐའ་དཔྱོད་པའི་སྒོ་ནས་འབྲས་བུ་ཐོབ་ཚུལ་བཅས་བཤད་པའོ། །དང་པོ་ནི། སྦྱང་གཞི་དྲི་བཅས་སོགས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བསྟན་ཏེ། ཉན་ཐོས་པ་དག་གིས་གཞིའི་གནས་སྐབས་སུ་ཀུན་གཞི་དང་གཤེགས་སྙིང་སོགས་ཁས་མི་ལེན་མོད། འདིར་ཐེག་ཆེན་ཐུན་མོང་མིན་པའི་དབང་དུ་བྱས་ན། སྦྱོང་བྱེད་ལམ་གྱི་རིམ་པས་སྦྱང་བའི་གཞི་ནི་བདེ་གཤེགས་སྙིང་པོའམ་དྲི་བཅས་དེ་བཞིན་ཉིད། དེ་ལ་སྒྲིབ་པའི་དྲི་མ་སྦྱང་བྱ་རགས་ཕྲ་ཤིན་ཏུ་ཕྲ་བའི་རིམ་པ་རྣམས་སྦྱོང་བྱེད་སྡོམ་པ་གསུམ་གྱི་རིམ་པས་སྦྱངས་པའི་འབྲས་བུ་བྱང་ཆུབ་ཆེན་པོ་མངོན་དུ་གྱུར་པ་ནི་དཔེར་ན་མེ་ལོང་དང་དེའི་གཡའ་དང་དེ་བསལ་བ་དང་། མཐར་གཟུགས་བརྙན་འཛིན་བཟོད་པའི་དག་པར་གྱུར་པ་ལྟ་བུའོ། ། དེའང་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་དུ་གནས་པའི་གཞི་དུས་ཀྱི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སྟོང་གསལ་འགག་མེད་འཕོ་འགྱུར་མེད་པར་གནས་པ་ལ་ཁམས་བདེ་གཤེགས་སྙིང་པོར་བརྗོད་དེ། སྙིང་པོ་དེ་ཡང་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་རྒྱུ་མཚན་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་བསྟན་ལ། ཉོན་མོངས་སྦུབས་ནང་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །ཞེས་མ་དག་པ་གཞིའི་སྐབས་སུ་སྙིང་པོ་དྲི་མས་སྒྲིབ་ཚུལ་དཔེ་དགུའི་སྒོ་ནས་བསྟན་པ་ལྟར་དེ་ལ་དྲི་བཅས་དེ་བཞིན་ཉིད་དམ་ཁམས་བདེ་གཤེགས་སྙིང་པོ་ཞེས་བྱ་བ། དེའང་འཁོར་ལོ་བར་པའི་མདོ་རྣམས་ལས་སྟོང་པ་ཉིད་དང་། དེ་བཞིན་ཉིད་ལ་སོགས་པའི་མིང་གིས་བསྟན་ཏེ། སྡུད་པ་ལས། འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །སོགས་དང་། །རྩ་ཤེར། དེ་བཞིན་གཤེགས་པའི་རང་བཞིན་གང་། །འགྲོ་བ་འདི་ཡི་རང་བཞིན་ཡིན། །ཞེས་སོགས་དངོས་པོའི་གནས་ལུགས་སྟོང་པ་ཉིད་ཀྱི་དོན་མཐའ་ཡས་པ་གསུངས་ཤིང་། འཁོར་ལོ་ཐ་མ་སོགས་སུ་བདེ་གཤེགས་སྙིང་པོ་ཞེས་རྒྱ་ཆེར་བསྟན་ཏེ། ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོགས་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་སུ་ཨེ་ཝཾ་དང་རྡོ་རྗེ་སེམས་དཔའ་དང་། འགྱུར་མེད་འོད་གསལ་གཞིའི་རྒྱུད་སོགས་གསང་བ་ཆེན་པོའི་མཚན་གྱི་རྣམ་གྲངས་དུ་མས་བསྟན་པ་སྟེ། ཧེ་བཛྲ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེར་རབ་ཏུ་གནས། །ཞེས་དང་། འདུས་པར། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ཞེས་བརྗོད་དེ། །མི་འཇིགས་སྐྱེ་བ་མེད་གང་ཡིན། །མགོན་པོ་དེ་ནི་ཡིན་པར་བཤད། །ཅེས་སོགས་མདོ་རྒྱུད་ཐམས་ཅད་ནས་བསྟན་པ་དེ་ཉིད་ཀྱི་བཞུགས་ཚུལ་ངོ་བོ་མ་སྐྱེས་པས་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་འགག་པ་མེད་པར་འོད་གསལ་པ་དེའང་བློའི་སྤྲོས་པ་གང་གིས་ཀྱང་མ་རེག་པའི་འདུས་མ་བྱས་པའི་དབྱིངས་ཏེ། རྒྱུད་བླ་མ་ལས། གཏན་དུ་འཇིག་པ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །འཇིག་མེད་ཉིད་ནི་བསྟན་པ་སྟེ། །བརྟན་སོགས་རྣམས་ཀྱིས་དེ་བཤད་དོ། །ཞེས་སོགས་གསུངས་པ་ལྟར། དོན་ལ་གཞི་སྟོང་པ་ཉིད། ལམ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པ་སྟེ་རྣམ་པར་ཐར་པའི་སྒོ་གསུམ་གྱིས་ཁྱད་པར་དུ་བྱས་པ་འོད་གསལ་པའི་དབྱིངས་དེ་ཉིད། དོན་དམ་པའི་ངོས་ནས་འཁྲུལ་གྲོལ་གྱི་མཚན་མ་རྡུལ་ཙམ་མི་དམིགས་ཀྱང་། རང་བཞིན་རྣམ་དག་དང་ལྷན་ཅིག་སྐྱེས་པའི་མ་རིག་པ་གསེར་དང་གཡའ་ལྟ་བུ་དང་། མེད་བཞིན་དུ་ཡོད་པར་བཏགས་པའི་གློ་བུར་པའི་འཁྲུལ་པ་ཡུལ་ཡུལ་ཅན་དུ་སྣང་བ་ཀུན་བཏགས་པའི་མ་རིག་པ་སྟེ། འཁྲུལ་པ་ཐམས་ཅད་འབྱུང་བའི་གཞི་ཉེས་པ་མཐའ་དག་སྐྱེད་པའི་གདོན་ཆེན་པོ་དེ་དག་གི་རང་ངོ་མ་རིག་པར་གཟུང་འཛིན་གྱི་བག་ཆགས་རིམ་གྱིས་བརྟས་པ་ལས་ནི་ཕྱི་སྣོད་ནང་བཅུད་གྱི་སེམས་ཅན་སོ་སོར་ཞེན་ཅིང་འཛིན་པས་གནས་ཡུལ་རིགས་གཟུགས་བྱེད་ལས་སྣ་ཚོགས་པའི་འགྲོ་བ་དྲུག་ཏུ་གཉིད་ཀྱིས་བསླད་པའི་རྨི་ལམ་བཞིན་དོན་ལ་མེད་ཀྱང་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་སྣང་ཞིང་། འཁྲུལ་པ་གློ་བུར་གྱི་དྲི་མ་དག་ཅིང་སྙིང་པོའི་དོན་མངོན་དུ་གྱུར་པ་དེའི་ཚེ་ན་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པ་སྤྲིན་ལས་གྲོལ་བའི་ཉི་མ་ལས་འོད་ཟེར་འབྱུང་བ་བཞིན་ཏེ། དོན་དུ་འཁྲུལ་པ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་འཁོར་བ་དང་། དེ་ཉིད་གནས་འགྱུར་ཡེ་ཤེས་ཀྱི་ཕྱོགས་ལས་མྱ་ངན་ལས་འདས་པའི་ཆོས་རྣམས་སུ་བཞག་སྟེ། དེ་དག་ཀུན་གྱི་འཕྲོ་གཞི་ནི་རིགས་སམ་ཁམས་གཤེགས་སྙིང་ཡིན་པའང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་སོ། །ཞེས་དང་། ཞལ་ཕྱག་རྣམ་པའི་གཟུགས་སུ་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་དག །འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་དང་། སེམས་ཅན་ས་བཅུའི་དབང་ཕྱུག་གོ། ཞེས་སོགས་རྒྱས་པར་གསུངས་པའི་དོན་དཔལ་རང་བྱུང་རྡོ་རྗེའི་ཞབས་ཀྱིས། ཐམས་ཅད་བདེན་མིན་རྫུན་མིན་ཏེ། །ཆུ་ཟླ་བཞིན་དུ་མཁས་རྣམས་འདོད། །ཐ་མལ་ཤེས་པ་འདི་ཉིད་ལ། །ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར། །ཞེས་སོགས་གསུངས་པ་ལྟར་གཞི་དུས་ཀྱི་སེམས་ཉིད་གཉིས་སུ་མེད་པ་སྟོང་གསལ་འདུས་མ་བྱས་པའི་ངོ་བོ་གཤིས་ལུགས་རང་བབས་ཀྱི་ཆོས་ཉིད་ལ་རྒྱུ་རྒྱུད་དམ་རིགས་སུ་འདོད་དོ། །དེ་དག་གིས་ནི་དྲི་མ་སྦྱང་པའི་གཞིའི་གནས་སྐབས་སྨོས་པའོ། །ཚུལ་འདིའི་རྣམ་གཞག་བཞེད་ཚུལ་ཐ་དད་པས་གསར་རྙིང་གི་མཁས་པ་རྣམས་དགག་སྒྲུབ་ཀྱི་སྒྲ་བོ་ཆེ་རྒྱ་མཚོ་འཁྲུགས་པ་ལྟར་སྒྲོགས་པའི་གནས་སུ་གྱུར་པས་མང་དུ་སྨྲ་འོས་ཀྱང་། དོན་གྱི་སྙིང་པོའི་ཕྱོགས་འགོ་ཙམ་གྱིས་རྩ་བའི་འབྲུ་གཉེར་བར་བྱས་ཀྱི་ཡི་གེས་འཇིགས་ལ། རྒྱས་པར་གཞུང་གཞན་དང་གཞན་དུ་བལྟ་བར་བྱའོ། །དེ་ལྟར་སྦྱང་བར་བྱ་བའི་གཞི་ཡོད་ན་སྦྱོང་བྱེད་ཀྱི་ལམ་མམ་ཐབས་སུ་གྱུར་པའང་ཆེས་འཐད་པ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རིགས་པས་གྲུབ་པ་ཡིན་ཏེ། སངས་རྒྱས་གཉིས་པ་འཕགས་པ་ཀླུ་སྒྲུབ་ཀྱིས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་ངལ་བ་ཙམ་དུ་ཟད། །ཅེས་འཐད་པའི་དཔེ་དང་བཅས་བཀའ་བསྩལ་པ་ལྟར། སྦྱང་གཞི་དང་སྦྱང་བྱའི་གནས་སམ་དངོས་པོ་དང་རྗེས་སུ་མཐུན་པའི་སྦྱོང་བྱེད་ཀྱི་ལམ་འབྱུང་བའང་ལྟོས་གྲུབ་ཡིན་པས་ན། (འདིར་ཆད་པ་ཡིན་ནམ་དཔྱད་པར་འཚལ། ) སྦྱོང་བྱེད་ལམ་གྱི་རིམ་པ་སྡོམ་པ་གསུམ་རྒྱས་པར་བཤད་པ་ལ། གཉིས་པ་སྦྱོང་བྱེད་ལམ་གྱི་རིམ་པ་སྡོམ་པ་གསུམ་རྒྱས་པར་བཤད་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སྦྱོང་བྱེད་ལམ་སོགས་ཚིགས་བཅད་གཅིག་སྟེ། གོང་དུ་ཇི་སྐད་བཤད་པའི་རིགས་ཁམས་དེའི་སྒྲིབ་བྱེད་དྲི་མའི་དངོས་པོ་སྦྱོང་བར་བྱེད་པའི་ཐབས་སུ་གྱུར་པའི་ལམ་མམ་ཐེག་པའི་རིམ་པའང་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེའི་བདག་ཉིད་དེས་གནས་སྐབས་གདུལ་བྱ་འགྲོ་བའི་ཁམས་དང་དབང་པོའི་རིམ་པའི་བྱེ་བྲག་ཐ་དད་པའི་དབང་གིས། འདུལ་བྱེད་ཐེག་པའི་རིམ་པའང་དྲང་ངེས་སྣ་ཚོགས་ཀྱི་ཚུལ་དུ་བཀའ་བསྩལ་ཏེ། དེའང་སྲིད་པ་མྱ་ངམ་གྱི་ཐང་དུ་ངལ་ཞིང་དུབ་པ་རྣམས་དབུགས་དབྱུང་ཞིང་སྟོང་ཉིད་ཟབ་མོའི་སྒྲ་རྣ་བར་མི་ཤོང་བའི་རིགས་ཅན་རྣམས་ལ་ཐེག་དམན་ཉན་རང་གི་ཐེག་པ་བསྟན་ནས་འཁོར་བ་ལས་ཁ་དྲངས་ཤིང་རེ་ཞིག་དེར་ངལ་གསོ་བར་མཛད་དེ། ལང་གཤེགས་ལས། སྲིད་པའི་ལམ་གྱིས་དུབ་པ་རྣམས། །ངལ་གསོའི་དོན་ཏེ་དེ་ཉིད་མིན། །ཞེས་གསུངས་པ་ལྟར་དེད་དཔོན་ཐབས་ལ་མཁས་པས་རྒྱ་མཚོའི་འགྲམ་དུ་གྲོང་ཁྱེར་སྤྲུལ་པ་སོགས་ཀྱི་དཔེས་བསྟན་ཅིང་། ཐེག་པ་ཆེན་པོའི་རིགས་ཅན་གྱི་གདུལ་བྱའི་ངོར་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་སྟོང་དང་སྙིང་རྗེ་ཟུང་འཇུག་ཆོས་ཉིད་མཉམ་པ་ཆེན་པོའི་དོན་སྟོན་པ། ཐེག་པ་ཆེན་པོའི་ལམ་བསྟན་ཏེ་ས་བཅུ་ལམ་ལྔའི་མངོན་པར་རྟོགས་པ་མཐར་ཕྱིན་པར་མཛད་ཅིང་དེ་ལས་ཀྱང་གདུལ་བྱ་ཆེས་སྐལ་པ་དང་ལྡན་པ་དབང་པོ་ཤིན་ཏུ་རྣོན་པོའི་རིགས་ཅན་གྱི་ངོར། ཕར་ཕྱིན་ཐེག་པར་མ་བསྟན་པའི་ས་བཅུ་དང་དེ་ཡན་གྱི་སྦས་པའི་ས་རྣམས་བཅས་དུས་མྱུར་བ་ཉིད་དུ་ཐབས་མང་དཀའ་བ་མེད་པས་བགྲོད་པའི་ལམ་བདེ་མྱུར་རྡོ་རྗེ་ཐེག་པར་གསང་བ་ཟབ་མོའི་རང་བཞིན་ཉེ་བར་སྟོན་ཏེ། དེ་དག་གི་ཉམས་ལེན་རིམ་པ་ལྟར་སོ་སོར་ཐར་པའི་དང་། བྱང་ཆུབ་སེམས་དཔའི་དང་། རིག་འཛིན་སྔགས་ཀྱི་འདུལ་བ་ཞེས་བྱ་བ་ཉིད་དོ། །དེ་ཡང་གནས་སྐབས་དྲང་དོན་ཐབས་ལ་མཁས་པས་ཐེག་པ་གསུམ་དུ་ཉེ་བར་བཞག་ཀྱང་། མཐར་ཐུག་ཐེག་པ་ཆེན་པོ། དེ་ལས་ཀྱང་མྱུར་ལམ་རྡོ་རྗེ་ཐེག་པས་འབྲས་བུ་མཐར་ཐུག་འགྲུབ་པར་བཞེད་པའང་། མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལས། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུང་པ་སོགས་ཀྱིས་གྲུབ་ལ། འདི་ཐད་ཀྱང་རྣམ་གཞག་མང་དུ་འདུག་མོད་ཀྱི་མ་སྤྲོས་སོ། ། རྒྱས་པར་བཤད་པ་ལ་སོ་ཐར་བྱང་སེམས་རིག་འཛིན་སྔགས་ཀྱི་སྡོམ་པ་བཤད་པ་ལས་དང་པོ་ལ། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། སོ་ཐར། བྱང་སེམས། རིག་འཛིན་སྔགས་ཀྱི་སྡོམ་པ་བཤད་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། ། དང་པོ་ནི། དེ་ལས་སོ་སོར་ཐར་པ་ལ། །ཞེས་ཐེག་དམན་རང་རྐྱང་བའི་དབང་དུ་བྱས་ན་གང་ཟག་རང་རང་འཁོར་བ་ལས་སྒོས་ཐར་དུ་བྱེད་པས་ན་པྲ་ཏི་མོ་ཀྵ་སྟེ་སོ་སོར་ཐར་པ་ཞེས་བྱ་ཞིང་། དེའི་སྡོམ་པའི་ཚུལ་དེ་བཤད་ན་ཞེས་གང་བཤད་པའི་གཞི་མདོར་བསྟན་པའོ། ། གཉིས་པ་ལ་བརྒྱད། ཐོབ་བྱ་སྡོམ་པའི་ངོ་བོ། དེའི་དབྱེ་བ། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་སྲུང་བ། སྐྱེ་བའི་རྟེན། གཏོང་བའི་རྒྱུ། ཉམས་ན་ཕྱིར་འཆོས་ཚུལ། བསྲུང་བའི་ཕན་ཡོན་བཅས་བཤད་པའོ། ། དང་པོ་ནི། ངོ་བོ་ངེས་འབྱུང་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ལ་བསྟན་རྩ་སོ་སོར་ཐར་པའི་སྡོམ་པའི་ངོ་བོ་ནི། ཉན་ཐོས་རང་རྒྱུད་པས་འཁོར་བ་མཐའ་དག་གི་སྡུག་བསྔལ་ལས་ཡིད་བྱུང་སྟེ་ཐར་པ་དོན་དུ་གཉེར་ཞིང་རང་ཉིད་ཁོ་ན་ཞི་བདེ་ཉན་རང་གི་གོ་འཕང་འདོད་པའི་བློ་ཉི་ཚེ་ཙམ་གྱིས་སྡོམ་པ་ནོད་པར་ཟད་ཅིང་ཐེག་ཆེན་སོ་ཐར་གྱི་དབང་དུ་བྱས་ན། །ཁམས་གསུམ་གྱི་གནས་རིས་སུ་རྟེན་མཐོ་དམན་གང་དུ་སྐྱེས་ཀྱང་མེ་འབར་བའི་དོང་དུ་ཆུད་པ་ལྟར་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་བདེ་བའི་གོ་སྐབས་མེད་པ་སྟེ། བྱམས་པས། མི་གཙང་པ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་གསུངས་པ་ལྟར་ངེས་པའི་བློ་ཤུགས་དྲག་པོས་གཞན་གྱི་དོན་དུ་དེ་ལས་ཡིད་ངེས་པར་ཕྱིར་འབྱུང་བ་ཡི་ཀུན་སློང་གིས་སྲིད་ཞིར་མི་གནས་པའི་མྱང་འདས་བྱང་ཆུབ་ཆེན་པོར་ངེས་པར་ཏེ་གདོན་མི་ཟ་བ་འབྱུང་བར་རམ་འཐོབ་པར་འདོད་པ་སྟེ། དེ་ལྟར་ཉན་རང་རྫོགས་བྱང་གི་འབྲས་བུ་གསུམ་པོ་གང་རུང་དོན་དུ་གཉེར་བའི་ཀུན་སློང་གསུམ་གྱིས་རྒྱུ་བྱས་ནས། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་པའམ་ལྡོག་པའི་སེམས་པ་མཚུངས་ལྡན་དང་བཅས་པ་སྟེ། དེའང་གཞན་ལ་གནོད་པ་ནི་ལུས་ངག་གི་མི་དགེ་བ་བདུན། གཞི་ནི་དེ་དག་གི་རྒྱུར་གྱུར་པའི་ཡིད་ཀྱི་མི་དགེ་བ་གསུམ། དེའི་ཕྱོགས་གཏོགས་འཁོར་དང་བཅས་པའི་ཉེས་པར་སྤྱོད་པ་ཐམས་ཅད་སྡོམ་པའི་ཚུལ་ཁྲིམས་གང་ཞིགགང་ཟག་གི་རྒྱུད་ལ་གནས་པའི་ཚེ་གཟུགས་ཅན་དང་ཤེས་པའི་ངོ་བོར་བཞག་པའི་ལུགས་གྲུབ་མཐའ་བཞི་པོ་ཐ་དད་པར་སྨྲ་སྟེ། བྱེ་བྲག་ཏུ་སྨྲ་བས། སྐད་ཅིག་དང་པོར་རང་དང་མཁན་སློབ་སོགས་གཞན་གྱི་ལུས་ངག་གི་རྣམ་པར་རིག་བྱེད་དང་། སྐད་ཅིག་གཉིས་པ་ཕྱིན་སྡོམ་པ་གཏོང་རྒྱུ་མ་བྱུང་གི་བར་རིག་མིན་གྱི་ངོ་བོར་གཟུགས་ཅན་དུ་རྒྱུད་ལ་ལྡན་པར་འདོད། ཐེག་ཆེན་དབུ་མ་པས་འཆལ་ཚུལ་སྤངས་པའི་སེམས་པ་མཚུངས་ལྡན་དང་བཅས་པ་ལ་སྡོམ་པའི་ངོ་བོར་འདོད་པ་ཡིན་ཏེ། འང་ཞེས་པའི་སྒྲས་གཙོ་བོ་དེ་གཉིས་ཀྱི་འདོད་པ་བསྟན་པའི་ཤུགས་ལས་གཞན་དག་གི་འདོད་པའང་གོ་བར་བྱ་བ་སྟོན་པས། མདོ་སྡེ་པས་ཚིགས་གསུམ་སོ་སོའི་ལས་ཆོག་སྔོན་དུ་འགྲོ་བའི་སྒོ་ནས། སེམས་ཀྱི་རྒྱུད་ཕྱིར་ཞིང་འབྱུང་བ་དེ་དགེ་བསྙེན་ཡིན་ནོ། །དགེ་ཚུལ་ཡིན་ནོ་སྙམ་པ་ལྟ་བུའི་སེམས་རྒྱུད་སྔ་མ་ལས་ཕྱི་མ་སྐྱེ་བའི་ཡོངས་སུ་འགྱུར་བ་ཙམ་ཞིག་སྡོམ་པའི་ངོ་བོར་འདོད། སེམས་ཙམ་པས་ཀུན་གཞི་འདོད་པའི་དབང་གིས་འཆལ་ཚུལ་སྤོང་བའི་སེམས་པའི་རྒྱུན་དང་། དེའི་བག་ཆགས་ཀྱི་ས་བོན་ཀུན་གཞི་ལ་གཞག་པ་དང་བཅས་པ་ལ་འདོད་པ་སྟེ། འདི་དག་གི་གནད་ཀྱང་མང་དུ་ཡོད་ཀྱི་འདིར་མདོ་ཙམ་ལས་ཡི་གེས་འཇིགས་སོ། །ཉན་ཐོས་སོ་ཐར་དང་། ཐེག་ཆེན་སོ་ཐར་གྱི་ཁྱད་པར་ཡང་། དང་པོའི་དོན་གོང་དུ་མདོ་ཙམ་སྨོས་པ་བཞིན་འཁོར་བས་འཇིགས་ཏེ་རང་ཉིད་འབའ་ཞིག་ཞི་བའི་བདེ་བ་དོན་དུ་གཉེར་བ་སྟེ། བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་ལས། །ཉན་ཐོས་སོ་ཐར་རང་ཞི་དོན་གཉེར་ཅན། །ངེས་འབྱུང་ཀུན་བསླངས། ཞེས་གསུངས་པ་ལྟར་དང་། ཐེག་ཆེན་སོ་ཐར་ནི། དེ་ལས། ཐེག་ཆེན་སོ་ཐར་ཐེག་དམན་ཇི་བཞིན་ལ། །བླང་དུས་གཞན་དོན་བྱང་ཆུབ་ལ་དམིགས་སམ། །སླད་ནས་སེམས་བསྐྱེད་པས་ཀྱང་འགྱུར་བར་གསུངས། །ཞེས་གསུངས་པ་ལྟར་སོ་ཐར་རིས་བདུན་གང་ཡང་སྡོམ་པའི་ཚུལ་ཁྲིམས་དེ་ཉིད་གཞན་དོན་དུ་རྫོགས་བྱང་ཐོབ་པའི་ཆེད་དུ་སེམས་བསྐྱེད་པའི་ཀུན་སློང་དང་ལྡན་པས་ལེན་པའམ། བླངས་ཟིན་ནས་དེ་ལྟ་བུའི་སེམས་བསྐྱེད་ཀྱིས་སྲུང་སྡོམ་ལ་བརྩོན་པས་ཀྱང་། སེམས་བསྐྱེད་ཀྱི་ཁྱད་པར་གྱིས་ཐེག་དམན་སོ་ཐར་ཡང་ཐེག་ཆེན་སོ་ཐར་དུ་འགྱུར་བ་ཡིན་ལ། རང་རེ་གངས་ཅན་གྱི་ཡུལ་འདིར་ནི་སོ་ཐར་ཡང་འདི་ཁོ་ན་ལས། ཉན་ཐོས་རང་རྒྱུད་པའི་སེམས་ཀྱིས་བླངས་པའི་ཐར་སྡོམ་ལེན་སྲོལ་མེད་པར་བཞེད་པའང་འཕྲོས་དོན་དུ་སྨོས་པའོ། ། གཉིས་པ་ལ་གསུམ། ཁྱིམ་པའི་ཕྱོགས་ཀྱི་གསུམ། རབ་བྱུང་གི་ཕྱོགས་ཀྱི་ལྔ། དེ་དག་གི་དབྱེ་བསྡུ་བཤད་པའོ། །དང་པོ་ནི། དབྱེ་ན་སོགས་ཚིགས་རྐང་གཉིས་ཏེ། དེ་ལ་རྣམ་པར་དབྱེ་ན་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་ནི། བསྙེན་གནས་དང་དགེ་བསྙེན་ཕ་མ་སྟེ་གསུམ་མོ། །གཉིས་པ་ནི། རབ་བྱུང་སོགས་རྐང་པ་གཉིས་ཏེ། རབ་ཏུ་བྱུང་བའི་ཕྱོགས་ཀྱི་སྡོམ་པའི་དབྱེ་བ་དགེ་ཚུལ་ཕ་མ་གཉིས་དང་། དགེ་སློབ་མ། དགེ་སློང་ཕ་མ་གཉིས་ཏེ་ལྔར་དབྱེར་ཡོད་དོ། །ཞེས་སོ། །གསུམ་པ་ནི། དེ་དག་སོགས་ཚིགས་བཅད་གཅིག་སྟེ། གོང་དུ་བསྟན་པའི་ཕྱོགས་དེ་དག་གི་སྡོམ་པ་བླངས་པའི་རྟེན་གྱི་བྱེ་བྲག་གིས་ཕྱེ་ན། བསྙེན་གནས། དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ། དགེ་སློང་ཕ་མ་གཉིས་ཏེ་རིས་བརྒྱད་དུ་འགྱུར་ཞིང་། དེའང་བསྡུ་ན་བསྙེན་གནས་དགེ་བསྙེན་ཏེ་ཁྱིམ་པའི་ཕྱོགས་གཉིས་དང་དགེ་ཚུལ་དགེ་སློང་གཉིས་རབ་བྱུང་གི་ཕྱོགས་ཏེ་སྡོམ་པའི་ངོ་བོའམ་རྫས་སུ་བསྡུ་ན་བཞིར་འདུའོ། །དེ་ལས་བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་གི་མཐའ་ཅན་ཡིན་པ་དང་གཏན་དུ་བླངས་ཀྱང་ཁྱིམ་པ་དང་རབ་བྱུང་གི་ཕྱོགས་གཉིས་གར་མི་གཏོགས་པས། སོ་ཐར་མཚན་ཉིད་པ་རིས་བདུན་པོ་ཁོ་ན་ཡིན་པས་བྱང་སྡོམ་སོགས་ཀྱི་རྟེན་དུའང་རིས་བདུན་པོ་གང་ཡང་རུང་བའི་སྡོམ་པ་དང་ལྡན་པ་ཉིད་དགོས་པར་བཞེད་དེ། ཤེས་བྱ་ཀུན་ཁྱབ་ལས་ཀྱང་། དགེ་སློང་དགེ་ཚུལ་དགེ་བསྙེན་ཕ་མ་གཉིས། །དགེ་སློབ་བསྙེན་གནས་རིས་བརྒྱད་རྫས་སུ་བཞི། །མཚན་ཉིད་ལྡན་པ་རིས་བདུན་ཁོ་ནའོ། །ཞེས་གསུངས་པའི་གནད་ཀྱང་ཤེས་པར་བྱའོ། ། གསུམ་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། མ་ཐོབ་ཐོབ་པར་བྱེད་པའི་ཐབས། །ཞེས་སོ། །གཉིས་པ་ལ་གཉིས། ཁྱིམ་པ་དང་། རབ་བྱུང་གི་ཕྱོགས་བཤད་པའོ། །དང་པོ་ནི། ཁྱིམ་པའི་ཕྱོགས་སོགས་ཚིག་རྐང་གཉིས་ཏེ། ཁྱིམ་པའི་ཕྱོགས་ཀྱི་བསྙེན་གནས། དགེ་བསྙེན་ཕ་མ་སྟེ་བསླབ་ཚིགས་གསུམ་པོ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ཉིད་ལས་བླང་བར་བྱ་དགོས་ཤིང་། དེའང་མཛོད་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་མ་སོང་བ་ལ་བསྙེན་གནས་ཀྱིས་མཚོན་སོ་ཐར་གྱི་སྡོམ་པ་མི་སྐྱེ་བས་ཐམས་ཅད་ཀྱི་ཐོག་མར་སྐྱབས་འགྲོའི་སྡོམ་པ་གཟུང་དགོས་ལ། དེའང་དེ་རིང་ནས་སང་ཉི་མ་མ་ཤར་གྱི་བར་དུ་ཡན་ལག་བརྒྱད་སྲུང་བ་བསྙེན་གནས་ཀྱི་སྡོམ་པ་སྟེ་འདི་ལའང་རྣམ་གཞག་མང་། དགེ་བསྙེན་ནི་སྐྱབས་གསུམ་འཛིན་པ། སྣ་གཅིག་སྤྱོད་པ་སོགས་དབྱེ་བ་འོག་ཏུ་འཆད་ཅིང་གོང་སྨོས་བླང་བའི་ཡུལ་དགེ་སློང་ལས་བདག་དགེ་བསྙེན་དུ་བཙུན་པས་བཟུང་དུ་གསོལ་ཞེས་པའི་རྗེས་ཟློས་ལན་གསུམ་དུ་བྱས་པས་ཐོབ་པ་སོགས་གཞུང་གཞན་དང་འབོག་ཆོག་ཏུ་གསལ་བ་ལྟར་རོ། ། གཉིས་པ་ནི། རབ་ཏུ་བྱུང་བའི་སོགས་ཚིགས་བཅད་གསུམ་དང་རྐང་པ་གཅིག་སྟེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་བསླབ་ཚིགས་དགེ་ཚུལ་ཕ་མ། དགེ་སློང་ཕ་མ་རྣམས་ནི། ངེས་པ་ལྔ་དང་བར་ཆད་བཞི་རྣམས་དང་བྲལ་ལ། མཐུན་པའི་རྐྱེན་ཀུན་སློང་སོགས་ཚང་བར་དགོས་ཏེ། ངེས་པ་ལྔ་ནི།  མཐུན་རྐྱེན་ཚང་བའི་ཡུལ་འདིར་བསྲུང་གི་གཞན་དུ་བསྲུང་མི་ནུས་སྙམ་པ་ལྟ་བུ་ཡུལ། ལོའམ་ཟླ་བ་འདི་ཙམ་དུ་བསྲུང་གི་དེ་ཕན་ཆད་བསྲུང་མི་ནུས་སྙམ་པ་ལྟ་བུ་དུས། རྩོད་པའི་སྐབས་མ་གཏོགས་གཞན་དུ་བསྲུང་སྙམ་པ་ལྟ་བུ་ཚེ། དགྲ་མ་གཏོགས་གཞན་གྱི་སྲོག་མི་གཅོད་སྙམ་པ་ལྟ་བུ་སེམས་ཅན། བསླབ་བྱ་རགས་པ་འགའ་ཞིག་ལས་ཕྲ་བ་རྣམས་བསྲུང་མི་ནུས་སྙམ་པ་ལྟ་བུ་ཡན་ལག་ངེས་པ་སྟེ་དེ་ལྟ་བུའི་ངེས་པ་ལྔ་དང་བྲལ་བ། འདི་ནས་ནམ་འཚོའི་བར་དུ་ལེགས་ཉེས་སྐྱིད་སྡུག་ཇི་ལྟར་བྱུང་ཡང་བསླབ་པ་མི་འདོར་བའི་ངེས་པ་བརྟན་པོ་ཡོད་པ་དགོས། བར་ཆད་བཞི་ནི། རྟེན་མ་ནིང་དང་མཚམས་མེད་པའི་ལས་བྱས་པ། རང་གི་རྒྱལ་པོ་དང་ཕ་མས་རབ་ཏུ་བྱུང་བར་མ་གནང་བའམ་གནང་བ་མིན་པ་དང་། བྱ་རོག་སྐྲོད་པར་མི་ནུས་པའི་བྱིས་པ་དང་། སྐྲ་སེར་ཅན་དང་སྣ་རྡུམ་སོགས་སྐྱོན་དང་ལྡན་པ་སྟེ། བཞི་པོ་དེ་དག་གོ་རིམ་བཞིན་སྡོམ་པ་རྒྱུད་ལ་སྐྱེ་བའི་དང་། གནས་པའི་དང་།  ཡོན་ཏན་གོང་དུ་ཁྱད་པར་དུ་འགྱུར་བའི་དང་། མཛེས་པའི་བར་ཆད་དུ་འགྱུར་བ་བཞི་པོ་དེ་དག་དང་བྲལ་ཞིང་། གོང་དུའང་བཤད་པ་བཞིན་ཁམས་གསུམ་གྱི་སྡུག་བསྔལ་ལས་ངེས་པར་འབྱུང་ཞིང་ཞི་བདེ་བྱང་ཆུབ་གསུམ་འཐོབ་པར་འདོད་པའི་བློས་ཀུན་ནས་བསླངས་སྟེ་སྡོམ་པ་ལེན་འདོད་དང་ལྡན་པ་ནི་གང་རབ་ཏུ་དབྱུང་བྱའོ། །དེ་ལྟ་བུ་དེ་རབ་ཏུ་འབྱིན་བྱེད་ཀྱི་མཁན་པོ་དང་སློབ་དཔོན་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པ་སྟེ། བརྟན་པའི་ཡོན་ཏན་རང་ཉིད་སྡོམ་པ་ཐོབ་པ་མ་ཉམས་པ། མཁས་པའི་ཡན་ལག་སྡེ་སྣོད་སྤྱི་དང་འདུལ་བ་ལ་མཁས་པ། ཁྱད་པར་བསྒྲུབ་བྱའི་ངོས་ནས་མཁན་པོ་སོགས་ལ་ཉེས་པ་མཐོང་ཐོས་དོགས་གསུམ་ཀྱི་སྐྱོན་མེད་པའོ། །འདིའི་ཞར་ལ་མངོན་གྱུར་བཅུ་ཚང་དགོས་ཀྱང་འདིར་གཞུང་ཟོར་ཡང་བའི་དབང་དུ་བྱས་ཏེ་གཙོ་བོར་མཁན་སློབ་བསྟན་པས་དེ་དག་གཞུང་གཞན་དུ་བལྟས་ན་གོ་སླའོ། །དེ་ལྟ་བུའི་མཁན་སློབ་སོགས་དགེ་འདུན་མཚན་ཉིད་དང་ལྡན་པ་ཚོགས་པ་ལས་བསླབ་ཚིགས་གསུམ་པོ་སོ་སོའི་ཆོ་ག་ལས་ཇི་ལྟར་འབྱུང་བ་ལྟར་མ་འཁྲུལ་བ་བྱ་སྟེ། དང་པོར་མཁན་པོས་བར་ཆད་དྲི། དེ་ནས་དགེ་བསྙེན་དུ་བསྒྲུབས་ནས་མཁན་པོས་གཞན་གཅིག་ལ་རབ་ཏུ་བྱུང་ཆོག་པར་ཞུ་བཅུག་སྟེ་དེས་ཞུ། དེ་ནས་མཁན་པོ་ལ་མཁན་པོ་མཛད་དགོས་པར་བསྒྲུབ་བྱས་གསོལ་བ་གདབ། དེ་ནས་རབ་བྱུང་གི་རྟགས་སྐྲ་དང་ཁ་སྤུ་བྲེགས་པ་དང་ཆོས་གོས་གཉིས། གདིང་བ། ལྷུང་བཟེད། ཆུ་ཚགས་རྣམས་སྦྱིན་ཞིང་མིང་བརྗེ་སྟེ་བར་མ་རབ་བྱུང་དུ་བསྒྲུབ། དེ་ནས་སློབ་དཔོན་ལ་གཏད་དེ་སློབ་དཔོན་གྱིས་དགེ་ཚུལ་དུ་བསྒྲུབས་ནས་དུས་གོ་བས་དུས་གོ་བརྗོད། སླར་སློབ་དཔོན་གྱིས་བསླབ་པ་བརྗོད་པས་གྲུབ། དགེ་སློང་ངམ་བསྙེན་པར་རྫོགས་པ་ནི་ཐམས་ཅད་ལས་གྲལ་དུ་འདུས་པ་ལ། མཁན་པོ་ལ་གསོལ་བ་གདབ། ཆོས་གོས་གསུམ། ལྷུང་བཟེད་དགེ་འདུན་ལ་བསྟན་པ་དང་། ཆུ་ཚགས་བཅས་སོ་སོའི་སྔགས་ཚིག་གིས་སྦྱིན། གསང་སྟོན་པར་སྤྲོ་བ་དྲི། ལས་ཀྱིས་བསྐོས་པའི་དགེ་སློང་གིས་གསོལ་བའི་ལས་བྱ། གསང་སྟོན་པས་ལྐོག་ཏུ་བར་ཆད་དྲིས་ཏེ་ནང་དུ་དགེ་འདུན་ལ་བར་ཆད་ཀྱིས་དག་པ་ཞུ། དེ་ནས་བསྙེན་པར་རྫོགས་པར་གསོལ་བ་དང་བར་ཆད་དྲི་བའི་ཕྱིར་གསོལ་བའི་ལས་བྱ་བ་དང་བར་ཆད་དྲི། དེ་ནས་ལས་སློབ་ཀྱིས་བསྙེན་རྫོགས་དངོས་ཀྱི་ལས་བྱ་ཞིང་། ཐུར་མས་གྲིབ་ཚོད་གཞལ་ཏེ་དུས་གོ་བས་ཐོབ་པའི་དུས་བརྗོད་ཅིང་། མཇུག་ཏུ་གདམས་ངག་བརྗོད་པ་བཅས་ལས་ཀྱི་ཆོ་གར་འབྱུང་བ་ལྟར་དེ་དག་གོ་རིམ་བཞིན་དུ་ནོད་པར་བྱ་སྟེ། དེའང་རང་རྒྱུད་ལ་ཚིགས་གསུམ་གྱི་སྡོམ་པ་ཐོབ་པའི་དུས་མཚམས་བསྙེན་རྫོགས་ལ་རྗེས་ཟློས་མེད་པས་བརྗོད་པ་གསུམ་གྱི་མཐའ་དང་། གཞན་རྗེས་ཟློས་གསུམ་པ་ཉིད་ཀྱི་སྐད་ཅིག་དེར་ཐོབ་པའོ། ། བཞི་པ་ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། ། དང་པོ་ནི། བར་དུ་མི་ཉམས་བསྲུང་བ་ལ། །ཞེས་བསྟན་པ་ལ་ཞུགས་ཤིང་ཚིགས་གསུམ་རིམ་པར་ནོད་པའི་སྡོམ་པའམ་ཚུལ་ཁྲིམས་དེ་ཉིད་མ་བསྲུང་ན་དོན་མེད་པས་བསྲུང་དགོས་ལ། དེའི་ཚུལ་བཤད་པ་ལ་ཞེས་མདོར་བསྟན་པས་མཚམས་སྦྱར་བའོ། ། གཉིས་པ་ལ་གཉིས། ཁྱིམ་པའི་ཕྱོགས་ཀྱི་བསླབ་པ་དང། རབ་བྱུང་ཕྱོགས་ཀྱི་བསླབ་པའོ། ། དང་པོ་ལ་གསུམ། སྐྱབས་འགྲོའི། བསྙེན་གནས་ཀྱི། དགེ་བསྙེན་གྱི་བསླབ་པའོ། ། དང་པོ་ལ་གཉིས། ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་བསླབ་པའོ། །དང་པོ་གཉིས། དགག་པའི་བསླབ་བྱ། བསྒྲུབ་པའི་བསླབ་བྱའོ། །དང་པོ་ནི། བསླབ་བྱ་སྐྱབས་སོགས་ཚིགས་བཅད་གཅིག་སྟེ། ཁྱིམ་པའི་ཕྱོགས་ཀྱི་བསླབ་བྱ་ལས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་གསུམ་གྱི་རིམ་པ་དང་མཐུན་པར་སོ་སོའི་ཐུན་མོང་མ་ཡིན་པའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་སྐྱབས་གནས་ཀྱི་ལྷ་གཞན་དག་སྟེ་འཇིག་རྟེན་པའི་དབང་ཕྱུགཁྱབ་མཇུགཡུལ་ལྷ་གཞི་བདགརྒྱལ་བཙན་སོགས་ལ་སྐྱབས་མི་འཚོལ་བ་དང་། ཆོས་ལ་སྐྱབས་སུ་སོང་ནས་མིས་མཚོན་པའི་སྲོག་ཆགས་ཆེ་ཕྲ་ཀུན་ལ་འཚེ་བ་སྤང་བ་དང་། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དངོས་དང་། དེ་མཐུན་སྐྱེ་བོ་སྡིག་ལྟ་ཅན་ཐ་ཤལ་བ་རྣམས་དང་མི་འགྲོགས་ཤིང་ལྟ་སྤྱོད་མི་བསྲེ་བ་སྟེ་དགག་ཕྱོགས་ནས་བསྟན་པའི་བསླབ་བྱའོ། །གཉིས་པ་ནི། སཱཙྪ་སོགས་ཚིག་རྐང་གསུམ་སྟེ། སངས་རྒྱས་ཀྱི་སྐུ་རྟེན་སྐུ་གཟུགས་དང་ཐ་ན་སཱཙྪ་ཆག་དུམ་ཚུན་དང་། ཆོས་ཀྱི་རྟེན་ཡིག་འབྲུ་ན་གཅིག་ཡན་དང་། དགེ་འདུན་གྱི་གཟུགས་སྣམ་རས་ཀྱི་ལྷན་པ་སེར་པོ་བཏབ་པ་ཚུན་ཆད་སོ་སོར་མཆོག་གསུམ་དེ་དང་དེའི་འདུ་ཤེས་ཉེ་བར་བཞག་སྟེ་སྒོ་གསུམ་དང་བ་ཆེན་པོས་གཙུག་ཏུ་བཀུར་ཞིང་གུས་པ་ཁྱད་པར་ཅན་བསྐྱེད་པ་ནི་བསྒྲུབ་ཕྱོགས་ནས་བཤད་པའི་བསླབ་བྱའོ། །གཉིས་པ་ཐུན་མོང་གི་བསླབ་བྱ་ནི། བྱ་དགའི་ཆེད་དུ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ། མཆོག་གསུམ་ཐུན་མོང་གི་བསླབ་བྱའི་གནས་ནི། རང་གི་སྲོག་དང་། རྒྱལ་སྲིད་ལྟ་བུ་བྱ་དགའ་འམ་གཏང་རགས་ཆེན་པོའི་ཆེད་དམ་ཕྱིར་དུའང་དཀོན་མཆོག་མི་སྤང་བ་དང་། སྲོག་ལ་ཐུག་པ་ལྟ་བུའི་དགོས་གལ་ཇི་ལྟར་ཆེ་ཡང་དཀོན་མཆོག་ལ་ཁྱེད་ཤེས་ཀྱི་བློ་ལིང་སྐྱུར་དུ་བཀལ་བ་ལས་འཇིག་རྟེན་པའི་ཐབས་དང་བློ་རྩེ་གཞན་ལ་གཏོད་ཅིང་མི་འཚོལ་བ་དང་། དུས་ཀུན་ཏུ་དཀོན་མཆོག་གི་ཡོན་ཏན་དྲན་པས་བཟའ་བཏུང་གི་ཕུད་སོགས་ཀྱིས་མཆོད་པར་བྱ་བ་དང་། སྐྱབས་སུ་སོང་བའི་ཕན་ཡོན་ཁྱད་པར་ཅན་ཤེས་པའི་སྒོ་ནས་རང་ཉིད་སྐྱབས་སུ་འགྲོ་བ་དང་སེམས་ཅན་གཞན་ཡང་ཐབས་དུ་མས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་གཞུག་པ་དང་། རང་ཉིད་ཕྱོགས་བཅུ་གང་དུ་འགྲོ་ཡང་དེའི་ཕྱོགས་ཀྱི་སངས་རྒྱས་ཡིད་ལ་བཀོད་ནས་ཕྱག་འཚལ་བ་སྟེ་ལྔ་པོ་དེ་དག་དཀོན་མཆོག་གསུམ་ཐུན་མོང་གི་བསླབ་བྱར་ཇོ་བོ་རྗེ་སོགས་ཀྱིས་བཞེད་དོ། ། གཉིས་པ་བསྙེན་གནས་ཀྱི་བསླབ་བྱ་ལ་གཉིས། བསླབ་བྱ་དངོས་བཤད་པ། དེ་ཡན་ལག་ཏུ་འགྱུར་ཚུལ་བཤད་པའོ། །དང་པོ་ནི། མི་ཚངས་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། རང་གཞན་བདག་པོ་ཡོད་མེད་ཀྱི་ཐ་སྙད་མེད་པར་བུད་མེད་ཀྱི་རིགས་ལ་མི་ཚངས་པར་སྤྱོད་པ་དང་། གཞན་གྱི་ནོར་རྫས་རིན་ཐང་ཚང་བ་མཐུ་དང་འཇབ་བུས་མ་བྱིན་པར་ལེན་པ། མི་སོགས་སེམས་ཅན་གྱི་སྲོག་གཅོད་པ། མིའི་ཆོས་བླ་མ་མ་ཐོབ་པ་ཐོབ་པར་སྨྲ་བས་མཚོན་བདེན་པ་མིན་པའི་རྫུན་པ་སྨྲ་བ་དང་། འབྲུ་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུང་བ། མལ་ཆ་དང་སྟན་ཆེ་བ་རིན་པོ་ཆེ་དང་དར་ཟབ་ལས་བཅོས་པ། མཐོ་བ་ཁྲུ་གང་ངམ་དེ་ལས་ལྷག་པར་འདུག་པ་དང་ཉལ་བ་དང་། གླུ་གར་བྲོ་བཞད་རོལ་མོའི་བྱེ་བྲག་ལ་རྩེ་བ། ཕྲེང་བ་སྟེ་མེ་ཏོག་དང་རིན་པོ་ཆེའི་ཕྲེང་བས་ཐོད་དང་མགུལ་དུ་བརྒྱན་པ། ཁ་དོག་མཛེས་པའི་རྩི་བཀུས་པ་དང་ཙན་དན་སོགས་དྲི་ཞིམ་པོ་ལུས་ལ་བསྒོས་པ། དུས་མ་ཡིན་པ་ཕྱི་དྲོའི་ཁ་ཟས་ཏེ་འདི་བརྒྱད་ཉིན་ཞག་ཕྲུགས་གཅིག་ཏུ་བསྲུང་བ་ནི། འཕགས་པ་རྣམས་དང་ཉེ་བར་བསྙེན་པས་བསྙེན་གནས་ཀྱི་སྡོམ་པའམ། དགེ་བའི་ས་བོན་གསོ་ཞིང་སྡིག་པ་སྦྱོང་བར་བྱེད་པས་ན་གསོ་སྦྱོང་ཞེས་བྱའོ། །སྟེ་ཞེས་པ་ལྷག་མ་འདྲེན་པའི་སྒྲའོ། །གཉིས་པ་ནི། བཞི་གཅིག་སོགས་ཚིག་རྐང་གཉིས་ཏེ། གོང་དུ་བསྟན་པའི་རྩ་བ་བཞི། ཆང་སྤང་བ་གཅིགམལ་སྟན་ཆེ་མཐོ་གཉིས་གཅིག་ཏུ་བསྡོམས། གར་སོགས་ཕྲེང་སོགས་གཅིག་ཏུ་བརྩིས། ཕྱི་དྲོའི་ཁ་ཟས་སྤང་བ་བཅས་གསུམ་པོ་གོ་རིམ་བཞིན་ཚུལ་ཁྲིམས་དག་པའི་ཡན་ལགབླང་དོར་གྱི་གནས་ལ་བག་ཡོད་པའི་ཡན་ལགརྒྱགས་པ་དང་དྲེགས་པ་སོགས་སྐྱེ་བའི་ཁ་ན་མ་ཐོ་བའི་སྤྱོད་པ་བརྟུལ་ཞིང་འཕགས་པ་དགྱེས་པའི་ཚུལ་ལ་ཞུགས་པའི་ཡན་ལག་ཏུ་འགྱུར་བ་ཡིན་ཏེ། མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཞེས་གསུངས་པ་ལྟར་རོ། ། གསུམ་པ་དགེ་བསྙེན་གྱི་བསླབ་བྱ་ལ་གཉིས། དགེ་བསྙེན་གྱི་བསླབ་བྱ་ལྔ་ངོས་བཟུང་བ་དང་། བསྲུང་བའི་ཁྱད་པར་གྱིས་དགེ་བསྙེན་གྱི་དབྱེ་བ་བཤད་པའོ། ། དང་པོ་ནི། གསོད་རྐུ་སོགས་ཚིག་རྐང་གཉིས་ཏེ། དགེ་བསྙེན་གྱི་བསླབ་བྱ་ལ། མི་གསོད་པ། གཞན་གྱི་རྫས་རྐུ་བ། མི་ཆོས་བླ་མའི་རྫུན་དུ་སྨྲ་བ། གཞན་གྱི་བདག་པོ་ཅན་སོགས་མི་འོས་པའི་བུད་མེད་ལ་འདོད་པས་ལོག་པར་གཡེམ་པ་སྟེ་རྩ་བ་བཞི་དང་། དེའི་སྟེང་དུ་ཆང་སྤོང་པ་སྟེ་ཡན་ལག་དེ་ལྔ་བསྲུང་བ་དགེ་བསྙེན་གྱི་སྡོམ་པའོ། །སྟེ་ལྷག་བཅས་ཀྱི་སྒྲའོ། ། གཉིས་པ་ནི། སྣ་གཅིག་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ་དགེ་བསྙེན་གྱི་བསླབ་པ་དེ་དག་བསྲུང་པའི་ཁྱད་པར་གྱིས་སྲུང་བ་པོའི་དབྱེ་བའང་སྣ་གཅིག་སྤྱོད་པའི། སྣ་འགའ་སྤྱོད་པའི། ཕལ་ཆེར་སྤྱོད་པའི། ཡོངས་རྫོགས་སྤྱོད་པའི། ཚངས་པར་སྤྱོད་པའི། སྐྱབས་གསུམ་འཛིན་པའི། གོ་མིའི་དགེ་བསྙེན་ཏེ་བདུན་དུ་འགྱུར་ལ། དབྱེ་བ་དེ་ལྟར་འབྱུང་བའང་རིམ་པ་ལྟར། རྩ་བ་བཞི་ལས་སྲོག་གཅོད་སྤང་བ་གཅིག་པུ་ལ་བསླབ་པ་དང་། དེའི་སྟེང་དུ་མ་བྱིན་ལེན་སྤང་པ་ལྟ་བུ་གཉིས་ཙམ་ལ་བསླབ་པ་དང་། དེ་གཉིས་ཀྱི་སྟེང་དུ་རྫུན་སྤང་པ་ལྟ་བུ་གསུམ་ལ་བསླབ་པ་དང་། དེའི་སྟེང་དུ་ལོག་གཡེམ་སྤང་བ་ལྟ་བུ་རྩ་བ་བཞི་ཀར་བསླབ་པའམ། བསླབ་གཞི་ལྔ་ཀ་ཚང་བར་སྤང་བ་ལ་ཡོངས་རྫོགས་དང་། དེ་ཡང་ལོག་གཡེམ་ཙམ་དུ་མ་ཟད་རང་གཞན་གྱི་ཐ་སྙད་མེད་པར་བུད་མེད་ཀྱི་རིགས་ཐམས་ཅད་ལ་མི་ཚངས་པར་སྤྱོད་པ་སྤང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བའི་བསླབ་པ་ཐུན་མོང་དང་ཐུན་མིན་གོང་དུ་བསྟན་པ་ཙམ་ལ་བསླབ་པ་དང་། བསྙེན་གནས་སམ་གསོ་སྦྱོང་ཡན་ལག་བརྒྱད་པའི་དུས་ཁྲིམས་གཏན་ཁྲིམས་སུ་བྱས་ནས་ཇི་སྲིད་ནམ་འཚོའི་བར་དུ་བསྲུང་བ་རྣམས་སོ། །འདི་ལའང་བྱེ་མདོ་གཉིས་ཀྱི་འདོད་པའི་ཕྱོགས་མི་མཐུན་པའི་བཤད་ཚུལ་འདུག་ཀྱང་གཞན་དུ་གསལ་ལོ། ། གཉིས་པ་རབ་བྱུང་གི་ཕྱོགས་ཀྱི་བསླབ་བྱ་བཤད་པ་ལ་གཉིས། དགག་པའི་བསླབ་བྱ། བསྒྲུབ་པའིབསླབ་བྱའོ། ། དང་པོ་ལ་གསུམ། དགེ་ཚུལ་ཕ་མ། དགེ་སློབ་མ། དགེ་སློང་ཕ་མའོ། ། དང་པོ་ལ་གཉིས། བླངས་འདས་ཀྱི་རགས་སྡོམ་བཅུ་བཤད་པ་དང་། ཕྱོགས་མཐུན་ཉམས་པ་གསུམ་བཤད་པའོ། །དང་པོ་ནི། རྩ་བ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། བསླབ་གཞི་མང་པོ་ཐོས་ན་བག་ཞུམ་སྟེ་བསླབ་པ་ལེན་པ་ལས་ཕྱིར་ལྡོག་པ་སྤང་བའི་ཆེད་དུ་རགས་པ་བཅུར་བསྡུས་ཏེ་དགེ་སློང་སོགས་ཀྱི་སྐབས་སུ་བཤད་པའི་རྩ་བ་བཞི་དང་ཡན་ལག་གི་སྤང་བྱ་དྲུག་སྟེ་རགས་པ་མདོར་བསྡོམས་པས་བཅུ་པོ་དེ་དག་སྤངས་པ་ནི་དགེ་ཚུལ་གྱི་སྡོམ་པ་ཡིན་ཏེ། རྩ་བ་བཞི་པོ་རྗེས་ནས་རྒྱས་པར་འབྱུང་ལ། ཕྱི་མ་དྲུག་ནི་རྩ་བཞི་སྲུང་བའི་ཐབས་སུ་འགྱུར་བས་ཡན་ལག་ཅེས་བྱ་ཞིང་། དེའང་བསྙེན་གནས་ཡན་ལག་བརྒྱད་པོ་ལས། ཆང་དང་། གར་སོགས་ཕྲེང་སོགས་རྣམ་པ་གཉིས་དང་། དེའི་སྟེང་དུ་གསེར་དངུལ་ལེན་པ་དང་གསུམ་ལ། གར་སོགས་ལ་གླུ་གར་རོལ་མོ་གསུམ། ཕྲེང་སོགས་ལ་རྒྱན་ཕྲེང་དང་ཁ་དོག་འཆང་བ། སྤོས་ཉུག་པའམ་དྲི་བཟང་འཆང་བ་གསུམ་དུ་ཕྱེ་བ་དང་། མལ་ཆེ་མཐོ། ཕྱི་དྲོའི་ཁ་ཟས་སྤང་བ་རྣམས་ཏེ། མདོར་ན་ཆང་། གར་སོགས། ཕྲེང་སོགས། མལ་ཆེ་མཐོ། ཕྱི་དྲོའི་ཁ་ཟས། གསེར་དངུལ་སྤང་བ་སྟེ་འདི་དག་ནི་ཡན་ལག་དྲུག་ཏུ་འགྱུར་རོ། །དེ་ལས་བླངས་འདས་སོ་གསུམ་དུ་འགྱུར་བའི་ཚུལ་དང་། གནང་བའི་ཉེས་མེད་བཅུ་གསུམ་སོགས་ཡོད་མོད་ཀྱང་འདིར་རྩ་བའི་བསྲུང་བྱ་སྙིང་པོར་བསྡུས་པའི་དབང་དུ་མཛད་པས་དེ་དག་གཞན་དུ་བལྟའོ། །གཉིས་པ་ནི། མཁན་པོར་སོགས་ཚིགས་བཅད་གཅིག་སྟེ། རང་ཉིད་ཀྱི་མཁན་པོ་ལ་མ་གུས་པ་སོགས་བརྙས་པ་བྱས་པས་མཁན་པོར་གསོལ་བ་བཏབ་པ་ལས་ཉམས་པ་དང་། གོས་སྦུ་གུ་ཅན་སོགས་ཁྱིམ་པའི་སྤྱོད་ལམ་གྱི་དེའི་ཆས་གོས་བསམ་པ་ཐག་པས་ཉིན་གཅིག་ཙམ་གྱོན་ན་ཁྱིམ་པའི་རྟགས་སྤང་བ་དང་། རབ་བྱུང་གི་རྟགས་ལེན་པ་གཉིས་ཀ་ལས་ཉམས་པ་སྟེ། གོང་བཤད་རགས་སྡོམ་བཅུའི་སྟེང་དུ་དེ་ལྟར་ཉམས་པ་གསུམ་པོ་དེ་དག་བསྣན་པ་ཡིས་དགེ་ཚུལ་གྱི་སྤང་བྱ་བཅུ་གསུམ་དག་ཏུ་འདོད་པ་ཡིན་ཏེ། ཕྱི་མ་གསུམ་པོ་འདི་བར་མ་རབ་བྱུང་གི་སྡོམ་པ་གཏོང་བྱེད་དངོས་དང་། དགེ་ཚུལ་གྱིའང་བསླབ་པ་ཉམས་པར་བྱེད་པའི་ཕྱོགས་མཐུན་པ་ཡིན་པས་འདིར་བསྣན་པའོ། །སྤྱིར་དགེ་ཚུལ་གྱིས་ཀྱང་གནང་བའི་ཉེས་མེད་རྣམས་མ་གཏོགས་སྤང་བླང་དགེ་སློང་དང་འདྲ་བས་བག་མེད་པར་མི་བྱའོ། ། དགེ་སློབ་མའི་བསླབ་བྱ། གཉིས་པ་དགེ་སློབ་མའི་བསླབ་བྱ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། དགེ་སློབ་མ་ནི་དེ་ཡི་སྟེང་། །ཞེས་པ་དགེ་ཚུལ་མའི་བསླབ་གཞི་བཅུ་བཤད་མ་ཐག་པ་དེའི་སྟེང་དུ་དགེ་སློབ་མའི་སྡོམ་པ་བླངས་ཏེ་བསྲུང་ངོ་། །ཞེས་སོ། །གཉིས་པ་ལ་གཉིས། རྩ་བའི་ཆོས་དྲུགརྗེས་མཐུན་གྱི་ཆོས་དྲུག་བཤད་པའོ། །དང་པོ་ནི། གཅིག་པུ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། ལམ་དུ་གྲོགས་མེད་པར་རང་ཉིད་གཅིག་པུར་འགྲོ་བ། ཆུ་བོའི་ཕ་རོལ་ཏུ་རྐྱལ་བ། སྐྱེས་པའི་ལུས་ལ་ཆགས་སེམས་ཀྱིས་རེག་པ། སྐྱེས་པ་དང་ལྷན་ཅིག་གྲོགས་མེད་པར་འདུག་པ། སྐྱེས་པ་དང་བུད་མེད་གཉེན་སྦྲེལ་བའི་ཕྲིན་དང་ཐབས་བྱ་བའི་སྨྱན་དང་། གཞན་གྱི་ལྟུང་བའམ་ཉེས་པ་མཐོང་བ་གསང་ཞིང་འཆབ་པར་བྱ་བ་སྤོང་བ་སྟེ་འདི་དག་རྩ་བའི་ཆོས་དྲུག་ཡིན་ནོ། །གཉིས་པ་ནི། གསེར་བཟུང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དོན་གོ་བར་སླ་བས་མ་སྤྲོས་སོ། ། དགེ་སློང་ཕ་མའི་བསླབ་བྱ་བཤད་པ་ལ། གསུམ་པ་དགེ་སློང་ཕ་མའི་བསླབ་བྱ་ལ་གཉིས། དགེ་སློང་ཕའི། དགེ་སློང་མའི་བསླབ་བྱའོ། ། དགེ་སློང་ཕའི་བསླབ་བྱ། དང་པོ་ལ་གཉིས། བསྟན་པ། བཤད་པའོ། ། མདོར་བསྟན་པ། དང་པོ་ནི། དགེ་སློང་སོགས་ཚིགས་རྐང་གཉིས་སྟེ། བསྙེན་པར་རྫོགས་པའམ་དགེ་སློང་གི་ཁྲིམས་ཀྱི་བསླབ་པ་ནི་རྣམ་གྲངས་ཉིས་བརྒྱ་དང་ནི་ལྔ་བཅུ་རྩ་གསུམ་ཡོད་དོ། །ཞེས་པའོ། ། རྒྱས་པར་བཤད་པ་ལ། གཉིས་པ་ལ་ལྔ། ཕམ་པ། ལྷག་མ། ལྟུང་བྱེད། སོར་བཤགས། ཉེས་བྱས་སོ། ། ཕམ་པ་བཞི་བཤད་པ། དང་པོ་ལ་གསུམ། བསྟན་པ། བཤད་པ། བསྡུ་བའོ། །དང་པོ་ནི། དེ་ལས་ཕམ་པ་བཞི་ཞེས་པ། ཞེས་བཅས་ལྡན་གྱི་དགེ་སློང་གིས་བསྲུང་ན་སྡོམ་པ་ཕྱི་མ་ཐམས་ཅད་ཀྱི་རྩ་བ་དང་། ཉམས་ན་གཉེན་པོའི་ཕྱོགས་མ་ལུས་པ་ཕམ་པར་བྱེད་པ་སྟེ། དབྱེ་ན་བཞི་ཡོད་དོ། །ཞེས་སོ། །འདི་ནས་བརྩམ་སྟེ་ལྟུང་བ་སྡེ་ལྔ་སོགས་ཐམས་ཅད་ལ་ཐོག་མར་བཅས་པ་མཛད་པའི་གླེང་གཞི་ཇི་ལྟར་བྱུང་བའི་ཚུལ་དང་སྦྱར་ཏེ་སྨོས་ན་གོ་དོན་སོགས་ལ་གལ་ཆེ་ཡང་འདིར་ཚིག་ཙམ་བཀྲོལ་བའི་སྐབས་སུ་མང་གིས་དོགས་པས་ལུང་དང་གླེང་འབུམ། འབྲུག་ཆེན་པད་དཀར་སྡོམ་གསུམ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི། རྨ་ཡི་སོགས་ཚིགས་སུ་བཅད་པ་བཞིས་བསྟན་དེ། མི་ཚངས་སྤྱོད་ཀྱི་ཕམ་པ་ནི་སྐྱེ་གནས། ཁ་དང་གཤང་ལམ་སྟེ་རྨ་ཡི་སྒོ་གསུམ་པོ་གང་ཡང་རུང་བ་མ་ཉམས་པར། རེག་པ་དེ་མྱང་འདོད་ཀྱི་ཆགས་སྤྱོད་དོན་དུ་གཉེར་བ་ཡིས། ནོར་བུའམ་ཕོ་དབང་སྒོ་གསུམ་གྱི་ཁ་ཤུན་སོ་དང་ལྤགས་པའི་རིམ་པ་ལས་ཕར་འདས་ཏེ་བཅུག་ཅིང་འཁྲིག་པས་མཐར་ལུས་ལ་ཚོར་བ་བདེ་ཞིང་སིམ་པའི་རོ་མྱོང་བ་བདག་གིར་ཐོབ་པའོ། ། མ་བྱིན་ལེན་གྱི་ཕམ་པ་ནི། རང་ཉིད་དང་ནོར་རྫས་མི་གཅིག་པ་མི་གཞན་གྱིས་བདག་ཏུ་བཟུང་བའི་རྫས་སམ་དངོས་པོ་གང་ཞིགརང་གི་བཟའ་བཏུང་བགོ་བ་ལ་སོགས་འཚོ་བའི་ཕྱིར་དུ་ཐོབ་ན་ཅི་མ་རུང་། ཐོབ་པར་བྱའོ་སྙམ་པའི་རྐུ་བའི་སེམས་ཀྱིས་ཀུན་ནས་བསླངས་ཏེ། མི་གཞན་གྱི་ནོར་རྫས་མིན་པ་ལ་ཡིན་པར་འཁྲུལ་པ་ལྟ་བུ་མ་ནོར་བར། ཡུལ་དང་གནས་སྐབས་དུས་ཚོད་དང་བསྟུན་པའི་རིན་ཐང་ཚང་བ་ནས་ཁལ་ཕྱེད་ལོངས་པ་ཙམ་གྱིས་མཚོན་པ་ནི། གཞན་བདག་པོ་དེས་མ་བྱིན་བཞིན་དུ་མཐུ་ཡི་སྒོ་ནས་བཙན་འཕྲོག་དང་། འཇབ་བུའི་སྒོ་ནས་མི་རིག་མི་ཚོར་བར་བླངས་ཏེ་བདག་གིར་བྱས་ནས་ཐོབ་པ་དང་། སྲོག་གཅོད་ཀྱི་ཕམ་པ་ནི། རང་ལས་རྒྱུད་གཞན་པའི་མིའམ་མི་ཉིད་དུ་ཆགས་པ་སྟེ་མའི་མངལ་དུ་མེར་མེར་པོ་ལ་སོགས་པའི་གནས་སྐབས་དེ་དག་གང་ཡང་རུང་བ་བདག་གིས་གསད་པར་བྱའོ་སྙམ་དུ་གསོད་པར་འདོད་པའི་སེམས་ཀྱིས་ཀུན་ནས་བསླང་སྟེ་གྲི་མདུང་སོགས་མཚོན་ཆ། སྦྱར་བ་ལ་སོགས་པའི་དུགརིག་སྔགས་ཀྱི་སྦྱོར་བ། མངལ་གྱི་གནས་སྐབས་བཤིག་པའི་སྨན་གྱི་སྦྱོར་བ་དག་གིས་བྱེད་པ་པོ་རང་ཉིད་དམ། གཞན་ལ་བྱ་དགའ་སོགས་ཀྱི་བཅོལ་ནས་བསད་དེ་མཐར་ཤི་བ་དང་། དེ་ལྟ་བུ་ལ་རྗེས་སུ་ཡི་རང་གི་བསྔགས་པ་བརྗོད་པ་ཚུན་གྱིས་ཤི་རྐྱེན་བྱས་ནའང་འདྲའོ། ། རྫུན་དུ་སྨྲ་བའི་ཕམ་པ་ནི། ཡུལ་སྨྲ་ཤེས་པ། དོན་གོ་བ། མི་ཡིན་པ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་མ་ཡིན་པ་སྟེ་མི་ཐ་སྙད་ལྔ་དང་ལྡན་པའི་སྐྱེ་བོ་ལ། རང་ཉིད་གོང་དུ་འཕགས་པའི་ཡོན་ཏན་མེད་བཞིན་དུ་བཟང་པོ་མིན་པ་ལ་ཡིན་པར་བརྫུ་བའི་སྒོ་ནས་གཞན་བསླུ་བར་འདོད་པའི་བསམ་པའམ་འདུ་ཤེས་ཀྱིས། ལྐོག་གྱུར་གྱི་དངོས་པོ་མངོན་པར་ཤེས་པ་དང་། སོགས་ཁོངས་ནས་རྫུ་འཕྲུལ། ས་ལམ་གྱི་ཡོན་ཏན་སོགས་འདོད་ཁམས་པའི་མིའི་ཆོས་ལས་ཁྱད་པར་གོང་དུ་འཕགས་པའམ་བླ་མའི་ཆོས་མ་ཐོབ་པར་ཐོབ་པོ་ཞེས་རང་ལ་མེད་པ་ཡོད་པར་སྒྲོགས་པ་ཕ་རོལ་གྱི་ཡུལ་དེས་དེའི་དོན་གོ་བའོ། །གསུམ་པ་ནི། ཡུལ་བསམ་སོགས་ཚིགས་བཅད་གཅིག་སྟེ། གོང་དུ་བཤད་པའི་ཕམ་པ་བཞི་པོ་འདི་རྣམས། ཡུལ་ལམ་གཞི་མིའམ་མིར་ཆགས་པ། བསམ་པ་བདག་གིས་བསད་དོ་སྙམ་པ། སྦྱོར་བ་མཚོན་སོགས་བླངས་ཏེ་བསྣུན་ཅིང་གསོད་པའི་བྱ་བ་ལས་མ་བཟློག་པ། མཐར་ཐུག་གམ་དངོས་གཞི་སྲོག་གི་དབང་པོ་འགག་པ་སྟེ། གཞན་གསུམ་ལའང་དེས་བསྒྲེས་པའི་ཡན་ལག་བཞི་པོ་འདི་དག་ཚང་བར་གྱུར་ན་མི་མཐུན་ཕྱོགས་ཀྱིས་གཉེན་པོ་མཐུ་མེད་པར། ལྗོན་པའི་རྩ་བ་མེས་བསྲེག་པའམ། རྩིག་པའི་མཁར་ལ་སྒྱོགས་ཀྱི་འཁྲུལ་འཁོར་བཞིན་བརླག་པའམ་བཅོམ་པའི་ཕྱིར་ན་ཕས་ཕམ་པ་བཞིའམ་རྩ་བ་བཞི་ཞེས་བདུད་ལས་རྒྱལ་བ་སྟོན་པ་སངས་རྒྱས་ཀྱིས་གསུངས་ཏེ། འདི་བཞི་གང་ཡང་རུང་བ་ཞིག་བྱས་ན། དགེ་སློང་རྣམས་དང་ལྷན་ཅིག་གནས་པ་དང་དགེ་འདུན་གྱི་རྫས་ལོངས་སྤྱོད་དུ་མི་དབང་བས་གནས་པར་མི་བྱའོ། །ཞེས་གསུངས་སོ། ། ༢ལྷག་མ་བཅུ་གསུམ་བཤད་པ། གཉིས་པ་ལྷག་མའི་སྡེ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། དགེ་འདུན་ལྷག་མ་བཅུ་གསུམ་ནི། །ཞེས་པ་གསོ་བ་དགེ་འདུན་ལ་ལྟོས་ཤིང་སྡོམ་པ་རྣམ་དག་གི་ལྷག་མ་ཅུང་ཟད་ཙམ་དུ་བྱེད་པ་སྟེ། དབྱེ་ན་བཅུ་གསུམ་ཡོད་པ་ནི། ཞེས་པའོ། །གཉིས་པ་ནི། རང་དང་སོགས་ཚིགས་བཅད་གསུམ་དང་རྐང་པ་གསུམ་གྱིས་བསྟན་ཏེ། བསྒྲོད་བྱ་ལམ་གསུམ་མིན་པ་རང་ངམ་གཞན་གྱི་ཡན་ལག་གི་གནས་ལ་རྩོལ་ཏེ་ཁུ་བ་འབྱིན་པར་བྱེད་པ་དང་། ཆགས་པའི་སེམས་ཀྱིས་མཚན་ཉིད་དང་ལྡན་པའི་བུད་མེད་ཀྱི་ཤ་རྗེན་པ་དང་སྐྲ་སོགས་ལ་རེག་ཅིང་འཛིན་པ་དང་། དེ་བཞིན་དུ་བུད་མེད་ལ་ཆགས་སེམས་ཀྱིས་བདག་ཅག་གཉིས་པོ་སྤྲོད་དོ་ལྟ་བུའི་འཁྲུག་པ་སྤྱོད་པའི་ཚིག་མ་བསྒྲིབས་རྗེན་པར་སྨྲ་བ་དང་། བུད་མེད་ལ་ཆགས་པ་དོན་དུ་གཉེར་བས་བདག་ལྟ་བུའི་དགེ་སློང་ལ་འཁྲིག་པས་བསྙེན་བཀུར་ན་མཆོག་གམ་ལྷག་གོ་ཞེས་བསྙེན་བཀུར་ལ་བསྔགས་པ་དང་། སྐྱེས་པ་དང་བུད་མེད་ཕན་ཚུན་སྤྲད་པར་བྱ་བའི་ཕྱིར་རང་ངམ་གཞན་མངགས་གཞུག་ལ་བཅོལ་ཏེ་འཕྲིན་ལན་གསུམ་བསྐྱལ་བ་སྟེ་སྨྱན་བྱེད་པ་དང་། ཡུལ་དེའི་རྒྱལ་པོས་མ་གནང་བ་སོགས་ཀྱིས་གཞན་དང་རྩོད་པ་ཅན་དང་། སྦྲུལ་ལ་སོགས་སྲོག་ཆགས་མང་དུ་གནས་པ་དང་། ཆུ་མིག་བརྡོལ་བ་སོགས་གཞི་མི་བརྟན་པ་སྟེ་མ་དག་གསུམ་དང་ལྡན་པའི་ས་གཞིར་དགེ་འདུན་ལས་གནང་བ་མ་ཐོབ་པར་རང་དོན་དུ་ཁང་བ་སྲིད་དུ་ཁྲུ་བཅོ་བརྒྱད། ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་གི་ཚད་ལས་ལྷག་པའི་ཁང་བ་བརྩིགས་པ་དང་། དེ་ལྟ་བུའི་གཞི་དེར་དཀོན་མཆོག་གི་ཆེད་དུ་དགེ་འདུན་ལས་གནང་བ་མ་ཐོབ་བཞིན་ཁང་ཆེན་ཏེ་གཙུག་ལག་ཁང་ངམ་ཚོམས་ཆེན་བརྩེགས་པ་དང་། དགེ་སློང་གཞན་ལ་མཐོང་ཐོས་དོགས་པའི་སྒོ་ནས་སྐུར་འདེབས་ཀྱི་གཞི་མེད་པའམ་བསྙད་འདོགས་པའི་གཞི་བག་ཙམ་སྟེ་ཅུང་ཟད་ལ་བརྟེན་ནས་དེ་ལ་ཕམ་པ་བྱུང་ངོ་ཞེས་པས་སྐུར་བ་འདེབས་པ་གཉིས་དང་། མཚམས་གཅིག་ཏུ་བློ་མི་མཐུན་པར་དབྱེན་དང་ཕྲ་མའི་སྦྱོར་བས་དེར་འདུས་ཀྱི་དགེ་འདུན་ཕྱོགས་གཉིས་སུ་དབྱེ་བས་གསོ་སྦྱོང་སོགས་ལས་ཆ་གཉིས་སུ་བྱེད་པ་ཟློག་བྱེད་ཀྱིས་བཟློག་ཀྱང་མི་གཏོང་བའི་དབྱེན་དང་། དགེ་འདུན་གྱི་དབྱེན་བྱེད་པ་དེའི་རྗེས་སུ་ཕྱོགས་ནས་ཁྱོད་ཀྱི་ལས་དེ་ནི་བཟང་ངོ་། །དེ་ལྟར་འོས་སོ་སོགས་སྨྲ་བས་བསླབ་པ་དང་འགལ་བར་བྱེད་པ་ཟློག་བྱེད་ཀྱིས་བཟློག་ཀྱང་མི་གཏོང་བ་དང་། དགེ་སློང་འགའ་ཞིག་ཆང་བཏུང་བ་དང་བུད་མེད་དང་སྤྱོད་ལམ་བསྲེ་བ། ཁྱིམ་པའི་ཕྱོགས་ཀྱི་ཆས་གོས་སྤྱོད་ལམ་ལ་ཞུགས་པ་སོགས་ཀྱིས་ཁྱིམ་པ་རྣམས་སུན་འབྱིན་པ་སྟེ་མི་དད་པར་བྱེད་པའི་ཚེ། བྱེད་པ་པོ་དེ་དགེ་འདུན་གྱིས་གནས་ནས་བསྐྲད་པ་ན་དགེ་འདུན་ལ་བསྙོན་ལོག་བཏབ་སྟེ་སྐྲོད་པ་པོར་སྐུར་བ་འདེབས་ཤིང་གཤེ་བ་དང་། དགེ་སློང་གཞན་ལ་ལྟུང་བ་བྱུང་བ་ཁྱོད་ཀྱིས་ཕྱིར་ཆོས་ཤིག་ཅེས་བསྐུལ་ཞིང་གླེང་བ་ན་ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་། བདག་ལ་ཅང་མ་ཟེར་ཅེས་དང་དུ་མ་བླངས་པ་བཀའ་བློ་མི་བདེ་བ་ཞེས་བྱ་སྟེ་ཟློག་ཀྱང་མི་ཉན་པ་བློ་མི་བདེ་བར་བྱེད་པ་རྣམས་སོ། ། ༣ལྟུང་བྱེད་བཤད་པ་ལ། གསུམ་པ་ལྟུང་བྱེད་ལ་གཉིས། སྤང་ལྟུང་སུམ་ཅུ་བཤད་པ། ལྟུང་བྱེད་འབའ་ཞིག་བཤད་པའོ། ། སྤང་ལྟུང་སུམ་ཅུ་བཤད་པ། དང་པོ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། སྤང་བའི་ལྟུང་བ་སུམ་ཅུའི་སྡེ། །ཞེས་པ་གང་ལ་ལྟུང་བ་བྱུང་བའི་དངོས་པོ་དེ་དང་པོར་ཕྱིར་སྤངས་བའི་སྒོ་ནས་བཅོས་དགོས་ཤིང་། མ་བཅོས་ན་ངན་འགྲོར་ལྟུང་བས་ན་སྤང་ལྟུང་སྟེ། དབྱེ་ན་སུམ་ཅུ་ཡོད་དོ། །གཉིས་པ་ནི། བྱིན་མ་བརླབས་སོགས་ཚིགས་བཅད་བཅུ་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། གོས་ཀྱི་སྡེ་ལ། ཆོས་གོས་ཚད་ལྡན་ཡོད་བཞིན་དེ་དྲུབ་པའམ། དེའི་རྒྱུ་འཁོར་གསུམ་ཁེབས་པ་ཡན་ཆད་བྱིན་གྱིས་མ་བརླབས་པར་ཞག་བཅུ་འདས་པར་འཆང་བ་ན་བཅུ་གཅིག་པའི་སྐྱ་རེངས་དང་པོ་འཆར་དུས་ལྟུང་བར་འགྱུར་ཏེ། འདི་དང་ལྷུང་བཟེད། སྨན་ལྟུང་བ་རྣམས་ལ་ཤན་འཇུག་ཚུལ་དང་བྱིན་བརླབ་ཚུལ་སོགས་དང་། འབྲལ་སྤང་སྐབས་མཚམས་ཐ་དད་དང་། གནང་བ་སོགས་ཀྱི་རྣམ་གཞག་གལ་ཆེའང་འདིར་ཡི་གེས་འཇིགས་ལ་པད་དཀར་སྡོམ་གསུམ་སོགས་གཞན་དུ་བལྟའོ། །བྱིན་གྱིས་བརླབས་པའི་ཆོས་གོས་གསུམ་གང་རུང་དང་བྲལ་ནས་གནས་ཐ་དད་པར་ཞག་གཅིག་ལོན་པ་དང་། དེ་བཞིན་དུ་ཆོས་གོས་གསུམ་གང་རུང་མེད་པ་ལ་ཁ་སྐོང་གི་རེ་བ་དང་བཅས་པས་གོས་རྒྱ་ཚད་ཁྲུ་གང་ནས་འཁོར་གསུམ་ཁེབས་པའི་བར་བྱིན་གྱིས་མ་བརླབས་པར་ཟླ་བ་གཅིག་གི་བར་དུ་འཆང་ཞིང་འཇོག་པ་སྟེ། ཞག་སོ་གཅིག་པའི་སྐྱ་རེངས་ཤར་བ་ན་འདིའི་ལྟུང་བར་འགྱུར་རོ། །ཐ་སྙད་བརྒྱད་དང་ལྡན་པའི་དགེ་སློང་མ་ལ་རང་གི་ཆོས་གོས་འཁྲུར་འཇུག་པ་དང་། དེ་ལ་ཐ་སྙད་བརྒྱད་ནི། བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་པ། ལྟ་བ་མཐུན་པ། མཚན་མི་མཐུན་པ། ལུས་བསྟེན་དུ་རུང་བ། ལུས་ཐ་མལ་དུ་གནས་པ། ཐ་སྙད་གསུམ་དང་ལྡན་པ། ཉེ་དུ་མིན་པ། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་སྟེ་བརྒྱད་དོ། །དེ་ལས་གོས་ཀྱི་རྒྱུ་འཁོར་གསུམ་ཁེབས་པ་ཡན་བསླངས་ཏེ་བླངས་པ་དང་། འཁོར་གསུམ་ནི་ལྟེ་བ་དང་། པུས་མོ་གཉིས་ཏེ་གསུམ་མོ། །ཁྱིམ་པ་མཚན་ཉིད་དང་ལྡན་པ་ཡིན་པ། ཐ་སྙད་ལྔ་དང་ལྡན་པ། རང་ལས་ནོར་ཐ་དད་པ་ཡིན་པ། ལུས་ཐ་མལ་དུ་གནས་པ། ཅི་བདེར་སྟོབ་པ་མ་ཡིན་པ། ཉེ་དུ་མ་ཡིན་པ་སྟེ་ཁྱད་ཆོས་དྲུག་ལྡན་ལ་རང་ལ་ཆོས་གོས་གསུམ་ཡོད་བཞིན་གོས་རྒྱུ་འཁོར་གསུམ་ཁེབས་པའི་ཚད་ལོངས་བ་བསློངས་ཏེ་ཐོབ་པའོ། །ཐ་སྙད་ལྔ་ནི། སྨྲ་ཤེས། དོན་གོ། མི་ཡིན། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་ཟ་མ་མིན་པའོ། །ཆོས་གོས་གསུམ་ཚང་བར་མེད་ན་ཉེ་མིན་ཁྱིམ་པར་སློངས་རིགས་ཏེ། འང་གི་སྒྲས་གོས་མང་པོ་ལྷན་ཅིག་སྟེར་ན་སྟོད་གཡོགས་སམ་སྨད་གཡོགས་སོགས་གཅིག་ལས་ལྷག་པོ་བླངས་པ་དང་། ཉེ་དུ་མིན་པའི་ཁྱིམ་པས་རང་ལ་སྦྱིན་པར་བྱའོ་བསམ་ཏེ་བློས་སྤགས་པའི་ཆོས་གོས་དག་རིན་ཐང་དང་ཁྲུ་ཚད་ཀྱིས་དྲན་པ་བརྗོད་དེ་དེ་ལས་བཟང་བ་ཞིག་དགོས་ཞེས་བསླངས་ནས་ཐོབ་པ་དང་། ཉེ་མིན་གྱི་ཁྱིམ་པ་ཕོ་མོ་གཉིས་ཀྱིས་སོ་སོ་ནས་སྔར་ལྟར་གོས་རེ་འབུལ་བར་བྱའོ་ཞེས་བློས་སྤགས་པའང་རིན་ཚད་ཀྱིས་དྲན་པ་བརྗོད་དེ་དེ་ལས་བཟང་བ་བསླངས་ཏེ་ཐོབ་པ་སྔ་མ་དེ་བཞིན་ནོ། །སྦྱིན་བདག་གིས་རང་ཉིད་ལ་ཆོས་གོས་ཀྱི་རིན་ནམ་རྒྱུ་རུང་བ་མིན་པ་གསེར་དངུལ་སོགས་རིན་པོ་ཆེའི་རིགས་ཕོ་ཉ་ལ་བསྐུར་བ། དེས་དགེ་སློང་ལ་འབུལ་བའི་ཚེ་བླང་ཞིང་རེག་ཏུ་མི་རུང་བས་དགེ་འདུན་གྱི་ཞལ་ཏ་པའམ་གཡོག་པོ་ལ་སྤྲད་བཅོལ་བ་ལ་དགོས་དུས་སུ་མ་བྱུང་ན་དངོས་སུ་སྤྲོད་ཅིག་ཅེས་བསྐུལ་བ་ལན་གསུམ་བྱ། དེས་མ་བྱུང་ན་ཁོའི་གན་དུ་ཅང་མི་སྨྲ་བས་བསྡད་དེ་ཨེ་སྤྲོད་ལྟ་བ་ལན་གསུམ་བྱ། བསྐུལ་བསྡད་དྲུག་པོ་དེ་ལས་ལྷག་པར་བསྙེགས་ཏེ་གོས་ཐོབ་པ་ན་བསྐུར་བའི་སྤང་ལྟུང་རྣམས་སོ། །སྟན་གྱི་སྡེ་ལ། རིན་ཐང་ཆེ་བ་སྲིན་བལ་གྱི་ནང་ཚངས་ཅན་གྱི་སྟན་བྱེད་པ་དང་། དཀོན་པའི་སར་བལ་ནག་པོ་ནི་འབའ་ཞིག་གི་སྟན་དང་། སྟན་ལ་ཆ་བཞིར་བགོས་པའི་ཆ་གཉིས་ལས་ལྷག་པ་བལ་ནག་གིས་བྱས་པའི་སྟན་དང་། ལོ་དྲུག་གི་བར་དུ་སྤྱད་རུང་བའི་སྟན་ཡོད་བཞིན་དུ་ལོ་དྲུག་མ་སོང་བར་དེའི་གོང་དུ་སྟན་གཉིས་པའམ་གསར་པ་ཆེད་དུ་བཟོ་བ་དང་། གདིང་བ་གསར་པ་དྲུབ་པའི་ཚེ་རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་མིའི་ཁྲུ་ཕྱེད་དོ་ཡིན་པ་དེ་མ་གླན་པར་གདིང་བ་གསར་པ་བཟོ་བ་དང་། ཆགས་སེམས་ཀྱིས་ཀུན་ནས་བསླངས་ཏེ་བལ་དང་སྣམ་རས་སོགས་ཀྱི་ཁུར་ཁྱེར་ནས་ཉིན་གཅིག་ལ་རྒྱང་གྲགས་ལས་འདས་པར་ཕྱིན་པ་དང་། །རང་གི་ཉེ་མིན་གྱི་དགེ་སློང་མ་ལ་བལ་འཁྲུད་པ་དང་རྨེལ་བ་སོགས་བྱེད་དུ་འཇུག་པ་དང་། ཆགས་སེམས་ཀྱིས་རུང་བ་མ་བྱས་པ་གསེར་དངུལ་ལེན་པའམ་རག་པ་དང་། རུང་བ་ནི་གསེར་དངུལ་དེ་དག་སྦྱིན་བདག་གམ་ཞལ་ཏ་པ་བདག་པོར་ཁས་ལེན་དུ་གཞུག་པ་དང་། བྱིན་རླབས་བྱ་བ་སོགས་སོ། །ཆགས་སེམས་ཀྱིས་ཉེ་མིན་ཁྱིམ་པ་ལ་རང་གི་ནོར་རྫས་གསེར་དངུལ་ལ་སོགས་པ་བུན་སྐྱེད་དམ་ཁེ་སྤོགས་བྱེད་བཅུག་པ་མངོན་མཚན་ཅན་གྱི་སྤང་བ་དང་། རིན་པོ་ཆེ་སོགས་མིན་པའི་དངོས་པོ་འབྲུ་ལ་སོགས་པ་གཞན་ལ་ཁེ་སྤོགས་བསྒྲུབ་པའི་ཆེད་དུ་ཚོང་བྱས་པ་སྟེ་སྔ་ཕྱི་དེ་དག་སྐྱེད་ཐོབ་པ་ན་དངོས་གཞིར་འགྱུར་བར་གསུངས་སོ། །ལྷུང་ཟེད་ཀྱི་སྡེ་ནི། བྱིན་གྱིས་མ་བརླབས་པའི་ལྷུང་བཟེད་ཞག་བཅུ་འདས་པར་འཆང་བ་དང་། རང་ལ་ལྷུང་བཟེད་ཚད་ལྡན་ཡོད་བཞིན་ཁྱིམ་པ་ཉེ་མིན་གྱི་སྦྱིན་བདག་ལས་ལྷུང་བཟེད་གཉིས་པ་འཚོལ་ནས་ཐོབ་པ་དང་། །ཁྱིམ་པ་ཉེ་མིན་གྱི་ཐ་ག་པའམ་ཐགས་མཁན་ལ་གླ་རྔན་མི་སྟེར་བར་ཐགས་འཐག་ཏུ་འཇུག་པ་དང་། ཉེ་མིན་ཁྱིམ་པས་ཐགས་བཏགས་ནས་རང་ལ་སྟེར་བར་ཁས་བླངས་ཏེ་བསྔོས་པའི་གོས་སམ་སྣམ་བུ་འཐག་མཁན་ལ་བརྔན་པ་བྱིན་ཏེ་སྦྱིན་བདག་གི་བློ་དང་མི་འཚམ་པར་འཐགས་ཅིང་རྒྱ་ལྷག་པར་བསྐྱེད་དེ་འཐག་ཏུ་བཅུག་པ་དང་། རང་གིས་དགེ་སློང་གཞན་ལ་ཆོས་གོས་སོགས་ཡོ་བྱད་སྔར་བྱིན་པ་སླར་ཚུར་འཕྲོག་པ་དང་། བརྟད་པ་ལས་བྱུང་བའི་གོས་ཞེས་དབྱར་ནང་དུ་བྱུང་བའི་གོས་སོགས་བཟའ་བཅའ་མིན་པ་སྦྱིན་དུས་དགག་དབྱེའི་ཕྱི་དེ་ཉིན་པར་སྤྱི་ལ་བགོ་བར་བཤད་པ་ལ་དེ་ཉིན་མ་དགོས་བའམ། དེའི་སྔོན་དགག་དབྱེ་མ་བྱས་པར་བདག་གིར་བྱས་པ་དང་། དགེ་སློང་དགོན་པ་བས་དགྲ་རྐུན་གཅན་གཟན་སོགས་འཇིགས་པ་དང་བཅས་པའི་དགོན་པར་ཆོས་གོས་སྣམ་སྦྱར་ཞག་དྲུག་འབྲལ་ཆོག་པར་གནང་ཡང་དེ་དང་བྲལ་ནས་ཞག་བདུན་ལོན་ཏེ་སྐྱ་རེངས་ཤར་བ་དང་། དབྱར་གྱི་གོས་རས་ཆེན་དབྱར་ཁས་ལེན་པ་དེའི་གོང་ཟླ་བ་གཅིག་ལས་བཙལ་སྔ་བའམ། དགག་དབྱེ་གྲོལ་ཟིན་ནས་ཟླ་ཕྱེད་ལས་རིང་བར་འཆང་སྟེ་བཞག་ཕྱི་བ་དང་། སྦྱིན་བདག་གིས་དགེ་འདུན་སྤྱིའམ་དགེ་སློང་གཞན་ལ་བསྔོས་པའི་ནོར་རྫས་སམ་རྙེད་པ་གཡོ་སྒྱུས་རང་ལ་བསྒྱུར་ཏེ་ཐོབ་པ་དང་། བྱིན་ལེན་བྱས་པ་མ་ཞིག་པའི་དུས་རུང་དང་། ཐུན་ཚོད་དུ་རུང་བ། ཞག་བདུན་པ། འཚོ་བཅང་སྟེ་སྨན་བཞི་པོ་བྱིན་རླབས་བྱས་ན་ཐུན་ཚོད་དུ་རུང་བ་སྔ་དྲོ་བརླབས་ནས་མཚན་མཐའ་འདས་པ་དང་། ཞག་བདུན་པའི་སྨན་བརྒྱད་པའི་སྐྱ་རེངས་ཤར་བ་དང་། འཚོ་བཅང་གི་སྨན་ནད་གྲོལ་ནས་ཐུན་ཚོད་གཅིག་འདས་པའམ་བྱིན་རླབས་མ་བྱས་ལ་ཐུན་སོ་སོའི་སྔ་མ་སྔར་བྱིན་ལེན་བྱས་པ་མ་ཞིག་པར་ཕྱི་མ་ཕྱི་མའི་དུས་དང་ཐུན་ཚོད་ལས་འདས་ན་གསོག་འཇོག་གོ། དུས་རུང་ལ་བྱིན་རླབས་མ་བཤད་ཀྱང་སྔ་དྲོ་བྱིན་ལེན་བྱས་པ་མ་ཞིག་པར་ཉིན་གུང་འདས་ནའོ། །འདི་དག་སྤང་བའི་ལྟུང་བ་བཅུ་ཚན་གསུམ་གྱིས་བསྟན་པའོ། ། ལྟུང་བྱེད་འབའ་ཞིག་པ་བཤད་པ། གཉིས་པ་ལྟུང་བྱེད་འབའ་ཞིག་པ་བཤད་པ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། ལྟུང་བྱེད་འབའ་ཞིག་དགུ་བཅུ་ནི། །ཞེས་སྦྱད་ན་ངན་འགྲོར་ལྟུང་ཞིང་། བཤགས་དུས་སྤང་འབྲལ་སྔོན་དུ་འགྲོ་མི་དགོས་པས་འབའ་ཞིག་པ་སྟེ། དབྱེ་ན་དགུ་བཅུ་ཐམ་པའོ། །གཉིས་པ་ནི། ཤེས་པ་བཞིན་སོགས་ཚིགས་བཅད་ཉེར་ལྔ་དང་རྐང་པ་གཅིག་གི་བར་གྱིས་བསྟན་ཏེ། བཅུ་ཚན་དགུའི་དང་པོ་ཤེས་བཞིན་གྱི་སྡེ་ནི། ཕམ་ལྷག་སྦོམ་པོ་ཉེས་བྱས་སུ་འགྱུར་བའི་རྫུན་བཞི་ལས་གཞན་པའི་ཤེས་བཞིན་དུ་རྫུན་གྱི་ཚིག་སྨྲ་བ་དང་། དགེ་སློང་ལ་ལུས་ལ་ཆགས་པའི་སྐྱོན་ཞར་བ་དང་སྒུར་པོ་སོགས། རིགས་ལ་ཆགས་པའི་སྐྱོན་རྫ་མཁན་གྱི་བུར་བརྗོད་པ་ལྟ་བུ་སྐྱོན་དུ་གནས་པའི་ཕྱོགས་ནས་བརྗོད་པ་དང་། དགེ་སློང་ཡིད་མཐུན་པ་དག་གི་བར་དུ་ཕྲ་མའི་ཚིག་གིས་འབྱེད་པ་དང་། དགེ་སློང་གཉིས་ལ་སོགས་པ་རྩོད་པ་གང་རུང་བྱུང་ནས་དེ་དགེ་འདུན་གྱི་ཆོས་ཕྱོགས་སུ་ཞི་བར་བྱས་ཏེ་བཟླུམས་ཟིན་པ་སླར་ཡང་སྐྱོ་བསྔོགས་ཏེ་དེ་མི་ཞི་བའི་ཐབས་ལ་འབད་ནས་རྩོད་པ་ཕྱིར་སྤེལ་བར་བྱེད་པ་དང་། ཁྲིམས་གྲོགས་ཏེ་དགེ་སློང་སོགས་གཞན་མཉམ་དུ་མེད་པར་ཁྱིམ་བདག་མོ་ལ་ཆོས་ཚིག་ལྔ་དྲུག་ལས་ལྷག་པར་བསྟན་ཏེ་ལྷན་དུ་འདུག་པ་དང་། བསྙེན་པར་མ་རྫོགས་པའི་དགེ་ཚུལ་གསར་བུ་སོགས་དང་ལྷན་ཅིག་ཏུ་ཆོས་ཀྱི་ཚིག་བཅད་དབྱངས་སུ་ལེན་པ་སོགས་ཀྱིས་འདོན་པ་དང་། ཁྱིམ་པ་ལ་དགོས་པ་མེད་པར་དགེ་སློང་གཞན་གྱི་གནས་ངན་ལེན་ཏེ་ཕམ་ལྷག་གི་ལྟུང་བ་བྱུང་བ་བརྗོད་པ་དང་། གཞན་དོན་དུ་འགྱུར་བ་སོགས་ཀྱི་དགོས་པ་མེད་པར་རང་གིས་མི་ཆོས་བླ་མའི་ཡོན་ཏན་ནམ་རྟགས་སོགས་ཐོབ་པ་ནི། དེ་དང་དེ་བདེན་པར་སྨྲ་བ་དང་། དགེ་འདུན་སྤྱིའི་བྱ་བ་བྱེད་པ་ལ་ནོར་རམ་ཡོ་བྱད་ཅུང་ཟད་སྦྱིན་པ་ན་དགེ་འདུན་གྱི་སྤྱི་རྫས་གང་ཟག་གི་བཤེས་ངོར་བྱས་ནས་སྦྱིན་ནོ་ཞེས་འཕྱ་བ་དང་། གསོ་སྦྱོང་སོགས་ཀྱི་སྐབས་སོ་ཐར་མདོ་འདོན་པ་ན་ཕྱི་དྲོའི་ཁ་ཟས་ལྟ་བུ་བསླབ་གཞི་ཕྲ་མོ་འདི་ལྟ་བུ་འདོན་པས་ཅི་ཞིག་བྱ་ཞེས་མ་གུས་པར། གཞན་ལའང་དེ་དག་ལ་བསླབ་པས་དོན་དུ་མི་འགྱུར་རོ་ཞེས་སྨྲ་བས་བསླབ་པའི་གཞི་ཁྱད་དུ་གསོད་པའི་ཚིག་བརྗོད་པའི་དོན་གོ་བའོ། །བཅུ་ཚན་གཉིས་པ་ས་བོན་གྱི་སྡེ་ནི་མེ་དང་མཚོན་དང་བཀས་པའི་རུང་བ་མ་བྱས་པར། འབྲས་ཉུངས་མ། སྟར་ཁ་སོགས་ས་བོན་རང་གིས་གཅོད་པའམ་ཉམས་པ་དང་འཇིག་པར་བྱེད་པ་དང་། ཞལ་ཏ་བས་བགྱི་བར་འོས་པ་ཆོས་བཞིན་བགྱིས་པ་ལ་བསྙོན་ཏེ་འདིས་བདག་གི་ངོར་ནི་གནས་མལ་ལ་སོགས་པ་ངན་པར་སྟོབ་བོ་ཞེས་འཕྱ་བ་དང་། དགེ་སློང་གཞན་གྱིས་རང་ལ་ཕན་སེམས་ཀྱིས་ལྟུང་བ་བྱུང་བ་གླེང་བ་མ་ཐོས་པ་ལྟར་བྱེད་ནས་དེ་ལ་མི་མཐུན་པ་ལོག་པའི་ལན་གཞན་འདེབས་ནས་བསྒོ་བ་རྣར་གཟོན་དང་། དགེ་འདུན་གྱི་ཁྲི་དང་ཁྲིའུ་ལ་ལོངས་སྤྱད་ནས་དེའི་འོག་ཏུ་ཆུད་གཟོན་པའི་གནས་སུ་བསྐྱུར་ཏེ་མ་བསྡུས་པར་འདོམ་ཞེ་དགུ་འདས་པ་ལ་སོགས་པར་གཞན་དུ་འགྲོ་བ་དང་། དེ་བཞིན་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭ་སོགས་གདིང་བ་མ་བསྡུས་པར་གནས་མལ་ཉལ་ཉུལ་དུ་གྱུར་པ་བཏིང་ནས་གོང་ལྟར་སོང་བ་སྟེ། འདི་དག་རྩ་བར་བསྡུས་ཏེ་བསྟན་པའོ། །ཞེ་སྡང་བའམ་གནོད་སེམས་ཀྱིས་གཙུག་ལག་ཁང་ནས་དགེ་སློང་གཞན་གནས་ནས་བསྐྲད་པ་དང་། དགེ་སློང་ལ་མཐོ་འཚམ་པའམ། བར་ཆད་བྱ་བའི་ཕྱིར་དུ་ལུས་ངག་གིས་ཕྱིས་གནོན་ཏེ་ལུས་ཀྱིས་མནན་པ་དང་། ངག་གིས་འཇིགས་པའི་སྒྲ་སྐད་ཕྱུང་སྟེ་ཟིལ་གྱིས་གནོན་པར་བྱེད་པ་དང་། གཙུག་ལག་ཁང་གི་སྟེང་དུ་མལ་ཁྲིའི་རྐང་བ་རྣོན་པོ་བྱས་ཏེ་བཙུགས་ནས་ལུས་ལྗིད་ཕབ་སྟེ་འདུག་པས་བུ་ག་དོད་པར་འབིགས་པ་དང་། སྲོག་ཆགས་དང་བཅས་པའི་ཆུ་རྩྭ་ཤིང་སོགས་ལ་སྤྱད་པ་དང་། རྩྭ་ཤིང་ཆུ་ལ་འདེབས་པས་སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བྱེད་དང་། གཞི་མི་བརྟན་པའི་སར་ཆར་ཆུའི་གནོད་པ་སྲུང་བའི་ཐབས་མ་བྱས་པར་གཙུག་ལག་ཁང་སོགས་ཉིན་གཅིག་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་པའོ། །བཅུ་ཚན་གསུམ་པ་མ་བསྐོས་པའི་སྡེ་ནི། རང་ཉིད་དགེ་སློང་མའི་སྟོན་པ་ལ་དགེ་འདུན་སོགས་ཀྱིས་མ་བསྐོས་བཞིན་དུ་དགེ་སློང་མར་ཆོས་སྟོན་པ་དང་། དེའི་སྟོན་པར་བསྐོས་ཟིན་ཀྱང་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པ་དང་། དགེ་སློང་མ་ལ་ཆོས་སྟོན་པ་དེ་ལ་ཟས་ཀྱི་ངོ་ཕྱིར་བྱས་ཏེ་ཆོས་སྟོན་ཏོ་ཞེས་རྫུན་གྱིས་སྐུར་བ་འདེབས་པ་དང་། ཉེ་དུ་མ་ཡིན་པའི་དགེ་སློང་མའི་ཆོས་གོས་དྲུབས་རོགས་བྱེད་པ་དང། དྲུབས་ཟིན་བྱིན་པ་དང། དེ་དང་དོན་མཐུན་པར་ལམ་དུ་ལྷན་ཅིག་བསྡེབས་ཏེ་རྒྱང་གྲགས་འདས་པར་འགྲོ་བ་དང་། དེ་དང་ལྷན་ཅིག་གྲུར་ཞུགས་ནས་ཆུ་བོའི་རྒྱུན་ལས་བཟློག་སྟེ་གྱེན་དང་ཐུར་དུ་ཕྱིན་ནས་རྒྱངས་གྲགས་འདས་པར་བརྒལ་ཏེ་འགྲོ་བ་དང་། ཐོག་ཕུབ་དང་ལོགས་སུ་རྩིགས་པ་སོགས་སྐྱབས་ཡོད་པའི་དབེན་པར་ཁྲིམས་གྲོགས་མེད་པར་བུད་མེད་དང་ལྷན་ཅིག་འདུག་པ་དང་། དེ་དང་ལྷན་ཅིག་འགྲེང་བ་དང་། རང་དང་མ་འབྲེལ་བའམ་ཧ་ཅང་ཐལ་བ་འམ་རང་ལ་མེད་པའི་ཡོན་ཏན་ཁྱད་འཕགས་དགེ་སློང་མ་བརྒྱུད་དེ་ཁྱིམ་པ་ལ་བརྗོད་ནས་སྦྱོར་བཅུག་པའི་ཟས་ནི་ཟོས་པའོ། །བཅུ་ཚན་བཞི་པ་ཡང་ཡང་གི་སྡེ་ནི། གནང་བའི་དུས་མ་ཡིན་པར་ཉིན་གཅིག་ལ་ཁྱིམ་སྔ་མར་ཟས་ཟོས་ཏེ་གོས་ཀྱི་རྙེད་པ་མེད་པར་ཁྱིམ་གཉིས་པར་ཟོས་པ་ལྟ་བུ་ཁྱིམ་གཉིས་སུ་ཟས་སློང་བ་དང་། ཉེ་མིན་ཁྱིམ་པའི་མཆོད་གནས་མུ་སྟེགས་འདུག་པ་ཅན་གྱི་ཁྱིམ་དུ་ཞག་གཉིས་འདས་པར་འདུག་སྟེ་ཟས་ཟོས་པ་དང་། ཉེ་མིན་ཁྱིམ་པས་ཅི་བདེ་བར་བཞེས་ཤིག་ཟེར་བ་ལྟ་བུས་སྟོབ་པ་མ་ཡིན་པར་དུས་གཅིག་དུ་ལྷུང་བཟེད་འབྲིང་ཚད་དོ་ལས་ལྷག་པར་ལྷུང་བཟེད་གསུམ་བླངས་ཏེ་ཟོས་པ་དང་། དུས་རུང་གི་ཟས་ཟོས་ནས་སྤངས་ཟིན་པའི་རྗེས་སུ་ཉིན་གུང་མ་ཡོལ་ཀྱང་ལྷག་པོར་མ་བྱས་པར་དུས་སུ་རུང་བའི་ཟས་ཟ་བ་དང་། །དགེ་སློང་གཞན་གྱིས་སྤངས་ཟིན་པ་དེ་ལ་ལྟུང་བ་འབྱུང་བའི་ཆེད་དུ་ལྷག་པོར་བྱས་ཞེས་ཟས་རྫུན་གྱིས་སྟོབ་པ་དང་། མཚམས་ནང་གཅིག་ཏུ་གནང་བ་ལ་སོགས་པའི་རྐྱེན་མེད་བཞིན་པར་དགེ་སློང་གསུམ་ཡན་ལོགས་སུ་འདུས་ཏེ་ཟ་བ་དང་། དུས་མ་ཡིན་པ་རང་གླིང་གི་ཉི་མ་ཕྱེད་ཡོལ་ཕན་ཆད་བཟའ་བཅའ་ཟ་བ་དང་། ན་བ་སོགས་ལ་ནི་རུང་གསུངས། སྨན་བཞི་པོ་སྔར་བཤད་པ་ལྟར་གྱི་གསོག་འཇོག་ཏུ་སོང་བ་ཟ་བ་དང་། འདི་ལས་འཕྲོས་པའི་ལག་ཉ། མཚམས་བཙོས། ཞག་ལོན། དགེ་སློང་གིས་བཙོས་པའི་བྱེ་བྲག་རྣམས་གཞན་དུ་གསལ་ལོ། །སྒྲ་མི་སྙན་པ་ལྟ་བུ་མ་ཡིན་པར་བྱིན་ལེན་མ་བྱས་པར་སྨན་བཞི་པོ་གང་རུང་ཁམ་གཅིག་ཙམ་མིད་དེ་ལོངས་སྤྱོད་པ་དང་། བྱིན་ལེན་ནི། སྟོབ་པ་པོའི་མདུན་ནས་སྟོབ་ཅིང་། ནོད་པ་པོས་ལག་གཉིས་བཀན་ནས་ལེན་པའོ། །བྱིན་ལེན་འཇིག་པའི་རྒྱུ་ནི། །ཕྲོག་དང་འདྲིལ་དང་རེག་པ་དང་། །བསྔོས་དང་དགེ་སློང་མིན་གྱུར་དང་། །ངོ་བོ་འགྱུར་དང་སྐྱེ་བ་འགྱུར། །དོར་བ་ཡིས་ནི་བྱིན་ལེན་འཇིག །ཅེས་པ་ལྟར་རོ། །ཡུལ་དང་དུས་ཚོད་དེར་བསོད་པའམ། ཞིམ་པར་གྲགས་པའི་ཤ་དང་འོ་མ་ལ་སོགས་པའི་ཟས་ཉེ་མིན་ཁྱིམ་པ་ལས་ནི་བསླང་སྟེ་ཟོས་པའོ། །བཅུ་ཚན་ལྔ་པ་ཆུ་དང་གི་སྡེ་ནི། སྲོག་ཆགས་དང་ལྡན་པ་ཅན་གྱི་ཆུ་ལ་མ་བརྟགས་པར་ལོངས་སྤྱོད་པ་དང་། དེ་བསལ་བའི་དོན་དུ་ཆུ་ཚགས་སོགས་འཆང་བར་བྱའོ། །ཁྱིམ་པ་ཕོ་མོ་ཉལ་པོ་བྱེད་པར་རྩོམ་པའི་ཁྱིམ་དུ་ཉལ་བའམ་འདུག་པ་དང་། དེ་བཞིན་དུ་དེར་རྩིགས་པ་དང་སབ་མོ་སོགས་སྐྱབས་ཡོད་པའི་གནས་ན་འགྲེང་པ་དང་། དགེ་བ་ལ་སྦྱོར་བ་སོགས་ཀྱི་དགོས་པ་ཁྱད་པར་ཅན་མེད་པར་མུ་སྟེགས་པའི་རབ་བྱུང་གཅེར་བུ་པ་ལ་ཁ་ཟས་བྱིན་པ་དང་། རྒྱལ་པོའི་བོས་པ་སོགས་རྐྱེན་དང་དགོས་པ་མེད་པར་རང་གར་དམག་ལ་བལྟ་བ་དང་། དགོས་པ་མེད་པར་དམག་གི་དཔུང་ནང་དུ་ཞག་གཅིག་ལས་ལྷག་པར་འདུག་པ་དང་། རྐྱེན་དང་དགོས་པའི་སྡོད་དགོས་ཀྱང་གཡུལ་བཤམས་པའི་རུ་བཀོད་བྱེད་པ་དང་། གོ་མཚོན་ལ་རེག་པ་སོགས་དཔུང་ཚོགས་ཀྱི་ཡན་ལག་ཉམས་སུ་མྱོང་བ་དང་། དགེ་སློང་གཞན་ལ་ཁྲོ་བས་དབྱུག་པ་སོགས་ཀྱིས་བརྡེག་པ་དང་། བརྡེག་པར་གཟས་པ་སྟེ་རྡེག་གྲབས་བྱེད་པ་དང་། མཐོལ་ཡུལ་ལམ་བཤགས་ཡུལ་གྱི་གནས་བརྟན་སོགས་ཚད་ལྡན་ཡོད་བཞིན་དུ་དགེ་སློང་གཞན་གྱི་གནས་ངན་ལེན་ཕམ་ལྷག་གི་ལྟུང་བ་བྱུང་བ་གསང་བའམ་འཆབ་པའོ། །བཅུ་ཚན་དྲུག་པ་ཁྱིམ་དང་གི་སྡེ་ནི། ནད་ལ་གནོད་པར་དོགས་པ་ལྟ་བུ་ཕན་སེམས་ཀྱིས་མ་ཡིན་པར། ཁྱིམ་པའི་དགེ་སློང་གཞན་ལ་ཟས་འདྲེན་པ་མི་འདྲེན་པའི་ཐབས་ཀྱིས་གཅོད་དུ་བཅུག་པ་དང་། དུས་བྱིན་གྱིས་མ་བརླབས་པར་མེ་ལ་རེག་གམ་རེག་ཏུ་བཅུག་པ་དང་། འདི་ལ་དུས་དྲན་ནི་དགེ་འདུན་སྤྱིའི་ལྷ་ཚོན་སོགས་ཀྱི་དོན་འདི་ལྟ་བུ་ལ་སྟོན་པས་གནང་བ་ཡིན་ནོ་སྙམ་དུ་དྲན་པར་བྱས་ནས་མེ་ལ་རེག་ན་ཉེས་པ་མི་འབྱུང་ཞིང་། དེ་ལྟར་མིན་པའི་བག་མེད་པར་མེ་མ་མུར་ལ་རེག་ན་ཉེས་བྱས། མེ་ལྕེ་ལ་བུད་ཤིང་བཅུག་ན་དངོས། སྐྲ་སོགས་གཞན་བཅུག་ན་ཉེས་བྱས་སུ་གསུངས་ཤིང་། སྤྱིར་འདུལ་བ་ལས་འདི་ལྟ་བུའི་བྱིན་བརླབས་བཅུ་གཅིག་གསུངས་པ་གཞུང་གཞན་དུ་བསལ་བའང་འཕྲོས་སུ་སྨོས་པའོ། །དགེ་འདུན་གྱི་ལས་དགེ་སློང་གནས་ནས་དབྱུང་བ་སོགས་ལ་དེར་གནས་ཀྱི་དགེ་སློང་ཐམས་ཅད་འཚོགས་དགོས་པ་ལས་འཚོགས་མ་ཐུབ་པའི་དགེ་སློང་བྱུང་ན་འདུན་པ་དྲིས་པ་ལ། དེ་ཚེ་བསྒྲུབ་བྱ་དེ་ལ་ལས་དེ་རུང་ངོ་ཞེས་འདུན་པ་ཕུལ་ནས། དེ་གནས་དབྱུང་ལྟ་བུ་ཚར་ཟིན་ནས་སླར་ལས་དེ་མི་རུང་ངོ་བདག་གི་འདུན་པ་ཕྱིར་བྱིན་ཅིག་ཅེས་གོ་བཟློག་པའི་ཚིག་སྨྲ་བ་དང་། བསྙེན་པར་མ་རྫོགས་པ་དང་གནས་ཁང་གཅིག་ཏུ་མཚན་གསུམ་འདས་པར་ཏེ་ནུབ་གཉིས་ལས་ལྷག་པར་ཉལ་བ་དང་། གལ་ཏེ་ཉལ་དགོས་ན་ཁྲུ་ཕྱེད་དགུས་བར་ཆོད་དགོས་པར་བཤད། དུས་མིན་ཟོས་པ་ལྟ་བུ་ལ་ཉེས་པ་མེད་དོ་ཞེས་སྡིག་པའི་ལྟ་བ་ཅན་གྱི་ཆོས་ལུགས་ངན་པ་བཟློག་བྱེད་ཀྱིས་བཟློག་ཀྱང་སྡིག་ལྟ་མི་གཏོང་བར་བཟུང་བ་དང་། དགེ་འདུན་གྱིས་གནས་ནས་ཕྱུངས་བའི་དགེ་སློང་དང་གཏམ་ཕེབས་པར་སྨྲ་བ་སོགས་ཆོས་དང་ཟང་ཟིང་གི་སྒོ་ནས་མཐུན་པར་རམ་མཛའ་བཤེས་སུ་སྤྱོད་པ་དང་། དགེ་ཚུལ་བསྐྲད་པ་ལའང་དེ་བཞིན་ནོ། །སྔོན་པོ་བཙག་དང་ངུར་སྨྲིག་རྩི་སྟེ་རུང་བའི་ཚོན་གྱིས་ཁ་མ་བསྒྱུར་ཞིང་མི་རུང་བའི་ཚོན་ཆེན་བརྒྱད་ཀྱི་ཁ་དོག་ཅན་གྱི་གོས་བགོ་བ་དང་། རིན་པོ་ཆེ་དང་དམག་ཆས་རྔ་བོ་ཆེ་དང་དུང་སོགས་རོལ་མོའི་ཆས་ལ་རེག་པ་དང་། ཚ་བའི་དུས་མིན་པར་ཟླ་བ་ཕྱེད་ཚུན་དུ་ལུས་ཕྱེད་ཙམ་ཆུས་ཁྱབ་པའམ་ནུབ་པར་རང་དགར་ཁྲུས་བྱེད་པའོ། །ཚ་བའི་དུས་ནི་ལྔ་བའི་ཚེས་གཅིག་ནས་བདུན་པའི་བཅོ་ལྔའི་བར་དུའོ། །བཅུ་ཚན་བདུན་པ་བསམ་བཞིན་གྱི་སྡེ་ནི། གསོད་སེམས་ཀྱིས་དུད་འགྲོའི་འགྲོ་བ་གསོད་པའམ་གསོད་དུ་བཅུག་པ་དང་། ཁྱོད་ཀྱིས་ལོ་ཉི་ཤུ་མ་ལོན་པས་སྡོམ་པ་མ་ཐོབ་པོ་ཞེས་སྨྲ་བའམ། སྡོམ་པ་ལས་ཉམས་སོ་ཞེས་པ་ལྟ་བུ་སྨྲས་པས་དགེ་སློང་གཞན་སེམས་ལ་འགྱོད་པ་བསྐྱེད་པ་དང་། སྐྱི་གཡའ་བ་སྟེ་ཤ་རྩེད་པར་འདོད་པས་དགེ་སློང་གཞན་ལ་མཆན་གྱི་གནས་སོགས་སུ་རེག་སྟེ་ག་ག་ཚིལ་སྒོག་པ་དང་། ལུས་ཀྱི་ཆ་ཕྱེད་ནུབ་པའི་ཆུ་ལ་རྩེས་སམ་རྩེར་བཅུག་པ་དང་། བུད་མེད་དང་གནས་གཅིག་ཏུ་ཉལ་བ་མཚན་མོ་འདས་པ་དང་། འདི་ན་ཤ་ཟ་ཡོད་དོ་ཞེས་སམ་ཤ་ཟའི་སྐད་ལྟར་སྒྲོག་པ་སོགས་ཀྱིས་དགེ་སློང་གཞན་དངངས་བྱས་པའམ་འཇིགས་པར་བྱེད་པ་དང་། རབ་བྱུང་སྡེ་ལྔ་གང་རུང་གི་ཆོས་གོས་སོགས་ཡོ་བྱད་སྦེད་པའམ་སྦེད་དུ་བཅུག་པ་སྟེ་བསྐུངས་པ་དང་། དགེ་སློང་གཞན་ལ་ཆོས་གོས་སྔར་བྱིན་པ་དེས་སླར་ཡང་སྤྱོད་ཅིག་ཅེས་གནང་བའི་གདེང་མེད་པར་སླར་ཚུར་བླངས་ཏེ་སྤྱོད་པ་དང་། དགེ་སློང་ལ་གཞི་མེད་པར་ལྷག་མའི་སྐུར་བ་བཏབ་པ་དང་། ཁྲིམས་གྲོགས་མེད་པར་བུད་མེད་དང་ལྷན་ཅིག་རྒྱང་གྲགས་འདས་པར་འགྲོ་བའོ། །བཅུ་ཚན་བརྒྱད་པ་མགྲོན་མང་རྐུན་མ་ཞེས་བའི་སྡེ་ནི། ཤོ་གམ་མ་བྱིན་པའམ་རྐུན་མ་དང་ལྷན་ཅིག་བཤད་མ་ཐག་པ་དེ་བཞིན་རྒྱང་གྲགས་འདས་པར་འགྲོ་བའོ། །བསྒྲུབ་བྱ་མངལ་གཤོལ་གྱི་ཟླ་བ་བརྩིས་ཀྱང་ལོ་ཉི་ཤུ་མ་ལོན་པ་ལ་ཤེས་བཞིན་བསྙེན་རྫོགས་འབོགས་པ་དང་། དགེ་འདུན་གྱི་དོན་སོགས་དགོས་པ་མེད་པར་སྲ་ཞིང་འཐས་པའི་ས་གཞི་ལ་སོར་བཞི་བརྐོས་སམ་རྐོར་འཇུག་པ་དང་། ཉེ་མིན་ཁྱིམ་པའི་མགྲོན་དུ་བོས་པའི་སར་ཁྱེད་འདི་ཙམ་དུ་བཞུགས་པར་གྱིས་ཞེས་དུས་ཚིགས་བརྗོད་པ་ལས་ལྷག་པའམ། དུས་ཚིགས་བཞག་མེད་ན་ཟླ་བ་བཞི་ལས་ལྷག་པར་འདུག་ནས་ཟོས་པ་དང་། དགེ་སློང་གཞན་གྱིས་རང་ཉིད་ལ་བསླབ་བྱར་སློབ་པར་བསྒོ་བ་ན། མི་ཤེས་པ་ཁྱོད་ཉིད་ཀྱི་ཚིག་འདི་ལྟ་བུས་དོན་དུ་མི་འགྱུར་བས་གཞན་ལ་མ་དྲིས་པར་མི་སློབ་ཅེས་བརྗོད་པ་དང་། རང་དང་རྩོད་པའི་ཟླར་གྱུར་བའི་དགེ་སློང་གཉིས་ཡན་གར་གྲོས་བྱེད་པ་ན་རྩོད་པའམ་འཐབ་མོ་སྤེལ་བར་འདོད་པའི་བློས་ལྐོག་ནས་ཉན་རྣ་བྱེད་པས་དོན་གོ་བ་དང་། བསྙེན་རྫོགས་སོགས་ཀྱི་ལས་གྲྭར་དགེ་སློང་རང་ཉིད་འདུས་ནས་ཁ་སྐོང་དུ་མི་འོས་པའི་ཉེས་པ་མེད་བཞིན་དུ་གོང་འོག་གི་དགེ་སློང་ལ་ཅང་མི་སྨྲ་བས་འགྲོ་བ་ཉེ་འཁོར་ལས་འདས་པ་དང་། སྟོན་པའམ་དགེ་འདུན་ནམ་དགེ་སློང་ཞལ་ཏ་བས་རང་ལ་ཆོས་ལྡན་གྱི་བསླབ་བྱར་བསྒོ་བ་ན། བདག་གིས་བསྒྲུབ་མི་ནུས་པའི་ཚུལ་གསལ་བོར་སྨྲ་བའི་བག་ཕེབ་པའི་ཤད་སྦྱངས་སམ་གནང་བཤད་མ་བྱས་པར་ཁྱོད་ཉིད་ཀྱི་ཚིག་འདི་ལ་མི་སྤོབ་པོ་ཞེས་པ་ལྟ་བུ་མ་གུས་པའི་རྣམ་པས་འགལ་བར་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་འཐུང་བ་དང་། རབ་བྱུང་སྡེ་ལྔ་གང་རུང་ལ་འགྲོ་བར་མ་སྨྲས་པར་དུས་མིན་ཕྱི་དྲོ་ཁྱིམ་པའི་གྲོང་དུ་རྒྱུ་ཞིང་འགྲོ་བའོ། །བཅུ་ཚན་དགུ་པ་ཆོས་སྟོན་གྱི་སྡེ་ནི། ཁྱིམ་བདག་གིས་གདུགས་ཚོད་དམ་ཟས་ལ་དགེ་འདུན་རྣམས་སྤྱན་དྲངས་པའི་ཚེ་ཁྱིམ་བདག་ལ་དགེ་འདུན་རྣམས་ལ་ཟས་དུས་སུ་བྲིམ་ཞིག་ཅེས་མ་བརྗོད་པར་རང་ཉིད་ཁྱིམ་གསུམ་འདས་པར་རྒྱུ་སྟེ་སོང་བ་ལས་དགེ་འདུན་གྱི་གདུགས་ཚོད་ལ་གནོད་པ་དང་ཕྱི་དྲོའང་ཁྱིམ་གསུམ་འདས་ཏེ་རྒྱུ་བས་ཆོས་ཀྱི་ལོངས་སྤྱོད་ལ་གནོད་པའོ། །དགོས་པ་ཁྱད་པར་ཅན་མེད་པར་བཙུན་མོ་དང་བཅས་པའི་རྒྱལ་པོའི་ཕོ་བྲང་ངམ་ཁྱིམ་དུ་མཚན་མོར་ཕྱིན་པའམ་ཉལ་བ་དང་། གསོ་སྦྱོང་གི་ཚེ་གནས་བརྟན་པས་སོ་སོར་ཐར་པའི་མདོ་འདོན་པ་དང་གཞན་ཡང་ཆོས་ཀྱི་གཏམ་ཡང་དག་བཏོན་པ་ལ་འདི་ཙམ་བརྗོད་པས་ཅི་བྱ། འདིའི་དོན་བདག་ཅག་ད་གཟོད་ཤེས་སོ་ཞེས་བསྟིང་པའི་ཚིག་གིས་མ་གུས་པ་དང་། རྭའམ་རུས་པ་སོགས་ཀྱི་ཁབ་རལ་ཏེ་ཁབ་སྣོད་བཅོས་སམ་འཆོས་སུ་བཅུག་པ་དང་། ཁྲིའམ་ཁྲིའུའི་རྐང་བ་ཁྲུ་གང་གི་ཚད་ལས་ལྷག་པར་འཆོས་པ་དང་། དགེ་འདུན་སྤྱིའི་གནས་མལ་གཙུག་ལག་ཁང་སོགས་དང་། ཁྲི་སྟན་ལ་ངན་སེམས་ཀྱིས་ཤིང་བལ་སོགས་ཉལ་ཉིལ་བརྡལ་ཏེ་བགོས་པ་དང་། གདིང་བ་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་དོ་དང་སོར་དྲུག་དང་། གཡན་དགབ་སྲིད་དུ་ཁྲུ་དྲུག་དང་ཞེང་དུ་ཁྲུ་གསུམ་དང་། རས་ཆེན་སྲིད་དུ་ཁྲུ་དགུ་དང་ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དེ་དེ་དག་ཚད་ལས་ལྷག་པ་དང་། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་སྲིད་དང་ཞེང་གཉིས་སུམ་འགྱུར་ཡིན་པས་དེ་རང་རེས་མི་འོས་པས་དེའི་ཚད་མཉམ་བྱས་པ་སྟེ་དེ་དག་ཐམས་ཅད་བསྡོམས་ན་བཅུ་ཚན་དགུའོ། །བཤགས་པའི་ཚེ་ཚད་ལྷག་རྣམས་བཅད། ཁབ་རལ་གཅོགཤིང་བལ་བསྡུས་ཏེ་གདོད་བཤགས་དགོས་པར་གསུངས་སོ། ། ༤སོར་བཤགས་བཤད་པ། བཞི་པ་སོར་བཤགས་ལ་གཉིས། བསྟན་པ། བཤགས་པའོ། །དང་པོ། སོ་སོར་བཤགས་བྱའི་སྡེ་བཞི་ནི། །ཞེས་འདིའི་ལྟུང་བ་བྱུང་ན་ལྟུང་བའི་མིང་ནས་སྨོས་ཏེ་སྨྲེ་སྔགས་འདོན་པའི་ཚུལ་དུསོ་སོར་བཤགས་དགོས་པས་དེ་སྐད་དུ་བྱ་ཞིང་། དེའི་སྡེ་ཚན་དབྱེ་ན་བཞི་ཡོད་པ་ནི། ཞེས་སོ། །གཉིས་པ་ནི། ལམ་དྲུང་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་སྟེ། གྲོང་ངམ་གྲོང་གི་ཉེ་འཁོར་རམ་ལམ་པོ་ཆེའི་དྲུང་དུ་ཉེ་མིན་དགེ་སློང་མ་ལས་དགེ་སློང་མ་རང་ཉིད་ཀྱི་བཟའ་བྱའི་དོན་དུ་བསྒྲུབས་པའི་ཟས་བསླངས་ནས་ཟོས་པ་དང། སྦྱིན་བདག་གི་ཁྱིམ་དུ་དགེ་སློང་མས་ཟས་བྲིམ་པ་ན་གྲལ་གོང་ནས་རིམ་པས་མ་བྲིམ་པར་བསྣོལ་ཏེ་ཐད་ཀར་འདི་ལ་དྲོང་ཞེས་འགྲིམ་བཅུག་པ་གྲལ་གོང་མ་ལ་བྲིམས་ཤིག་ཅེས་པ་ལྟ་བུའི་ཚིག་གིས་མ་བཟློག་པར་བླངས་ཏེ་ཟོས་པ་དང་། ཁྱིམ་བདག་ནོར་རྒུད་པ་ལ་དགེ་འདུན་གྱི་ལས་ཀྱིས་ཁྱིམ་གྱི་བསླབ་སྡོམ་བྱིན་པ་ལ། རུང་བ་ཉུངས་མ་ཙམ་ལས་དགེ་སློང་གིས་དེ་ལས་གཞན་བཟའ་བཏུང་བླངས་མི་འོས་པ་ལས་བཟའ་བཅའ་བསླངས་ཏེ་ཟོས་པ་དང་། དགོན་པའི་གནས་དགྲ་རྐུན་གཅན་གཟན་སོགས་ཀྱི་འཇིགས་པ་དང་བཅས་པའི་ནགས་སུ་དགེ་འདུན་གྱིས་ནགས་ཉུལ་བ་པོར་བསྐོས་པས་འཇིགས་པ་ཡོད་མེད་མ་བརྟགས་པར་དགོན་པར་ཁྱིམ་བདག་ལས་ཟས་བསླངས་ཏེ་ཟོས་ཤིང་བསྡད་པའོ། །འདིའི་ཆོམ་རྐུན་སོགས་འཇིགས་པ་ཡོད་མེད་དཔག་ཚད་ཕྱེད་ཚུན་ཉུལ་ཏེ་འཇིགས་དོགས་ཡོད་ན་བ་དན་སྔོན་པོ་དང་། མེད་ན་དཀར་པོ་བསྒྲེངས་བས་མཚོན་པར་བྱ་ཞིང་། འདི་ནགས་ཉུལ་པ་པོ་ཁོ་ནའི་ལྟུང་བར་ཡང་བཤད་དོ། ། ༥ཉེས་བྱས་བཤད་པ། ལྔ་པ་ཉེས་བྱས་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། ཉེས་བྱས་བརྒྱ་དང་བཅུ་གཉིས་ནི། །ཞེས་པ་ཉེས་པ་ཕྲ་མོའི་རིང་བཞིན་ཡིན་པས་ཉེས་བྱས་ཏེ། དབྱེ་བའི་རྣམས་གྲངས་བརྒྱ་དང་བཅུ་གཉིས་ཡོད་པ་ནི། ཞེས་སོ། །གཉིས་པ་ནི། མཐང་གོས་སོགས་ཚིགས་སུ་བཅད་པ་བཅོ་ལྔས་བསྟན་ཏེ། སྡེ་ཚན་དུ་བྱས་པ་དགུའི་གོས་བགོ་བའི་སྡེ་ནི། མཐང་གོས་སམ་ཤམ་ཐབས་མཐའ་མི་མཉམ་པས་ཟླུམ་པོ་མིན་པ་དང་། ཧ་ཅང་རྩེངས་ཏེ་ཐུང་བས་པུས་མོར་སླེབས་པ་དང་། སྣེ་འཇོལ་བས་ལོང་བུ་ལ་རེག་པ་དང་། མས་སྣ་གླང་པོ་ཆེའི་སྣ་ལྟར་འཕྱང་བའམ་ནར་བ་དང་། སྐ་རགས་གོང་ནས་ཏཱ་ལའི་ལོ་མ་ལྟར་བལྟེབས་པ་དང་། སྐ་རགས་བར་ནས་འབྲུའི་ཐུམ་པོའམ་ཕུར་མའི་དབྱིབས་སུ་འབུར་བ་དང་། སྟེང་དུ་སྦྲུལ་གྱི་གདེངས་ཀ་འདྲ་བར་མཐོ་དམན་དུ་གྱུར་པ་དང་། བླ་གོས་དང་བླ་གོས་ཀྱི་གཟན་གཉིས་ཟླུམ་པོ་མིན་པ་དང་། ཧ་ཅང་ཐུང་བའི་རྩེངས་པ་དང་། རིང་བའི་འཇོལ་བ་སྤངས་ཏེ་མཛེས་པར་བགོའོ། །སྤྱོད་ཡུལ་དུ་འགྲོ་བའི་སྡེ་ནི། ཁྱིམ་མམ་སྤྱོད་ཡུལ་དུ་འགྲོ་བ་ན་བླང་དོར་ལ་དྲན་ཤེས་མ་བསྟེན་པར་བག་མེད་དུ་འགྲོ་བ་དང་། བླ་གོས། མཐང་གོས་སོགས་ཚུལ་བཞིན་མ་བགོས་པར་འགྲོ་བ་དང་། ངག་མ་བསྡམ་པའི་ཅ་ཅོའི་སྒྲ་བཅས། ལམ་ལ་མི་བལྟ་བར་མིག་གཞན་དུ་གཡེང་བ་དང་། གཉའ་ཤིང་གང་ལས་རིང་དུ་བལྟ་བ། གོས་ཀྱི་མགོ་འཐུམ་པ། གོས་སྟེང་དུ་བརྫེ་བ། གོས་ཕྲག་པ་གཉིས་ཀ་ལ་གཟར་བ། ལག་པ་གཉིས་གཉའ་གོང་དུ་བསྣོལ་བ། ལྟག་པར་བསྣོལ་བ། རྒྱུག་མཆོངས་ཏེ་འགྲོ་བ། ཧ་ཅང་གོམ་པ་ཆེ་བས་རྐང་པ་བརྐྱང་བསྐུམ་བྱེད་པ། རྟིང་པ་བཏེགས་ཏེ་བྲང་དང་བཙུགས་ཏེ་ཙོག་པུས་འགྲོ་བ། ལག་པ་གྲུ་མོ་གཤོག་པ་ལྟར་བརྒྱང་སྟེ་དཀུར་བརྟེན་པ་དང་། ལག་པ་རང་དུ་གཡུག་ཅིང་འགྲོ་བ། མགོ་གཡས་གཡོན་སོགས་སུ་རིལ་མོར་བསྒྱུར་ཞིང་འགྲོ་བ། ལུས་བསྒྱུར་བའམ་གཅུས་ཏེ་འགྲོ་བ། གཞན་དང་ཕྲག་པ་སྡེབ་སྟེ་སྤྲད་ཅིང་འགྲོ་བ་དང་། གཞན་དང་ལག་པ་སྦྲེལ་ཏེ་འགྲོ་བ་རྣམས་མི་མཛེས་ཤིང་མ་དད་པའི་རྒྱུ་ཡིན་པས་དེ་རྣམས་མི་བྱ་བར་དང་བ་འདྲེན་པའི་སྤྱོད་ལམ་ཞི་ཚུལ་ཡིད་འོང་གིས་རྒྱུ་བ་ནི་ཁྱིམ་འགྲོའི་སྤྱོད་པ་ཉི་ཤུ་ཞེས་གསུངས་སོ། །སྟན་ལ་འདུག་པའི་སྡེ་ནི། ཁྱིམ་དུ་སྟན་ལ་ཁྱིམ་བདག་གིས་དེ་དང་དེར་བཞུགས་ཞེས་མ་བསྒོས་པར་འདུག་པ་དང་། དེར་སྲོག་ཆགས་སོགས་ཡོད་མེད་མ་བརྟགས་པར་འདུག་པ་དང་། ལུས་ལྗིད་ཕབ་སྟེ་ལྷུང་ཐབས་འཕོང་བརྡེག་སྟེ་འདུག་པ། རྐང་པ་བརྐྱང་སྟེ་བསྣོལ་བ། བརླ་བསྣོལ་བ། ལོང་བུས་སྟེང་དུ་ལོང་བུ་བརྩེགས་པ། ཁྲི་འོག་ཏུ་རྐང་པ་དགུག་པ། རྐང་པ་སོ་སོར་གདངས་པའམ་བགྲད་དེ་འདུག་པ། འདོམས་མཐོང་བར་བྱས་པ་རྣམས་སྤང་སྟེ་འདུག་པ་ནི་སྟན་ལ་འདུག་ཚུལ་དགུའོ། །ཟས་བླང་བའི་སྡེ་ནི། ཟས་ཚུལ་དང་མཐུན་པར་ལེགས་པར་མི་ལེན་པ། ལྷུང་བཟེད་ཀྱི་མུ་ཁ་དང་མཉམ་པ་སྟེ་ཕྱིར་བུར་བཀང་སྟེ་བླང་བ་དང་། འབྲས་ཆན་དང་ཚོད་མ་མཉམ་དུ་ལྷན་ཅིག་ལེན་པ་དང་། གྲལ་མཐར་ཆགས་སུ་མི་ལེན་པ་དང་། ཟས་བྱུང་བའི་ཚེ་ལྷུང་བཟེད་ལ་མིག་མ་གཏད་པར་ཟུར་མིག་གིས་བལྟ་ཞིང་ལེན་པ་དང་། བཟའ་བཅའ་མ་ཡོང་གོང་ནས་ལྷུང་བཟེད་བཟེད་སྔས་པ་དང་། སྔར་བྱུང་བའམ་ཐོབ་པའི་ཟས་སྦས་ནས་སླར་ཡང་བཟེད་དེ་ལེན་པ་དང་། ཟས་སྣོད་གཞན་གྱི་སྟེང་དུ་ལྷུང་བཟེད་བཞག་སྟེ་བཟེད་པའི་ཚུལ་མིན་མ་དད་པའི་རྒྱུ་དེ་དག་འབད་པ་ཆེན་པོས་བསྒྲིམས་ཤིང་སྤངས་ཏེ་ཞི་དུལ་བག་ཡོད་པས་བླང་བར་བྱའོ། །ཟས་ཟ་བའི་སྡེ་ནི། ཚུལ་དང་མི་མཐུན་པར་ཕག་པས་ཟ་བ་ལྟར། ལེགས་པར་རམ་མཛེས་པར་མི་ཟ་བ། ཧ་ཅང་ཁམ་ཆེ་བ། ཆུང་བ། ཚོད་རིགས་པས་རན་པར་མི་ཟ་བ། ཟས་མས་སླེབས་པའི་སྔོན་ནས་ཁ་གདང་བ་དང་། ཟ་བཞིན་དུ་གཏམ་སྨྲ་བ་དང་། སྐྱུར་བ་ལ་ཙུག་ཙུགམངར་བ་ལ་ཅག་ཅགགྲང་བ་ལ་ཧུ་ཧུ། ཚ་བ་ལ་ཕུ་ཕུའི་སྒྲ་དང་བཅས་པས་ཟ་བ་དང་། ལྕེ་ཕྱིར་ཕྱུང་སྟེ་ཟ་བ་དང་། ཡོས་སོགས་འབྲུ་རེ་རེ་ནས་གུད་དུ་ཕྱེ་ནས་ཟ་བ། ཟས་ལ་ཁའོ་སྐྱུར་རོ་ཞེས་སྐྱོན་འདོགས་ཤིང་འཕྱ་བ་དང་། ཁམ་གཅིག་མཁུར་གཡས་གཡོན་དུ་སྤོ་བ། སྐན་སྒྲ་དོག་ཅིང་ཟ་བ། ཁྱིས་ཟ་བ་ལྟར་ཁམ་འཕྲོ་བཅད་དེ་ཟ་བ། ཟས་ཀྱི་གོས་པའི་ལག་པ་དང་སྣོད་བལྡག་པ་གཉིས། ལག་པར་ཟས་ཆགས་པ་སྤྲུགས་ཏེ་འཐོར་བ། ཟས་དང་བཅས་བའི་ལྷུང་བཟེད་སྐྱོམ་སྐྱོམ་བྱེད་པ་དང་། ཟས་ལ་མཆོད་རྟེན་འདྲ་བ་བཅོས་ནས་གཞོམ་ཞིང་ཟ་བ་རྣམས་མི་བྱའོ། །ལྷུང་བཟེད་ལ་སྤྱོད་པའི་སྡེ་ནི། གཞན་གྱི་ལྷུང་བཟེད་ལ་འཕྱས་གདགས་པ་དང་། ལག་པ་ཟས་ཀྱིས་གོས་པས་ཆུ་སྣོད་ལ་རེག་པ། ཟས་ཀྱིས་འབགས་པའི་ཆུ་གཞན་ལ་གཏོར་བ་དང་། ཁྱིམ་བདག་ལ་མ་དྲིས་པར་ལྷུང་བཟེད་བཤལ་བའི་འབགས་ཆུ་སོགས་ཅི་བདེ་བར་འབོ་བ་དང་། ལྷུང་བཟེད་དུ་ཟས་ཀྱི་ལྷག་མ་འཇོག་པ་དང་། ལྷུང་བཟེད་ནི་ས་རྗེན། གད་ཁ། གཡང་ས། རི་དཀན་གཟར་པོ་ལ་འཇོག་པའམ་བཞག་པ། ལངས་ཏེ་ལྷུང་བཟེད་འཁྲུ་བ་དང་། གད་ཁ། གཡང་ས། དཀན་གཟར་དུ་འཁྲུ་བ་དང་། འབབ་ཆུའི་རྒྱུན་ཕྱོགས་ལས་ལྡོག་སྟེ་ལྷུང་བཟེད་ཀྱིས་ཆུ་འཆུ་བ་འདི་དག་མི་བྱའོ། །ཆོས་འཆད་པའི་སྡེ་ནི། དམ་པའི་ཆོས་ཀྱི་དོན་བཤད་ཅིང་སྟོན་པའི་ཚེ་ན་ཉན་པ་པོ་ལངས་པ་དང་། ཉལ་བ་དང་། ཁྲི་སོགས་མཐོ་བའི་སར་འདུག་པ་དང་། རང་གི་མདུན་ནས་རྒྱབ་བསྟན་ཏེ་འགྲོ་བ་དང་། ལམ་པོ་ཆེའི་དབུས་ནས་འགྲོ་བ་ལ་ཟུར་ནས་དང་། མགོ་གོས་ཀྱིས་གཡོགས་པ། གོས་འདོམས་ལ་སོགས་པ་མཐོང་བར་བརྫེས་པ། གོས་ཕྲག་པ་གཉིས་ལ་གཟར་བ། ལག་གཉིས་གཉའ་གོང་དུ་བསྣོལ་བ། ལྟག་པར་བསྣོལ་བ། གཙུག་ཏུ་ཐོར་ཅོག་བཅིངས་པ། ཞྭ་གྱོན་པ། མགོ་ལ་དར་སོགས་ཀྱི་ཅོད་པན་བཏགས་པ་ཅན། མེ་ཏོག་གི་ཕྲེང་བ་བཅིངས་པ། མགོ་དར་ཐོད་ཀྱིས་དཀྲིས་པ། གླང་པོ་དང་རྟ་དང། ཤིང་རྟ་ལ་ཞོན་པ་དང་། ཁྱོགས་ཀྱིས་སམ་འདོ་ལིས་འདེགས་པ། མཆིལ་ལྷམ་གྱོན་པ། ལག་ན་འཁར་བ་དང་། གདུགས། མཚོན་ཆ་རལ་གྲི་སོགས་དགྲ་ཆ་སྟེ་མདའ་གཞི་གོ་ཆ་ཐོགས་པ། ཁྲབ་རྨོག་སོགས་གོ་ཆ་གྱོན་པ་དེ་དག་ལ་ཆོས་མི་བཤད་དེ་མ་གུས་པའི་སྤྱོད་ལམ་དང་ལྡན་པའི་ཕྱིར་རོ། །སྒྲུབ་པའི་སྡེ་ནི། སྒྲུབ་པའི་ཚུལ་གསུམ་ནི། མི་ན་བར་འགྲེང་བཞིན་དུ་བཤང་གཅི་མི་བྱ། འབབ་ཆུའི་ནང་དང་། རྩྭ་སྔོན་ཡོད་སར་སྣབས་སྐྱུགས་པ་བཤང་གཅི་དོར་བ་རྣམས་མི་བྱའོ། །རྒྱུ་བའི་བསླབ་བྱ་གཅིག་ནི། གཅན་གཟན་གྱིས་གནོད་པ་གློ་བུར་དུ་བྱུང་བ་སོགས་དགོས་པའམ་རྐྱེན་མེད་བཞིན་དུ་ལྗོན་ཤིང་གི་སྡོང་པོ་ལ་འདོམ་གང་ལས་མཐོ་བར་འཛེགས་པ་སྤང་པ་ནི་རྒྱུ་བའི་བསླབ་བྱ་གཅིག་གོ། དགེ་སློང་མའི་བསླབ་བྱ་བཤད་པ། གཉིས་པ་དགེ་སློང་མའི་བསླབ་བྱ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། དགེ་སློང་མ་ཡི་བསླབ་བྱ་ནི། །ཞེས་སོ། གཉིས་པ་ནི། ཕམ་པ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ། དགེ་སློང་མ་ལ་རྩ་བའི་ལྟུང་བ་ཕམ་པ་བརྒྱད། ལྷག་མ་ཉི་ཤུ། སྤང་བའི་ལྟུང་བ་སུམ་ཅུ་རྩ་གསུམ། ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ། སོ་སོར་བཤགས་པ་བཅུ་གཅིགཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་བསྡོམས་པས་སུམ་བརྒྱ་དང་དྲུག་ཅུ་རྩ་བཞི་ཡོད་ཀྱང་ཡུལ་དུས་འདིར་དགེ་སློང་མའི་སྡོམ་པ་སྦྱིན་པའི་ལག་ལེན་བྱེད་པ་མེད་པས་མཁོ་དགོས་ཆུང་བ། དེས་ན་འདིར་རྣམ་གྲངས་ཙམ་ལས་མ་སྤྲོས་པས་རྟོགས་པར་འདོད་ན་གཞན་དུ་ཤེས་པར་བྱའོ། །དེ་དག་རྣམས་ནི་སྤང་བར་བྱ་བ་དགག་ཕྱོགས་ནས་བསྟན་པའི་བསླབ་བྱ་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་རྣམས་ཡིན་པས་ངོ་ཤེས་པའི་སྒོ་ནས་བསྲུང་བ་ལ་བསླབ་པར་བྱའོ། ། ༢བསྒྲུབ་པའི་བསླབ་བྱ་བཤད་པ། གཉིས་པ་བསྒྲུབ་པའི་བསླབ་བྱ་བཤད་པ་ལ་གཉིས། བསྟན་པ། བཤད་པའོ། ། མདོར་བསྟན་པ། དང་པོ་ནི། དེ་ནས་བསྒྲུབ་པའི་བསླབ་བྱ་ནི། ཞེས་ཚུལ་ཁྲིམས་ཀྱི་མཐུན་པའི་ཕྱོགས་བསླབ་པའམ་བསྒྲུབ་པར་བྱ་བའི་གནས་སུ་གྱུར་པ་ནི་འདི་དག་ཡིན་ཏེ། ཞེས་མདོར་བསྟན་པའོ། ། རྒྱས་པར་བཤད་པ་ལ། གཉིས་པ་ལ་གཉིས། བསླབ་པ་ལ་ཡོངས་སུ་སྦྱོང་བའི་གཞི་གསུམ་བཤད་པ་དང་། བདེ་བར་གནས་པའི་རྐྱེན་གྱི་གཞི་ལྔ་བཤད་པའོ། ། བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་བཤད་པ། དང་པོ་ལ་གཉིས། གསུམ་པོའི་མིང་སྨོས་པ་དང་། གསོ་སྦྱོང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བསླབ་པ་སོགས་ཚིག་རྐང་གཉིས་ཏེ། བསླབ་པ་རིན་པོ་ཆེའི་ཡོན་ཏན་གོང་དུ་སྤེལ་བའི་ཐབས་སུ་གྱུར་པ་ཡོངས་སུ་སྦྱོང་བའི་གཞིའམ་རྟེན་བྱེད་པ་ནི་གསུམ་སྟེ་གསོ་སྦྱོང་དང་དབྱར་གནས་དང་དགག་དབྱེའི་གཞི་གསུམ་མོ། །ཞེས་འདིར་མིང་ཙམ་གྱིས་རྣམ་གྲངས་བསྟན་པ་ལས་རྒྱས་པར་མ་བཤད་ཅིང་གསོ་སྦྱོང་འོག་ཏུ་ཅུང་ཟད་ཕྱེ་སྟེ་བཤད་པར་འགྱུར་ལ། གཞན་གཉིས་པོའི་མཚན་ཉིད་མདོར་བསྡུ་ན། དབྱར་གནས་ལ་དབྱར་སྔ་མ་དང་། ཕྱི་མ་གཉིས། དང་པོ་གྲོ་བཞིན་ཟླ་བའི་དམར་ཕྱོགས་ཀྱི་ཚེས་གཅིག་སྟེ་དྲུག་པའི་བཅུ་དྲུག་དང་། ཕྱི་མ་ཁྲུམས་ཟླའི་མར་ངོའི་ཚེས་གཅིག་སྟེ་བདུན་པའི་བཅུ་དྲུག་ནས་ཁས་བླང་བ་སྟེ། དུས་ལྔ་བསྣུར་གྱི་དབང་དུ་བྱས་ན་ལྔ་པ་དང་དྲུག་པའི་བཅུ་དྲུག་ནས་ཁས་བླངས་ཏེ་ཟླ་བ་གསུམ་དུ་མཚམས་ཀྱི་ཕྱི་རོལ་ཏུ་མི་འགྲོ་བ་སོགས་ཀྱིས་ཐོས་བསམ་སྒོམ་པ་ལྷུར་བྱེད་པའོ། །དགག་དབྱེ་ལའང་དབྱར་སྔ་མ་ཁས་བླངས་ན་སྟོན་འབྲིང་དབྱུག་ཟླ་དང་། ཕྱི་མ་ཡིན་ན་སྟོན་ཐ་སྨིན་ཟླའི་བཅོ་ལྔ་དང་། དུས་སྔ་བསྣུར་སྐབས་ཟླ་བ་བདུན་པ་དང་བརྒྱད་པའི་བཅོ་ལྔ་ལ་བྱ་སྟེ་དབྱར་གྱི་སྐབས་སུ་དགག་བྱ་ཐམས་ཅད་ཀྱི་སྐབས་དབྱེ་སྟེ་ལྗོངས་རྒྱུ་བའོ། །འདི་དག་གི་དོན་རྒྱས་པ་གཞན་དུ་གསལ་གྱི་འདིར་མ་སྤྲོས་སོ། །སྟེ་ཞེས་པ་ཕྱི་མ་འདྲེན་པའི་ཕྲད་དོ། །གཉིས་པ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། དང་པོ་ལ་ཡང་གཞི་མཐུན་གཉིས། །ཞེས་པ་སྟེ། གཞི་གསུམ་གྱི་དང་པོ་གསོ་སྦྱོང་ལའང་ཞི་གནས་ཀྱི་དང་། མཐུན་པའི་གསོ་སྦྱོང་གཉིས་ཡོད་དོ། །ཞེས་པའོ། །གཉིས་པ་ལ་གཉིས། ཞི་གནས་ཀྱི་དང་། མཐུན་པའི་གསོ་སྦྱོང་བཤད་པའོ། །དང་པོ་ནི། ཏིང་འཛིན་སོགས་ཚིག་རྐང་གཉིས་ཏེ། ཚུལ་ཁྲིམས་དང་ལྡན་ཅིང་འདོད་ཆུང་ཆོག་ཤེས་དང་ལྡན་པའི་མ་ཆགས་འཕགས་རིགས་ལ་གནས་པས་ཏིང་ངེ་འཛིན་དང་ཤེས་རབ་གྱི་བསླབ་པ་གཉིས་པོ་སྤྱོད་པ་ལ་ཐོག་མར་ལམ་གྱི་རྒྱུ་སྡེ་སྣོད་ཐོས་པ་དང་། དེའི་དོན་བསམ། དེ་ནས་སྤོང་ཁང་བརྩིགས་ཤིང་ཞལ་ཏ་པ་བསྐོས་ལ་སེམས་གནས་པའི་ཐབས་དགུ་ལ་སོགས་པས་ཞི་གནས་བསྒྲུབས་ཤིང་། དྲན་པ་ཉེ་བར་བཞག་པ་བཞི་སོགས་ཀྱིས་ལྷག་མཐོང་གི་ཤེས་རབ་བསྐྱེད་ནས་བཏུད་ཅིང་བསྒོམ་པས་ལམ་ལྔ་བྱང་ཕྱོགས་སོ་བདུན་གྱིས་བགྲོད་ནས་འབྲས་བུ་བཞི་ལ་སོགས་པས་ཐོབ་པར་བྱེད་པའོ། །དང་ཞེས་པ་སྔ་ཕྱི་སྡུད་པའི་ཕྲད་དོ། །གཉིས་པ་ནི། ཚུལ་ཁྲིམས་སོགས་རྐང་པ་གཉིས་ཏེ། ཁས་བླངས་པའི་བསླབ་པའི་ཚུལ་ཁྲིམས་རིན་པོ་ཆེ་དག་པའི་ཆེད་དུ་མཐུན་པའི་གསོ་སྦྱོང་བྱ་བ་ནི། བཅུ་བཞི་པ་དང་བཅོ་ལྔ་པ་སྟེ་དེའང་མཚོ་སྣ་པ་དང་བྱ་འདུལ་སོགས་ཀྱིས་ཧོར་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ནས་དགུན་མགོ་བྱས་ཏེ་དུས་ཀྱི་མགོ་བཟུང་པས། དེ་ནས་ཟླ་བ་ཕྱེད་དང་གཉིས་འདས་པ་ཧོར་ཟླ་བཅུ་གཅིག་པའི་མར་ངོ་ལ་རྒྱལ་ཟླའི་བཅུ་བཞི་པ་འབྱུང་པའི་དབང་དུ་མཛད་པ་དང་། ཀུན་མཁྱེན་བུ་སྟོན་ཆེན་པོ་སོགས་ཀྱིས་དགུ་པའི་བཅུ་དྲུག་ནས་ལོ་མགོ་འཛིན། མཆིམས་སོགས་བོད་སྔ་རབས་པས་བརྒྱད་པའི་བཅུ་དྲུག་ནས་བཟུང་བ་ཡོད་ལ་ཐམས་ཅད་མཁྱེན་པ་ཞྭ་དམར་དྲུག་པ་སོགས་ནི་བུ་སྟོན་དང་མཐུན་ཞིང་། གང་ལྟར་ཉིན་ཞག་བཅུ་བཞི་པ་དྲུགབཅོ་ལྔ་པ་བཅོ་བརྒྱད་ཡོད་པ་དེ་དག་ལ་དུས་ངེས་པའི་གསོ་སྦྱོང་ཞེས་བྱ་སྟེ། དེའི་གནས་ནི་གྲུབ་པ། བགྱིས་པ། ལེགས་པའམ་ཟིན་པ་གང་རུང་། བྱེད་པོ་རབ་བྱུང་སྡེ་ལྔ། སྦྱོར་བ་ཚད་དང་མཚན་ཉིད་ལྡན་པའི་གཎྡིས་ཚོགས་བསྡུས་ཏེ་ལྟུང་བ་བཤགས་སྡོམ་བྱིན་རླབས། རྒྱུན་ཆགས་གསུམ་པ་དང་ཚུལ་ཁྲིམས་ལ་རབ་ཏུ་བསྔགས་པའི་མདོ་བཏོན། རྒྱུད་དག་པ་དང་གནས་ལ་བློ་མཐུན་བྱས། འདུ་བར་མི་ནུས་པར་འདུན་དག་དྲིས། དངོས་གཞི་གནས་བརྟན་གྱིས་སོ་སོར་ཐར་པའི་མདོ་གདོན་ཞིང་། རྗེས་བསྔོ་སྨོན་བྱ་བ་རྣམས་སོ། །སོགས་ཀྱི་ཁོངས་ནས་བཀྲ་ཤིས་གསོ་སྦྱོང་། གནོད་པ་ཟློག་པའི་གསོ་སྦྱོང་། ཟླུམ་པའི་གསོ་སྦྱོང་རྣམས་ཀྱང་སྐབས་བསྟུན་བྱ་སྟེ་གཞན་དུ་གསལ་ལོ། ། བདེ་བར་གནས་པ་རྐྱེན་གྱི་གཞི་ལྔ་བཤད་པ། གཉིས་པ་ནི། བདེ་བར་སོགས་ཚིགས་རྐང་གསུམ་སྟེ། འཚོ་བ་བདེ་བར་གནས་པའི་རྐྱེན་གྱི་གཞིར་གྱུར་པ་ནི་ལྔ་སྟེ། སྲ་བརྐྱང་། གོས། ཀོ་ལྤགས། གནས་མལ་སྨན་གྱི་གཞི་དང་། སོགས་ཁོངས་ནས་ཆོ་ག་ཁྱད་འབྲེལ་ལས་ཀྱི་གཞི་སོགས་གཞི་བཅུ་བདུན་དུ་གྲགས་པ་རྣམས་ནི་གཞུང་གཞན་དུ་གསལ་བས་དེར་ཤེས་པར་བྱའོ་ཞེས་ཁ་འཕངས་པ་སྟེ། དེའང་འབྲུག་ཆེན་པད་དཀར། མངའ་རིས་པཎ་ཆེན་སྡོམ་ཊིཀསྨིན་ལོའི་དཔག་བསམ་སྙེ་མ། རྗེ་དཔོན་ཀརྨ་ངེས་ལེགསཤིང་རྟ་ཆེན་པོ་བློ་གྲོས་མཐའ་ཡས་ཀྱི་ཤེས་བྱ་ཀུན་ཁྱབ་སྡོམ་གསུམ་རྣམས་སུ་གསལ་བར་ཡོད་པ་དེ་དག་ཏུ་བལྟ་བར་བྱའི་འདིར་ཡི་གེ་མང་གིས་དོགས་པས་འཆད་མ་ནུས་ཤིང་། ཁྱེར་བདེའི་ཕྱིར་གཞི་བཅུ་བདུན་ལོགས་སུ་གསལ་པོར་བྱས་པའི་ཟིན་བྲིས་བདག་གིས་ཟུར་དུ་བྱས་པ་ཉིད་ཀྱིས་ཀྱང་ཤེས་པར་འགྱུར་རོ། ། ༥སྐྱེ་བའི་རྟེན། ལྔ་པ་སྐྱེ་བའི་རྟེན་ནི། སྐྱེ་བའི་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། སོ་ཐར་མཚན་ཉིད་པའི་སྡོམ་པ་སྐྱེ་བའི་རྟེན་ནི། ཕ་མ་དགྲ་བཅོམ་བསད་པ་དང་དགེ་འདུན་འཁོར་ལོའི་དབྱེན་དང་དེ་བཞིན་གཤེགས་པའི་སྐུ་ལས་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་མཚམས་མེད་ལྔ་བྱེད་པ་དང་། རྣམ་སྨིན་གྱི་སྒྲིབ་པ་ཤེས་ཆེ་བ་བྱང་གི་སྒྲ་མི་སྙན་པ་ལྟ་བུ་གནས་རིགས་ཉམས་པའི་འགྲོ་བ་མ་གཏོགས་པའི་གཞན་ཤར་ནུབ་ལྷོའི་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་བུད་མེད་ཀྱི་རྟེན་ལ་སོ་ཐར་གྱི་སྡོམ་པ་སྐྱེ་ཡི། དེ་ལས་གཞན། གང་ཞིག་གྲོང་པའི་ཆོས་མེད་པ། །དེ་ལ་ཟ་མ་ཞེས་སུ་བརྗོད། །ཅེས་པ་ལྟར་ཟ་མ་དང་། སྐྱེ་ནས་ཟླ་ཕྱེད། འཁྱུད་ནས་ལྡང་བ། ཕྲག་དོག་ཅན། ཉམས་པ་སྟེ་མ་ནིང་རིགས་ལྔ་དང་། ཕོ་མོའི་མཚན་མ་གཉིས་ཅིག་ཆར་དུ་བྱུང་བའི་མཚན་གཉིས་པ་དང་། སོགས་ཁོངས་ནས་ཕོ་མོའི་མཚན་ལན་གསུམ་དུ་འགྱུར་བ་སོགས་མཚན་ཉམས་པ། མི་མ་ཡིན་མིའི་རྣམ་པར་སྤྲུལ་པ། མི་མ་ཡིན་པའི་འགྲོ་བ་སོགས་ནི་འགྲོ་བ་ཉམས་པ་ཞེས་དེ་རྣམས་ལ་སྡོམ་པ་སྐྱེ་བའི་བར་ཆད་ཅན་ཡིན་པས་སྐྱེ་བ་མ་ཡིན་ནོ། ། ༦གཏོང་བའི་རྒྱུ། དྲུག་པ་གཏོང་བའི་རྒྱུ་ལ་གཉིས། གཏོང་རྒྱུ་དངོས་བཤད་པ་དང་། འདོད་པའི་རྣམ་གྲངས་བཀོད་པའོ། །དང་པོ་ལ་གཉིས། ཐུན་མོང་དང་། །སོ་སོའི་ཐུན་མོང་མ་ཡིན་པའི་གཏོང་རྒྱུ་བཤད་པའོ། །དང་པོ་ནི།  བསླབ་པ་སོགས་ཚིགས་བཅད་གཅིག་སྟེ། སོ་ཐར་གྱི་སྡོམ་པ་སྤྱིའི་གཏོང་རྒྱུ་ནི་བརྡའ་འཕྲོད་པའི་དྲུང་དུ་བསམ་པ་ཐག་པས་བསླབ་པ་ཕྱིར་ཕུལ་བ་དང་། ལུས་རྟེན་བོར་བའི་ཤི་འཕོས་པ་དང་། མཚན་ཉམས་ཏེ་མཚན་གཉིས་ཅིག་ཅར་དུ་བྱུང་བ་དང་། མཚན་ལན་གསུམ་དུ་གནས་གྱུར་པ་དང་། དགེ་རྩ་ཆད་པ་སྟེ་རྒྱུ་འབྲས་མེད་པར་ལྟ་བའི་ལོག་པའི་ལྟ་བ་ངན་པ་སྐྱེས་པ་དང་། རྩ་བའི་ལྟུང་པ་ཕམ་པ་བཞི་འཆབ་བཅས་བྱུང་བ་དང་བཅས་པ་འདི་དག་གིས་ནི་སོ་སོར་ཐར་པའི་འདུལ་པའི་སྡོམ་པ་རྒྱུད་ལ་མི་གནས་པར་གཏོང་བའི་རྒྱུའོ། །གཉིས་པ་ནི། ཉི་ཤུ་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། ལོ་ཉི་ཤུ་མ་ལོན་པ་ལ་མའི་མངལ་གཤོལ་གྱི་ཟླ་བས་ཁ་བསྐངས་ཀྱང་ཉི་ཤུ་མ་ཚང་བར་བསྙེན་པར་རྫོགས་ནས་ཕྱིས་དེར་ཤེས་པ་དང་། སྐྱེས་པ་གཞན་ལ་མི་ཚངས་སྤྱོད་པ་བསྟེན་པར་བྱའོ་ཞེས་ཁས་བླངས་པ་དང་། ཉིན་ཞག་གི་མཐའ་སྟེ་མཚན་མོའི་མཐའ་འདས་པ་རྣམས་རིམ་བཞིན་དུ། དགེ་སློང། དགེ་སློབ་མ། བསྙེན་གནས་ཀྱི་སྤྱིའི་གཏོང་རྒྱུ་བཞིས་གཏོང་བར་མ་ཟད། རང་རང་གི་སོ་སོའི་སྡོམ་པ་གཏོང་བའི་རྒྱུ་ཐུན་མོང་མ་ཡིན་པའོ། །གཉིས་པ་འདོད་པའི་རྣམ་གྲངས་བཤད་པ་ནི། ཁ་ཆེའི་སོགས་ཚིགས་བཅད་གཅིག་སྟེ། ཁ་ཆེའི་ཡུལ་གྱི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་རྣམས་ཀྱིས། སྡོམ་པ་དང་ལྡན་པ་ཞིག་ལ་རྩ་ལྟུང་འཆབ་བཅས་བྱུང་ཡང་སྡོམ་པ་ཟད་པར་མི་གཏོང་སྟེ། ཕྱོགས་གཅིག་ཉམས་པས་སྡོམ་པ་ཟད་པར་གཏོང་བ་མི་རིགས་པའི་ཕྱིར། དེ་འདྲ་དེ་སྡོམ་ལྡན་དང་ཚུལ་འཆལ་གཉིས་ཀ་ཡིན་ཏེ། མི་འགའ་ཞིག་བུ་ལོན་ཡང་ཆགས་པའི་ནོར་དང་ལྡན་པ་བཞིན་དུ་འདོད་ལ། འབྲི་གུང་སྐྱོབ་པ་དང་ཞྭ་དམར་དྲུག་པ་སོགས་ཀྱང་དེ་དང་མཐུན་པར་བཞེད་ཅེས་བདག་གི་བླ་མ་འཇམ་མགོན་གུ་ཎས་གསུངས།  གནས་བརྟན་གོས་དམར་སྡེ་བ་པ་རྣམས་སངས་རྒྱས་ཀྱི་ལུང་གི་བསྟན་པ་དམ་པའི་ཆོས་ནུབ་ན་སྡོམ་པ་གཏོང་སྟེ། བསླབ་པའི་མཚམས་མི་ཤེས་པའི་ཕྱིར་ཞེས་འདོད། འང་གི་སྒྲས་མདོ་སྡེ་པ་དང་བོད་ལྔ་རབས་པ་རྣམས་ཕམ་པ་འཆབ་བཅས་རྣམས་རྩ་བ་ཆད་པའི་ལྟུང་བ་ཡིན་པའི་ཕྱིར། ཤིང་ཏཱ་ལའི་མགོ་བོ་བཅད་པའི་དཔེས་རྩ་ལྟུང་གཅིག་སྤྱད་ན་ཐམས་ཅད་ཉམས་ཤིང་འཇིག་ནས་དེའི་རྒྱུད་ལ་དགེ་སློང་གི་སྡོམ་པ་མེད་པར་བཞེད་པའང་བསྡུས་ཏེ་བསྟན་ཏོ། །དེ་དག་གི་གནད་ཀྱང་སྡོམ་པའི་ངོ་བོ་གཟུགས་ཅན་དུ་འདོད་པའི་ཚེ་བསླབ་པ་བཞི་སོགས་གཟུགས་སོ་སོར་ཡོད་དགོས་པས་གཅིག་ཞིག་ཀྱང་གཞན་ཞིག་མི་སྲིད་དེ་བུམ་པ་ཆག་ཀྱང་ཀ་བ་མི་འགྱེལ་བ་བཞིན་ནོ། །ཤེས་པར་འདོད་པའི་ཚེ་རྫས་སོ་སོ་བ་མེད་པས་གཅིག་གཏོང་ན་ཀུན་གཏོང་སྟེ་མཚོ་སྐམ་པ་བཞིན་ཡིན་པར་གྲུབ་བོ། ། ༧ཉམས་ན་ཕྱིར་བཅོས་ཚུལ། བདུན་པ་ཉམས་པ་གསོ་བའི་ཚུལ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། ཉམས་པ་གསོ་བའི་ཚུལ་བཤད་པ། །ཞེས་སྡོམ་པ་ཉམས་པ་སླར་གསོ་བའི་ཚུལ་བཤད་པ་ནི། ཞེས་སོ། །གཉིས་པ་ལ་གཉིས། ཕྱིར་བཅོས་མི་རུང་བ་དང་། །རུང་བའོ། །དང་པོ་ནི། ཕམ་པ་སོགས་ཚིག་རྐང་གསུམ་སྟེ། ཕམ་པ་བཞི་པོ་འཆབ་བཅས་བྱུང་བ་ཚེ་འདིར་སླར་གསོ་བའི་ཐབས་ནི་སྟོན་པ་ཐམས་ཅད་མཁྱེན་པས་མ་གསུངས་པའམ་མ་གནང་སྟེ། དེ་ནི་དགེ་འདུན་རྣམས་དང་ལྷན་ཅིག་གནས་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་ན། དགེ་འདུན་རྣམས་ཀྱིས་དམིགས་ཀྱིས་བཀར་ནས་བསལ་ཏེ་ལམ་སྲང་དུ་དོར་བའི་ཆུ་ཤིང་རུལ་བ་ཇི་བཞིན་དུ་གནས་ནས་སྤྲད་ལ། རང་ཉིད་ཀྱིས་སྟོབས་བཞིའི་གཉེན་པོས་ལྟུང་བ་ངན་པ་ལས་ལྡང་བའི་ཐབས་བརྟེན་པ་ཁོ་ནའོ། །གཉིས་པ་ལ་གཉིས། ཕྱིར་བཅོས་དངོས་བཤད་པ་དང་། ལྟུང་བ་ཡང་པའི་རྒྱུ་གཞན་བསྟན་པའོ། །དང་པོ་ནི། འཆབ་མེད་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། རྩ་ལྟུང་བྱུང་ན་སྐད་ཅིག་ཀྱང་གསང་འདོད་མ་སྐྱེས་པའི་འཆབ་མེད་ལ་དངོས་པོའི་མིང་ནས་བརྗོད་དེ་འགྱོད་པ་དྲག་པོ་ཤ་ལ་བབ་ཅིང་རུས་ལ་ཞེན་པས་དགེ་འདུན་ལ་མཐོལ་ཞིང་བཤགས་ཏེ་མཐོང་སྡོམ་དྲིས་ཤིང་སྡོམ་པ་སླར་ཡང་ནོད་པའམ། དགེ་འདུན་གྱིས་དེ་ལ་གསོལ་བཞིའི་ལས་ཀྱིས་བསླབ་པ་སྦྱིན་པའི་ཆོ་ག་བྱ་སྟེ། དེ་ནི་དེ་ནས་བཟུང་སྟེ་དགྲ་བཅོམ་པ་མ་ཐོབ་ཀྱི་བར་དུ་ལས་ཀྱི་ཁ་སྐོང་སོགས་མི་འོས་པས་ཁྱད་པར་གྱི་སྤྱོད་པ་ལྔ་སྤང་ཞིང་། ནངས་པར་གྱི་དུས་སུ་ཇི་ལྟར་བྱ་བ་དང་། གུང་གི་དུས་སུ་ཇི་ལྟར་བྱ་བ་སོགས་དམན་སྤྱོད་ལྔ་པོ་དང་དུ་བླང་བར་བྱ་ཞིང་གཉེན་པོ་ལ་རབ་ཏུ་འབད་པས་དགྲ་བཅོམ་པ་ཐོབ་པ་ན་དགེ་སློང་དག་པར་འགྱུར་ཏེ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ཡང་དག་པར་ལྡན་ཞིང་ཁམས་གསུམ་གྱི་བླ་མར་གྱུར་པའི་ཕྱིར་རོ། །དགེ་འདུན་ལྷག་མ་བཅུ་གསུམ་དང་། སོགས་ཁོངས་ནས་སྤང་ལྟུངསོགས་སྡེ་གཞན་རྣམས་ལུས་ངག་ཏུ་ཐོན་ཏེ་དེའི་ལས་ལམ་རྫོགས་པའི་ལྕི་བ་དང་། ལུས་ངག་ཏུ་མ་ཐོན་པའི་ཅུང་ཟད་ཡང་བའི་སྐབས་དང་བསྟུན་པའི་སྒོ་ནས་སླར་ཡང་ཕྱིར་བཅོས་དགོས་ཏེ། ལྷག་མ་འཆབ་མེད་ལ་དགེ་འདུན་གྱིས་སྤོ་བ་སྤྱིན་ཏེ། མགུ་བ་ཞག་དྲུག་ནོད་ནས་སླར་ལྟུང་བ་ལས་དབྱུང་ཞིང་། འཆབ་བཅས་ཞག་གྲངས་དུ་ཙམ་འཆབ་པ་དེ་སྙེད་ཀྱི་སྤོ་བ་སྤྱད་དེ། སླར་མགུ་དབྱུང་བྱ། ཕམ་ལྷག་གི་སྦོམ་པོ་གཉིས་ལྕི་ཡང་གི་བྱེ་བྲག་གིས་བཤགས་ཡུལ་གྲངས་མང་ཉུང་དང་། སྤང་ལྟུང་སོགས་ཀྱང་རང་རང་གི་སྐབས་སུ་ཕྱོགས་འགོ་ཙམ་བཤད་པ་ལྟར་དང། གོང་གི་ལྟུང་བ་དེ་དག་ལུས་ངག་ཏུ་མ་ཐོན་པ་རྣམས་ནི་འགྱོད་སྡོམ་དྲག་པོས་ལྟུང་བ་ལས་ལྡང་ཞིང། འདིར་སྤོ་མགུ་དབྱུང་ཞེས་པ་ནི། དགེ་འདུན་གྱི་གྲལ་མཐའ་དམན་པའི་གནས་སུ་བཀར་ཏེ་སྤོ་བ་དང་། མགུ་བ་དགེ་འདུན་སྤྱིའི་ཞབས་འབྲང་དུ་དམན་པའི་སྤྱོད་པས་ཐུགས་མགུ་བར་བྱེད་པ་དང་། དབྱུང་བ་དགེ་འདུན་གྱི་ལས་ཀྱིས་དགེ་སློང་རྣམ་དག་གི་གྲལ་དུ་འཇོག་པ་སྟེ་ཞིབ་པར་གཞན་དུ་གསལ་བས་འདིར་མདོ་ཙམ་བསྡུས་ཏེ་བཀྲལ་པའོ། །དེ་ལ་སོགས་པ་ལྟུང་བ་སོ་སོའི་ཕྱིར་བཅོས་གཞུང་ནས་བཤད་ཚོད་བཞིན་དུ་འབད་པ་ཆེན་པོས་ཉམས་སུ་བསྟར་བར་བྱའོ། །གཉིས་པ་ནི། འོན་ཀྱང་སོགས་ཚིག་རྐང་གསུམ་སྟེ། ལྟུང་བ་བྱུང་བ་དེ་དག་གསོར་རུང་དང་མི་རུང་གི་བྱེ་བྲག་ཡོད་ཅིང་། མི་དགེ་བ་དེས་ངན་སོང་ལ་སོགས་པའི་ཉེས་དམིགས་ཆེན་པོ་འཐོབ་མོད་ཀྱི། འོན་ཀྱང་བཤགས་པས་འདགས་པའི་རྒྱུའི་གཙོ་བོ་ནི་འགྱོད་སྡོམ་ཁོ་ན་ཡིན་པས། འགྱོད་པ་དྲག་པོ་ཁོང་དུ་དུག་སོང་བ་ལྟ་བུ་ཡིས་བསྐུལ་ཏེ། སངས་རྒྱས་སུམ་ཅུ་རྩ་ལྔ་མངོན་སུམ་བཞིན་ཡིད་ལ་བྱས་པའི་སྤྱན་སྔར་ལྟུང་བ་བཤགས་པའམ་འཕགས་པ་ཕུང་པོ་གསུམ་པའི་མདོ་ཉིན་མཚན་ལན་དྲུག་ཏུ་བཏོན་པས་མཚོན། སྟོབས་བཞི་ཚང་བར་རྒྱལ་བས་གསུངས་པའི་སྡིག་ལྟུང་གི་གཉེན་པོ་ཐམས་ཅད་ལ་སྒོ་གསུམ་འབད་པ་ཆེན་པོས་བརྩོན་ཞིང་ཕྱིན་ཆད་མི་བགྱིད་པའི་སྡོམ་སེམས་བརྟན་ན་ཆོས་འདི་པའི་ལུགས་ཀྱི་རྒྱུ་ལྟུང་བ་ལས་ལྡང་མ་ནུས་ཀྱང་འབྲས་བུ་རྣམ་སྨིན་ཤིན་ཏུ་ཡང་བར་འགྱུར་བ་ཡིན་ཏེ་སངས་རྒྱས་སྲས་བཅས་ཀྱི་ཐུགས་རྗེ་བསླུ་བ་མེད་པ་དང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། བཤེས་སྤྲིངས་ལས། ཇི་ལྟར་སྔོན་ཆད་བག་མེད་གྱུར་པ་ཡིས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་པ་ལྟར་རོ། ། ༨བསྲུང་བའི་ཕན་ཡོན། བརྒྱད་པ་བསྲུང་བའི་ཕན་ཡོན་ནི། དེ་ལྟར་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། གོང་དུ་བཤད་པ་དེ་ལྟར་ཐེག་པ་མཐའ་དག་གི་ལུང་རྟོགས་ཡོན་ཏན་ཐམས་ཅད་ཀྱི་གཞི་དང་གོང་དུ་འཕེལ་བའི་རྐྱེན། ཆོས་དཀར་མ་ལུས་སྐྱེ་བའི་རྟེན་ཏེ། ཇི་སྐད་དུ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་གསུངས་པ་ལྟར། སོ་སོར་ཐར་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་གང་དགབསྙེན་གནས་ཡན་ལག་བརྒྱད་པ་ལན་གཅིག་གིས་ཀྱང་ཕྱི་མ་འདོད་པའི་ལྷར་སྐྱེ་བ་ལྟ་བུ་གནས་སྐབས་སུ་མཐོ་རིས་ལྷ་མིའི་ལུས་རྟེན་སོགས་ཕུན་སུམ་ཚོགས་པའི་བདེ་བ་ལ་རང་དབང་ཐོབ་ཅིང་འབྱོར་པ་དང་། མཐར་ཐུག་ཉན་རང་བླ་མེད་ཀྱི་བྱང་ཆུབ་རྣམ་པ་གསུམ་པོ་གང་འདོད་དཀའ་ཚེགས་མེད་པར་བདེ་བླག་ཏུ་འགྲུབ་པའམ་ཐོབ་པར་འགྱུར་ཏེ། ཚུལ་ཁྲིམས་ཕུང་པོར་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིང་སངས་རྒྱས་འགྲུབ་པར་འགྱུར། །ཞེས་སོགས་ལུང་བསམ་གྱིས་མི་ཁྱབ་པས་བསྔགས་པ་ལྟར་རོ། ། ལེའུའི་སྐབས་བསྡུ་བ། སྐབས་བསྡུ་བ་ནི། སྡོམ་པ་གསུམ་གྱི་བརྟན་བཅོས་སྙིང་པོ་བསྡུས་པ་ལས་འདུལ་བ་སོ་ཐར་གྱི་སྐབས་ཏེ་དང་པོ་མདོ་ཙམ་བཤད་ཟིན་ཏོ།། །། གཉིས་པ་བྱང་སེམས་ཀྱི་སྡོམ་པ་རྒྱས་པར་བཤད་པ་ལ། ༈ གཉིས་པ་བྱང་སེམས་ཀྱི་སྡོམ་པ་རྒྱས་པར་བཤད་པ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ། ། མདོར་བསྟན་པ་དང་། དང་པོ་ནི། །ཆེན་པོ་སོགས་ཚིག་རྐང་གཉིས་ཏེ། ཐེག་དམན་ཉན་རང་གི་ཐེག་པ་ལས་ཁྱད་པར་དུ་གྱུར་པ། དམིགས་པ། སྒྲུབ་པ། ཡེ་ཤེས། བརྩོན་འགྲུས། ཐབས་མཁས། ཡང་དག་སྒྲུབ་པ་པ། ཕྲིན་ལས་ཏེ་ཆེན་པོ་བདུན་དང་ལྡན་པ་ཡི་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡོམ་པ་བཤད་པ་ལ། ཞེས་མདོར་བསྟན་ཏེ་མཚམས་སྦྱར་བའོ། ། རྒྱས་པར་བཤད་པ་ལ། གཉིས་པ་ལ་བརྒྱད། འཐོབ་བྱ་སྡོམ་པའི་ངོ་བོ། དེའི་དབྱེ་བ། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། སྐྱེ་བའི་རྟེན། གཏོང་བའི་རྒྱུ། ཉམས་ན་ཕྱིར་བཅོས་ཚུལ། བསྲུང་བའི་ཕན་ཡོན་བཅས་བཤད་པའོ། ། ཐོབ་བྱ་སྡོམ་པའི་ངོ་བོ། དང་པོ་ནི། ངོ་བོ་སོགས་ཚིགས་བཅད་གཅིག་སྟེ། བྱང་ཆུབ་མཆོག་དུ་སེམས་བསྐྱེད་པའི་ངོ་བོ་ནི་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ལ་མས་བུ་གཅིག་པ་ལྟར་སྙིང་དུ་སྡུག་པར་མཐོང་སྟེ་དེ་དག་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང། སྡུག་བསྔལ་གསུམ་གྱི་རྒྱུ་བཅས་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་ཡིས་ཀུན་ནས་བསླངས་ཏེ། ནམ་མཁའི་མུ་དང་མཐའ་ཡས་པ་དེ་དང་མཉམ་པའི་འགྲོ་བའི་ཁམས་ཀྱི་སྲིད་པ་མ་ལུས་པ་བདག་གིར་བཟུང་སྟེ་དེར་འཕྱན་པའི་འགྲོ་བ་མ་ལུས་པ་རྣམ་གྲོལ་དུ་འགོད་པའི་སྙིང་སྟོབས་གཞོམ་དུ་མེད་པ། རྫི་བོ་ལྟ་བུ། མཉན་པ་ལྟ་བུ། རྒྱལ་པོ་ལྟ་བུ་གང་ཡང་རུང་བའི་སེམས་མཆོག་བསྐྱེད་པ་ནི། མདོར་ན་ཆེད་དུ་བྱ་བ་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དུ། ཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འདོད་པའི་ཟུར་གཉིས་ལྡན་པས། །དེའི་མི་མཐུན་ཕྱོགས་སྒོ་གསུམ་གྱི་ཉེས་པ་སྤོང་བའི་སེམས་པ་རྒྱུན་ཆགས་པའོ། ། ༢དེའི་དབྱེ་བ། གཉིས་པ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། དབྱེ་བ་སོགས་ཚིག་རྐང་གཉིས་ཏེ། སེམས་བསྐྱེད་པ་དེ་ལ་རྣམ་པར་དབྱེ་ན། དཔེ། ས་མཚམས། བསླབ་པ་གསུམ་དང་། མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་བཞིར་ཡོད་དོ། །ཞེས་སོ། །གཉིས་པ་ལ་གཉིས། རྒྱས་པར་དབྱེ་བ་དང་། མཚན་ཉིད་ཀྱི་སྒོ་ནས་བསྡུས་ཏེ་དབྱེ་བའོ། །དང་པོ་ལ་གསུམ། དཔེ་དང་། ས་མཚམས་དང་། བསླབ་པ་གསུམ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། དེ་ཡང་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཡང་དཔེ་ཡི་སྒོ་ནས་སྐྱེ་ཚུལ་གྱི་རྣམ་པར་དབྱེ་ན། ས་ཡི་དཀྱིལ་འཁོར་དང་། གསེར་བཟང་པོ་དང་། ཟླ་བ་ཚེས་པ་དང་། མེ་འབར་བ། གཏེར་གྱི་བུམ་པ། རིན་པོ་ཆེའི་འབྱུང་གནས། རྒྱ་མཚོ། རྡོ་རྗེ་ཕ་ལམ། རི་རབ་དང་། སྨན་ཆེན་པོ་དང་། དགེ་བའི་བཤེས་གཉེན་དང། ཡིད་བཞིན་ཀྱི་ནོར་བུ་དང་། ཉི་མ་དང་། གླུ་དབྱངས་སྙན་པ་དང་། རྒྱལ་པོ་དང་། ནོར་གྱི་བང་མཛོད་དང་། ལམ་པོ་ཆེ་དང་། བཞོན་པ་བཟང་པོ་དང་། འཛད་དུ་མེད་པ་བཀོད་མའམ་རྫིང་བུའི་ཆུ་དང་ནི། ལྷའི་རྔ་བོ་ཆེ་སོགས་སྒྲ་སྙན་པ་དང་། ཆུ་བོའི་རྒྱུན་དང་། སྤྲིན་ཕུང་སྟུག་པོ་རྣམས་ཀྱི་རྣམ་པའམ་དཔེ་ཉི་ཤུ་རྩ་གཉིས་ཀྱིས་མཚོན་པའི་དོན་ཡང་རིམ་པ་ལྟར། འདུན་པ་དང་། བསམ་པ་དང་། ལྷག་པའི་བསམ་པ་དང་། སྦྱོར་བ་དང་། སྦྱིན་པ་ནས་ཡེ་ཤེས་ཀྱི་བར་ཕར་ཕྱིན་བཅུ་དང་། མངོན་ཤེས་དང་། ཚོགས་གཉིས་དང་། བྱང་ཕྱོགས་དང་མཐུན་པའི་ཆོས་དང་། ཞི་ལྷག་དང། གཟུངས་སྤོབས་དང་། ཆོས་ཀྱི་དགའ་སྟོན་དང་། བགྲོད་པ་གཅིག་པའི་ལམ་དང་། ཆོས་ཀྱི་སྐུ་དང་ལྡན་པ་རྣམས་ཏེ། འདུན་པ་ས་ལྟ་བུའི་སེམས་བསྐྱེད་ནས་ཆོས་སྐུ་དང་མཚུངས་པར་ལྡན་པ་སྤྲིན་ལྟ་བུའི་སེམས་བསྐྱེད་ཅེས་པའི་བར་དུ་སྦྱོར་ཞིང་། འདི་ལ་རྒྱས་པར་དཔེ་གྲོགས་ཆོས་གསུམ་སྦྱོར་ངག་བཀོད་པའི་སྒོ་ནས་མང་དུ་བཤད་པའི་གནས་ཡིན་ཀྱང་འདིར་ཡི་གེས་འཇིགས་པས་བསྡུས་ཀྱི་གཞན་དུ་ཤེས་སོ། །གཉིས་པ་ནི། ཚོགས་སྦྱོར་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ། སེམས་བསྐྱེད་དེ་ཡང་ཐོབ་པའི་ས་མཚམས་ཀྱིས་དབྱེ་བ་ཚོགས་ལམ་གསུམ་དང་། སྦྱོར་ལམ་ངེས་འབྱེད་ཆ་བཞི། མ་དག་ས་བདུན། དག་པ་ས་གསུམ། སངས་རྒྱས་ཀྱི་ས་རྣམས་སུ་རིམ་པ་བཞིན་མོས་པས་སྤྱོད་པའི་སེམས་བསྐྱེད། ལྷག་བསམ་དག་པའི་སེམས་བསྐྱེད། རྣམ་པར་སྨིན་པའི་སེམས་བསྐྱེད། ཐུགས་རྗེ་ཆེན་པོས་སྒྲིབ་ཀུན་སྤངས་པའི་སེམས་བསྐྱེད་དེ་བཞི་རུ་འགྱུར་ཏེ། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤང་པའོ། །ཞེས་གསུངས་པ་ལྟར་རོ། །དེའང་དཔེས་བསྟན་པ་ཉེར་གཉིས་པོ་དེ་དག་ལས་འདུན་པ་སོགས་གསུམ་ཚོགས་ལམ་ནའོ། །སྦྱོར་བ་ནི་སྦྱོར་ལམ་ནའོ། །སྦྱིན་པ་ནས་ཡེ་ཤེས་ཀྱི་བར་ཕར་ཕྱིན་བཅུ་ནི་མཐོང་སྒོམ་གྱིས་བསྡུས་པའི་ས་བཅུ་ནའོ། །མངོན་ཤེས་ནས་གཟུངས་སྤོབས་ཀྱི་བར་ལྔ་ནི་ཁྱད་པར་གྱི་ལམ་དག་པ་ས་གསུམ་ག་ན་ཁྱབ་པར་ཡོད་དོ། །ཆོས་ཀྱི་དགའ་སྟོན་སོགས་གསུམ་ནི་སངས་རྒྱས་ཀྱི་ས་ཞེས་ཐེག་ཆེན་དགྲ་བཅོམ་ཞུགས་པའི་ས་སྟེ་ས་བཅུ་པའི་སྦྱོར་དངོས་རྗེས་གསུམ་ན་ཡོད་དོ་ཞེས་ཀྱང་གསུངས་པའི་དོན་ཤེས་པར་བྱ་ཞིང་། རྒྱས་པར་ནི་མངོན་རྟོགས་རྒྱན་སོགས་ལས་འབྱུང་ཞིང་། སྡོམ་གསུམ་གཞན་དུའང་རྒྱས་སོ། །གསུམ་པ་ནི། སེམས་བསྐྱེད་སོགས་ཚིག་རྐང་གཉིས་ཏེ། སེམས་བསྐྱེད་དེ་དག་པར་བྱེད་པ་ཚུལ་ཁྲིམས། གནས་པར་བྱེད་པ་ཏིང་ངེ་འཛིན། གྲོལ་བར་བྱེད་པའི་ཕྱིར་དུ་ཤེས་རབ་སྟེ་བསླབ་པ་གསུམ་ལ་ལྟོས་ནས་སེམས་བསྐྱེད་ཀྱང་གསུམ་སྟེ། དབྱེ་སྒོ་གཞན་ཡང་བཤད་མོད་ཀྱི་རྩ་བའི་དབྱེ་བ་དེ་དག་ཏུ་གཞན་ཡང་དོན་གྱིས་འདུས་པའོ། །གཉིས་པ་མཚན་ཉིད་ཀྱི་སྒོ་ནས་བསྡུས་ཏེ་དབྱེ་བ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། བསྡུ་ན་ཀུན་རྫོབ་དོན་དམ་གཉིས། །ཞེས་གོང་དུ་དབྱེ་སྒོ་དུ་མས་བསྟན་པའི་སེམས་བསྐྱེད་དེ་དག་ཀུན་ཀྱང་མདོར་བསྡུ་ན་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་གཉིས་སུ་འདུས་སོ། །ཞེས་པའོ། །གཉིས་པ་ལ་གཉིས། ཀུན་རྫོབ་དང་དོན་དམ་པའོ། །ཀུན་རྫོབ་སོགས་ཚིག་རྐང་གསུམ་སྟེ། བྱམས་དང་སྙིང་རྗེའི་ངོ་བོར་གྱུར་པའམ། དེས་ཀུན་ནས་བསླངས་པའི་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལ་ཡང་མཚན་ཉིད་ཀྱི་སྒོ་ནས་དབྱེ་ན་རྣམ་པ་གཉིས་ཏེ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་ནོ། །དེའང་དཔེར་ན་སྐྱེས་བུ་ལམ་དུ་འགྲོ་བར་འདོད་པ་དང་། ལམ་དུ་ཞུགས་ནས་འགྲོ་བཞིན་པ་ལྟར་གཞན་དོན་དུ་བྱང་ཆུབ་འཐོབ་པར་འདོད་པ་དང་། དེའི་ཆེད་དུ་སྦྱོར་བས་ལག་ལེན་དུ་ཕྱིན་དྲུག་སོགས་ལམ་ལ་བསླབ་པ་སྟེ། སྦྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། དོན་དམ་སོགས་ཚིག་རྐང་གཉིས་ཏེ། དོན་དམ་བྱང་ཆུབ་ཀྱི་སེམས་ནི་མདོ་སྡེ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་པ་ལྟར་རྒྱུ་ཚོགས་ཁྱད་འཕགས་དེ་དག་གི་སྟོབས་ལས་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་སོགས་པར་ཆོས་ལ་མི་རྟོག་པ་སྟེ་ཆོས་ཐམས་ཅད་ཀྱི་བདག་མེད་པའི་ཡེ་ཤེས་ཟབ་མོ་མངོན་སུམ་དུ་རྟོགས་པ་ངང་གིས་སྐྱེ་བ་ཉིད་ལ་འདོད་ཅིང་ཐུན་མོང་དང་ཐུན་མོང་མིན་པའི་ལམ་ལ་བརྟེན་ནས་སོ་སྐྱེ་ལས་དང་པོ་པའི་གནས་སྐབས་ཀྱང་རྗེས་མཐུན་རྟོགས་སུ་རུང་བ་ཡིན་ནོ། །འདི་ལ་བརྗོད་པ་མང་དུ་ཡོད་ཅིང་ཤིན་ཏུ་ཟབ་མོའི་གནས་ཡིན་ཡང་འདིར་ཚིག་ཙམ་ལས་སྤྲོར་མ་ནུས་ཤིང་། ཡི་གེས་ཀྱང་འཇིགས་པས་མདོ་སྔགས་ཟབ་མོའི་གཞུང་འགྲེལ་སྤྱི་དང་བྱེ་བྲག་གཞན་ལ་ཐོས་བསམ་གལ་ཆེའོ། ། ༣མ་ཐོབ་པ་ཐོབ་པར་བྱེད་པ། གསུམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། མ་ཐོབ་ཐོབ་པར་བྱེད་པའི་ཐབས། །ཞེས་སོ། །གཉིས་པ་ལ་གཉིས། སྤྱིར་བཏང་དགེ་བའི་བཤེས་གཉེན་ལས་ལེན་པ་དང་། དམིགས་བསལ་སྲས་བཅས་རྒྱལ་བ་ཡིད་ཡུལ་དུ་བཀོད་ནས་ལེན་པའོ། །དང་པོ་ནི། སྡོམ་གནས་སོགས་ཚིག་རྐང་གསུམ་སྟེ། ཇི་སྐད་དུ་ལམ་སྒྲོན་ལས། སྡོམ་པའི་ཆོ་ག་ལ་མཁས་དང་། །བདག་ཉིད་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེ་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། ཞེས་གསུངས་པ་ལྟར། སྲོལ་གཉིས་ཀ་མཐུན་པར། གང་ལས་སྡོམ་པ་བླང་བའི་ཡུལ་ནི་བྱང་སེམས་ཀྱི་སྡོམ་པ་ལ་གནས་པ། དེའི་འབོག་ཆོག་ལ་མཁས་པ། ཟང་ཟིང་དོན་དུ་མི་གཉེར་ཞིང་བརྩེ་བས་སློབ་མ་རྗེས་སུ་བཟུང་བའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལ། སློབ་མ་གང་ཞིག་རྫོགས་པའི་སངས་རྒྱས་དོན་དུ་གཉེར་བའི་དད་པ་དང་། སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་པ་དང་ལྡན་པ་ཡིས་རྗེ་བཙུན་འཇམ་དབྱངས་ནས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་བརྒྱུད་དེ། རྒྱལ་སྲས་ཞི་བ་ལྷའི་ཕྱག་སྲོལ་ཟབ་མོ་ལྟ་བའི་ལུགས་དང་། འཕགས་པ་བྱམས་པ་ནས་སློབ་དཔོན་ཐོགས་མེད་སྐུ་མཆེད་ལས་བརྒྱུད་དེ་སློབ་དཔོན་ཙནྡྲ་གོ་མིའི་ཕྱག་སྲོལ་རྒྱ་ཆེན་སྤྱོད་པའི་ལུགས་ཏེ་ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་སེམས་བསྐྱེད་དང་སྡོམ་པའི་བཀའ་སྲོལ་ཆེན་པོ་གཉིས་རང་རང་གི་ཆོ་ག་སོ་སོའི་གཞུང་གི་དགོས་པ་དང་ཕྱག་ལེན་ཇི་ལྟ་བར་མ་ནོར་བར་བླང་བར་བྱའོ། །གཉིས་པ་ནི། ཡང་ན་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། ཡང་ན་མཚན་ཉིད་དང་ལྡན་པའི་བཤེས་གཉེན་ལེན་ཡུལ་མ་རྙེད་ནའང་། རྟེན་ཁྱད་པར་ཅན་གྱི་དྲུང་ངམ། སྲས་དང་བཅས་པའི་རྒྱལ་བ་རབ་འབྱམས་མདུན་གྱི་ནམ་མཁར་བསྒོམ་པའི་ཡུལ་ལ། སྦྱོར་བ་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་དང་། ཕྱག་འཚལ་བ་སོགས་ཡན་ལག་བདུན་པའི་བསགས་སྦྱོང་སྤེལ་བ་སྔོན་དུ་འགྲོ་བས། དངོས་གཞི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །སོགས་ལན་གསུམ་བརྗོད་པས་སྨོན་འཇུག་གཉིས་སྟབས་གཅིག་ཏུ་བླངས་ཏེ། དེའང་ཚིག་བཅད་དང་པོས་སྔོན་སངས་རྒྱས་བྱང་སེམས་རྣམས་ཀྱིས་ཐུགས་བསྐྱེད་ཚུལ་བསྟན་ནས་གཉིས་པས་བདག་གིས་ཀྱང་དེ་ལྟར་བསླབ་པོ་ཞེས་དམ་འཆའ་བས་སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་དང་སྡོམ་པ་ལེན་པ་ཡིན་ནོ། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །ཞེས་པས་སྨོན་འཇུག་གི་སེམས་བསྐྱེད་དང་། དེ་བཞིན་དུ་ནི་བསླབ་པ་ལའང་། རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པས་དེ་ཉིད་ཀྱི་སྡོམ་པ་ལེན་པའོ། །རྗེས་སུ། དེང་དུས་བདག་ཚེ་སོགས་ཀྱིས་རང་དགའ་བ་བསྒོམ་པ་དང་། བདག་གིས་དེ་རིང་སོགས་ཀྱིས་གཞན་དགའ་བ་སྒོམ་དུ་གཞུག་ནས། སོགས་ཁོངས་སུ་གཏང་རག་ཕུལ་བ་དང་བསྔོ་སྨོན་གྱིས་བརྒྱན་པ་སོགས་ཟབ་མོ་ལྟ་བའི་བརྒྱུད་པའི་ཕྱག་གཞེས་རྒྱལ་སྲས་ཞི་བ་ལྷ་ཡི་སྤྱོད་འཇུག་གི་གཞུང་ལས་འབྱུང་བ་བཞིན་ལག་ལེན་དུ་བྱའོ། །ཞེས་སོ། །འདིར་ཡང་དབུ་སེམས་ཀྱི་ཐ་སྙད་བཞེད་མི་བཞེད། སྨོན་འཇུག་གི་དབྱེ་བསྡུ། སོ་སོའི་བཞེད་པའི་རྣམ་བཞག་སོགས་ཡོད་ཀྱང་གཞུང་འགྲེལ་བཟང་པོ་གཞན་ལ་མཇལ་བས་གསལ་གྱི་འདིར་མ་སྨོས་སོ། ། ༤ཐོབ་པ་མི་ཉམས་པར་བསྲུང་བ། བཞི་པ་ཐོབ་པ་མི་ཉམས་པར་བསྲུང་བ་ལ་གཉིས། བསྟན་པ། བཤད་པའོ། ། མདོར་བསྟན་པ། དང་པོ་ནི། ཐོབ་པ་མི་ཉམས་བསྲུང་བ་ལ། །ཞེས་སོ། ། རྒྱས་པར་བཤད་པ་ལ། གཉིས་པ་ལ་གསུམ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཤད་པའོ། ། ཉེས་སྤྱོད་སྡོམ་པ། དང་པོ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། ཉེས་སྤྱོད་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། བྱང་ཆུབ་སེམས་དཔའི་ཉེས་སྤྱོད་ཐམས་ཅད་སྡོམ་པའི་ཚུལ་ཁྲིམས་ནི། ཐབས་ལ་མཁས་པའི་མདོ་སྡེ་དང་། བྱང་ས། ནམ་མཁའི་སྙིང་པོའི་མདོ་སྡེ་དག་ལས་བྱང་སེམས་དབང་པོ་བརྟུལ་འབྲིང་རྣོན་པོའི་བྱེ་བྲག་ལ་དགོངས་ནས། རིམ་པ་བཞིན་རྩ་ལྟུང་གཅིག་དང་བཞི་དང་བཅོ་བརྒྱད་དུ་མདོར་བསྡུས་ཏེ་བསྟན་ཏོ། །ཞེས་སོ། །གཉིས་པ་ལ་གསུམ། བྱང་སེམས་དབང་རྟུལ་ལ་ཐབས་ལ་མཁས་པའི་མདོ་སྡེ་ལྟར་རྩ་ལྟུང་གཅིག་བསྟན་པ། དབང་འབྲིང་ལ་བྱང་ས་ལྟར་བཞི་བསྟན་པ། དབང་རྣོན་ལ་ནམ་སྙིང་གི་མདོ་ལྟར་བཅོ་བརྒྱད་བསྟན་པའོ། །དང་པོ་ནི། བསླབ་པ་སོགས་རྐང་པ་གཉིས་ཏེ། ཐེག་ཆེན་གྱི་སྒོར་ཞུགས་པའི་བྱང་སེམས་དབང་རྟུལ་བསླབ་བྱ་མང་པོའི་གནས་ལ་སློབ་ཅིང་འཛིན་པར་མི་ནུས་པའི་གང་ཟག་ལ་བྱང་སེམས་ཀྱི་བསླབ་པ་ཀུན་གྱི་སྡོམ་པའི་སྲོག་གམ་གཞི་རྩ་གཅིག་པུར་གྱུར་པ་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བསླབ་ཅིང་འདོར་བར་མི་བྱ་བའི་ཁོངས་སུ་བསླབ་བྱ་ཐམས་ཅད་འདུས་པ་ཐབས་ལ་མཁས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེར་བཀའ་བསྩལ་ཅིང། འདི་སྤང་པ་ནི་སེམས་ཅན་བློས་སྤངས་པ་སྟེ་བྱང་ཆུབ་སེམས་ཀྱི་རྩ་བ་ཆད་པས་དབང་པོ་རྣོ་འབྲིང་རྟུལ་གསུམ་ཐམས་ཅད་ལའང་རྩ་ལྟུང་ཤིན་ཏུ་ལྕི་སྟེ། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་སྒྲ་བཅོམ་ཉིད་དུ་སེམས་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་སྟེ། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་པས་འདི་ཤིན་ཏུ་ཡང་རྩ་བ་ལྟ་བུར་གྱུར་པའི་བྱང་སེམས་ཀྱི་ལྟུང་བ་ཆེས་ལྕི་བ་སྟེ། དེས་ན་སེམས་བསྐྱེད་པའི་སྐྱེ་བོ་ཀུན་གྱིས་རབ་ཏུ་བག་ཡོད་པས་བསྒྲིམ་པར་རིགས་སོ། །གཉིས་པ་ནི། རྙེད་དང་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་སྟེ། རྙེད་པ་དང་བཀུར་སྟི་ལ་ཆགས་པ་ཡིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང་། རང་ལ་ལོངས་སྤྱོད་སོགས་ཡོད་བཞིན་དུ་སྡུག་བསྔལ་པ་དང་མགོན་མེད་པའི་སེམས་ཅན་སྙིང་རྗེ་བའི་གནས་ལ་སེར་སྣའི་དབང་གིས་ཆོས་མི་འཆད་པ་དང་། ནོར་རམ་ཟང་ཟིང་མི་སྟེར་བ་དང་། གཞན་གྱིས་རང་ཉིད་ལ་ཞེ་འཁོན་སོགས་ཀྱི་ཉེས་པ་བཤགས་སྦྱང་བྱས་པས་ཀྱང་དང་དུ་མི་ལེན་ཞིང་མི་ཉན་པར་ཁོང་ཁྲོ་བས་དབྱུག་པ་སོགས་ཀྱིས་བརྡེག་པ་དང་། ཐེག་ཆེན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྐུར་པ་འདེབས་ཤིང་སྤོང་བར་བྱེད་པ་དང་། དམ་པའི་ཆོས་མ་ཡིན་པ་འཚེ་བ་ཆོས་སུ་སྨྲ་བ་ལྟ་བུ་ཆོས་ལྟར་བཅོས་པའམ་འདྲར་སྣང་ལ་དགའ་ཞིང་གཞན་ལ་སྟོན་པ་སྟེ་བཞིའོ། །འདི་དག་བྱང་སའི་དོན་བསྡུས་སྡོམ་པ་ཉི་ཤུ་པར་གསུངས་པའི་ཚིགས་བཅད་དོ། །གསུམ་པ་ལ་གསུམ། རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ངེས་པ་ལྔ། ཕལ་བ་ལ་འབྱུང་ཉེ་བ་བརྒྱད་བཤད་པའོ། དང་པོ་ནི། དཀོན་མཆོག་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། དེ་ཡང་སྐུ་གསུང་ཐུགས་རྟེན་དང་དགེ་འདུན་ལ་ཕུལ་བའི་ནོར་རྫས་དཀོན་མཆོག་གི་དཀོར་འཕྲོག་པ་དང་། ཐེག་པ་ཐམས་ཅད་ཀྱི་དམ་པའི་ཆོས་སྤོང་བར་བྱེད་པ་དང་། ཚུལ་ཁྲིམས་ལྡན་པ་ལྟ་ཅི་སྨོས་ཚུལ་འཆལ་ཡིན་ཀྱང་རུང་། རབ་བྱུང་གི་རྟགས་ངུར་སྨྲིག་འཕྲོག་ཅིང་ལྕགས་དབྱུག་སོགས་ཀྱིས་ཁྲིམས་གཅོད་པ། བསླབ་པ་ལས་འབེབས་པར་བྱེད་པ་སོགས་གནོད་པ་བྱེད་པ་དང་། ཕ་མ་དང་དགྲ་བཅོམ་པ་བསད་པ། དགེ་འདུན་གྱི་སྡེ་གཉིས་སུ་དབྱེ་བའི་དབྱེན་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་མཚམས་མེད་ལྔ་པོ་དེའི་ལས་གང་རུང་བྱས་པ་དང་། ལས་ཀྱི་འབྲས་བུ་དང་ཚེ་ཕྱི་མ་མེད་པར་སྨྲ་ཞིང་མི་དགེ་བ་ལ་སྤྱོད་པར་བྱེད་པའི་ལོག་ལྟ་འཛིན་པ་སྟེ་དེ་དག་ནི་བྱང་སེམས་རྒྱལ་པོའི་རིགས་ལ་གཙོ་བོར་འབྱུང་ཉེ་བའི་ངེས་པ་ལྔའོ། །གཉིས་པ་ནི། དང་པོ་སོགས་རྐང་པ་གསུམ་སྟེ། རྒྱལ་པོའི་རྩ་ལྟུང་དང་པོ་བཞིའི་སྟེང་དུ། གྲོང་ཁྱེར་འཇོམས་པ་སོགས་གཅིག་ཏུ་བྱས་ཏེ། མི་རིགས་བཞི་ཡོད་པ་གྲོང་དང་། བཟོ་རིགས་བཅོ་བརྒྱད་ཡོད་པ་གྲོང་ཁྱེར། གྲོང་ཁྱེར་དུ་མ་ཡོད་པ་གྲོང་བརྡལ། གྲོང་བརྡལ་དུ་མ་ཡོད་པ་ལྗོངས། ཡུལ་ལྗོངས་དུ་མ་ཡོད་པ་ཡུལ་འཁོར་ཏེ་དེ་དག་འཇོམས་པར་བྱེད་པ་ནི་བྱང་སེམས་བློན་པོའི་རིགས་ལ་འབྱུང་ཉེ་བའི་རྩ་ལྟུང་ལྔའོ། །གསུམ་པ་ནི། བློ་མ་སྦྱང་སོགས་ཚིགས་བཅད་གསུམ་སྟེ། བློ་ཆུང་ལས་དང་པོ་པ་ལས་ཀྱང་དང་པོ་པ་བློ་གྲོས་མ་སྦྱངས་པ་ལ་སྟོང་པ་ཉིད་ཀྱི་དོན་ཟབ་མོ་བསྟན་པས་ཅང་མེད་དུ་གོ་ནས་དེ་མ་དད་ཅིང་སྐྲག་པ་བྱུང་བ་དང་། ཐེག་པ་ཆེན་པོར་ཞུགས་ཟིན་པ་ལ་ཁྱེད་ཀྱིས་ཕར་ཕྱིན་དྲུག་སོགས་ལ་སྤྱད་མི་ནུས་ཤིང་ཤིན་ཏུ་བྱ་དཀའ་བའོ་ཞེས་རྫོགས་པའི་བྱང་ཆུབ་ལས་ལྡོག་ཏེ་ཉན་རང་གི་ཐེག་པ་དམན་པ་ལ་བཅུག་པ་དང་། ཉན་ཐོས་ཀྱི་རིགས་ཅན་དགོས་པ་མེད་པར་སོ་ཐར་གྱི་བསླབ་པ་སྤང་བར་གདམས་ཏེ་ཐེག་ཆེན་ལ་སློབ་པར་བསྐུལ་ནས་གཞུག་པ་དང་། ཉན་རང་གི་ཐེག་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མི་སྤངས་ཏེ་སྤང་བར་མི་ནུས་པས་དེ་ལ་བསླབས་པའི་འབྲས་བུ་མེད་དོ་ཞེས་འཛིན་ཅིང་གཞན་ལའང་དེ་ལྟར་བསྟན་ནས་འཛིན་དུ་གཞུག་པ་དང་། རྙེད་བཀུར་ཐོབ་པའི་ཆེད་དུ་བདག་ལ་མི་འོས་བཞིན་བསྟོད་པ་དང་གཞན་ལ་སྨད་མི་འོས་ཀྱང་སྨོད་པ་དང་། རྙེད་བཀུར་ཆེད་དུ་རང་ཉིད་ཀྱིས་ཆོས་ཟབ་མོ་འདི་ལྟ་བུའམ་དེ་ལྟ་བུ་ཞིག་རྟོགས་པས་ཁྱོད་ཀྱང་སྒོམས་ཤིག་ཟེར་བ་ལྟ་བུ་ཆོས་ཟབ་མོ་ལ་བཟོད་པ་མ་ཐོབ་ཀྱང་ཐོབ་ཅེས་མི་བདེན་པའི་བསླུ་བྱེད་ལོག་པར་སྨྲ་བ་དང་། རྒྱལ་པོ་སོགས་དབང་པོ་ཆེའི་ཕྱོགས་སུ་བརྔན་ཏེ་ཆོས་འདི་པའི་དགེ་སྦྱོང་ལ་ཆད་པས་གཅོད་དུ་འཇུག་ཅིང་། དེའི་རྐྱེན་གྱིས་དགེ་སྦྱོང་གིས་དཀོན་མཆོག་གི་དཀོར་བརྐུས་ནས་ཕྲ་མ་བྱེད་པོ་རང་ཉིད་ལ་སྦྱིན་པ་ན་དེ་ལེན་པ་དང་། དབང་པོ་ཆེ་ལ་བྱིན་པ་གཉིས་ཀ་ལྟུང་བར་འགྱུར་བ་དང་། དགེ་སློང་སྤོང་བ་བསམ་གཏན་པའི་ལོངས་སྤྱོད་ཕྲོགས་ནས་ཀློག་པ་ཁ་ཏོན་པར་སྦྱིན་པར་བྱེད་པ་སྟེ་སྒྲུབ་པ་བྱེད་པོའི་རྒྱགས་ཆས་ཨ་མཆོད་ལ་སྦྱིན་པ་ལྟ་བུ་སྟེ་དེ་དག་ནི་བྱང་སེམས་ཕལ་བ་ལ་འབྱུང་ཉེ་བའི་རྩ་ལྟུང་བརྒྱད་དེ། གོང་བཤད་དེ་དག་ཀྱང་དེ་དང་དེར་གཙོ་བོར་འབྱུང་ཉེ་རིང་གིས་བཞག་པ་ཡིན་གྱི་ཐམས་ཅད་ལ་ཐམས་ཅད་འབྱུང་བ་ཡིན་ནོ། །དེ་དག་བསྡོམས་པས་བཅོ་བརྒྱད་པོ་ནི་ནམ་སྙིང་མདོའི་དགོངས་པ་ཞི་ལྷའི་བསླབ་བཏུས་ནས་འབྱུང་བ་ལྟར་རོ། ། ༢དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་གཉིས། བསྟན་པ། བཤད་པའོ། དང་པོ་ནི། དགེ་བ་སོགས་ཚིག་རྐང་གཉིས་ཏེ། བསླབ་པར་བྱ་བའམ་བསྒྲུབ་པར་བྱ་བའི་ཆོས་དཀར་པོ་དགེ་བའི་ཆོས་རྣམས་སྡུད་ཅིང་བཟུང་བའི་ཚུལ་ཁྲིམས་ལ་སྨོན་པའི་དང་། འཇུག་པའི་བསླབ་བྱ་གཉིས་སུ་ཡོད་པ་ལས་ཞེས་མདོར་སྨོས་པའོ། །གཉིས་པ་ལ་གཉིས། སྨོན་པ་དང་། འཇུག་པའི་བསླབ་བྱའོ། །དང་པོ་ལ་གཉིས། བསླབ་བྱ་དངོས་བཤད་པ། དཀར་ནག་ཆོས་བརྒྱད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སེམས་ཅན་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་མི་འཆོར་བའི་ཐབས་ནི། སེམས་ཅན་སུ་གང་དག་གིས་ཕན་བཏགས་པའི་ལན་དུ་གནོད་སྐྱེལ་བ་ལྟ་བུས་བདག་ལ་མི་རིགས་པ་ཆེན་པོ་ཞིག་བྱས་ཀྱང་དེ་ལ་ད་ནི་ཁྱོད་ལ་ཕན་ཐོགས་ཀྱང་མི་འདོགས། གནོད་པ་བཟློག་པའི་དུས་བྱུང་ཡང་མི་བཟློག་སྙམ་པའི་སེམས་ཅན་བློས་མི་གཏོང་བ་དང་། སེམས་དེ་མི་ཉམས་པའི་ཐབས། དེའི་ཕན་ཡོན་སྡོང་པོ་བཀོད་པའི་མདོ་ལས་དཔེ་ཉིས་བརྒྱ་སུམ་ཅུས་བཤད་པས་མཚོན་བཀའ་དང་བསྟན་བཅོས་རྣམས་སུ་བསམ་གྱིས་མི་ཁྱབ་པའི་ཚུལ་དུ་གསུངས་པ་རྣམས་མི་བརྗེད་པར་དུས་རྟག་ཏུ་དྲན་པར་བྱ་བ་དང་། སེམས་དེའི་སྟོབས་བསྐྱེད་པའི་ཐབས་སྦྱིན་སོགས་བསོད་ནམས་དང་། དེ་དག་འཁོར་གསུམ་མི་རྟོག་པར་ཤེས་པ་སོགས་ཡེ་ཤེས་ཀྱི་ཚོགས་གཉིས་རབ་ཏུ་བསགས་པ་དང་། བྱང་ཆུབ་སེམས་དེ་འཕེལ་བའི་ཐབས་ལ་ཡང་དང་ཡང་དུ་སེམས་སྦྱོང་བ་ནི། རྒྱུ་ལ་སྦྱང་བ་བྱམས་སྙིང་རྗེ་བསྒོམ་པ་དང་ནི། སེམས་དངོས་ལ་སྦྱང་བ་ཉིན་མཚན་ཐུན་དྲུག་ཏུ་སེམས་བསྐྱེད་བླངས་པ་དང་། སྤྱོད་པ་ལ་སྦྱང་བ་དགེ་བ་གཞན་དོན་དུ་བསྔོ་ཞིང་། བདེ་སྡུག་གཏོང་ལེན་སོགས་བདག་གཞན་མཉམ་བརྗེ་ལ་སྦྱང་བ་བློ་སྦྱོང་གི་མན་ངག་གི་རིམ་པ་རྣམས་ལས་འབྱུང་བ་ལྟར་ཉམས་སུ་ལེན་པ་དང་། དེའི་སྟེང་དུ་དཀར་ནག་ཆོས་བརྒྱད་ལ་བླང་དོར་ཚུལ་བཞིན་དུ་བྱ་བ་སྨོན་པའི་བསླབ་བྱའོ། །གཉིས་པ་དཀར་ནག་ཆོས་བརྒྱད་བྱེ་བྲག་ཏུ་བཤད་པ་ལ་གཉིས། ནག་པོའི་ཆོས་བཞི། དཀར་པོའི་ཆོས་བཞི་བཤད་པའོ། །དང་པོ་ནི། དེ་ལ་སོགས་ཚིགས་བཅད་གཅིག་སྟེ། དེ་ལ་བྱང་ཆུབ་ཀྱི་སེམས་དང་མི་མཐུན་པའི་ཕྱོགས་ནག་པོའི་ཆོས་བཞི་ནི། བླ་མ་སོགས་མཆོད་འོས་མགོ་བསྐོར་ཏེ་བསླུ་བ་དང་། གཞན་འགྱོད་པ་མེད་པའི་གནས་ཆོས་ཕྱིར་དཀའ་སྤྱད་ལྟ་བུ་ལ་དོན་མེད་པར་སྒྲོག་ནས་དེ་ཉིད་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པ་དང་ལྡན་པའི་རྒྱལ་སྲས་བྱང་སེམས་ལ་ཞེ་སྡང་བའམ་ཁྲོས་པའི་སེམས་ཀྱིས་སྐྱོན་ནས་བརྗོད་དེ་སྐུར་པ་འདེབས་པ་དང་། སེམས་ཅན་སུ་ཡང་རུང་བ་ལ་གཡོ་སྒྱུས་ཟོལ་ཟོག་སྤྱོད་པ་སྟེ་བཞིའོ། །གཉིས་པ་ནི། དེ་ལྡོག་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། ནག་པོའི་ཆོས་བཞི་པོ་དེ་ལས་ལྡོག་པ་ནི་དཀར་པོའི་ཆོས་བཞི་ཞེས་བྱ་སྟེ། སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། འགྲོ་བ་སེམས་ཅན་ཀུན་དགེ་བ་ལ་འགོད་པ་དང་། ཁྱད་པར་ཐེག་པ་ཆེན་པོ་ལ་འགོད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་ཉེ་བར་བཞག་ཅིང་དེའི་ཡོན་ཏན་བརྗོད་པ་དང་། སེམས་ཅན་ཀུན་ལ་གཡོ་སྒྱུ་མེད་པར་རྒྱུད་གསོང་པོའམ་དྲང་པོའི་ཚུལ་དུ་ལྷག་པའི་བསམ་པ་བཟང་པོས་གནས་པར་བྱ་བ་དག་ནི་དཀར་པོའི་ཆོས་བཞི་ཞེས་རྒྱལ་བས་བསྔགས་པའི་སྤྱོད་ཚུལ་བཟང་པོ་ཡིན་ནོ། །གཉིས་པ་འཇུག་པའི་བསླབ་བྱ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། འཇུག་པའི་བསླབ་བྱ་ཕར་ཕྱིན་དྲུག །ཅེས་སོ། །གཉིས་པ་ནི། སྦྱིན་དང་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ། གཞན་གྱི་དབུལ་བ་སེལ་བའི་ཕྱིར་དུ་ཟས་གོས་རྟ་དང་ཤིང་རྟ་ལ་སོགས་པ་གཏོང་བ་དང་། བུ་དང་ཆུང་མ་རྒྱལ་སྲིད་སོགས་གཏོང་བ་ཆེན་པོ། རང་གི་མགོ་དང་རྐང་ལག་སོགས་ཤིན་ཏུ་གཏོང་བའམ་བྱ་དཀའ་བའི་སྦྱིན་པ་སྟེ། ཕ་མ་དང། རབ་བྱུང་གིས་ཆོས་གོས་གསུམ་མ་གཏོགས་སྦྱིན་པ་བློ་སྟོབས་དང་བསྟུན་པར་གཏོང་བ་ཟང་ཟིང་གི་སྦྱིན་པ་དང་། གནས་སྐབས་ནད་གདོན། ཆོམ་རྐུན། གཅན་གཟན། རྒྱལ་པོ་ལ་སོགས་པ་དང་། མཐར་ཐུག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་བསྐྱབས་པ་དང་སྐྱོབ་པའི་སྨོན་ལམ་གྱིས་བཟུང་བ་བཅས་མི་འཇིགས་པའི་སྦྱིན་པ་དང་། རང་གི་ནུས་སྟོབས་དང་བསྟུན་ཏེ་གདུལ་བྱའི་བསམ་པ་དང་འཚམ་པར་ཐེག་པ་གསུམ་གྱི་ཆོས་རང་འཁྲིས་མེད་པར་སྟོན་པ་དང་། བཀའི་ཚིགས་བཅད་ཙམ་ཡང་མི་དང་མི་མ་ཡིན་པ་ལ་བཤད་པའི་མོས་པས་བཏོན་པ་སོགས་ཆོས་ཀྱི་སྦྱིན་པ་སྟེ་དེ་དག་སྦྱིན་པ་དང་། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཐུན་མོང་པ་སོ་ཐར་རིས་བདུན་དང་ཐུན་མིན་བྱང་སེམས་ཀྱི་རྩ་བ་ཡན་ལག་གི་ལྟུང་བ་རྣམས་སྤངས་ཤིང་། ཐོས་བསམ་སྒོམ་སོགས་ཚོགས་གཉིས་དང་ཕྱིན་དྲུག་གིས་བསྡུས་པའི་ཆོས་རང་རྒྱུད་ལ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་སྤེལ་ཞིང་དེའི་མི་མཐུན་ཕྱོགས་སྤང་བ། བསམ་སྦྱོར་ཐམས་ཅད་གཞན་དོན་དུ་སྤྱོད་པའི་ཐབས་མཁས་ཀྱིས་དངོས་བརྒྱུད་ཐམས་ཅད་དུ་གཞན་གྱི་དོན་བསྒྲུབ་པ་སྟེ་ཚུལ་ཁྲིམས་རྣམ་པ་གསུམ་དང་། བདག་དང་བདག་གི་བ་ལ་གནོད་པར་བྱེད་པ་ལ་ལན་མི་བཟློག་པར་བཏང་སྙོམས་ཇི་མི་སྙམ་པ་དང་། བྱང་ཆུབ་བསྒྲུབ་པའི་ལམ་གྱི་དཀའ་སྤྱད་ལ་སོགས་པའི་སྡུག་བསྔལ་དང་དུ་ལེན་པ་དང་། སྙིང་རྗེས་གཞན་དོན་དང་། ཤེས་རབ་ཀྱིས་སྟོང་ཉིད་ལ་མི་སྐྲག་པའི་ཆོས་ལ་ངེས་རྟོག་གི་བཟོད་པ་སྟེ་གསུམ་དང་། སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་པར་བདག་གིས་བརྩོན་འགྲུས་མི་འདོར་བའི་གོ་ཆ་གྱོན་པ་དང་། ལུས་སྲོག་ལ་མི་ལྟ་བའི་རྟག་གུས་ཀྱི་སྦྱོར་བས་ཕྱིན་དྲུག་ལ་འབད་པ་དགེ་བ་བསྒྲུབ་པ་དང་། གཞན་གྱི་དོན་ལ་གཅིག་ཏུ་སྤྲོ་བའི་གཞན་ཕན་གྱི་བརྩོན་འགྲུས་ཏེ་གསུམ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་སྤྱི་དང་། ཁྱད་པར་མཐའ་བཞི་བརྒྱད་བྲལ་གྱི་སྟོང་ཉིད་ཟབ་མོ་ལ་བློ་ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་མཉམ་པར་བཞག་པའི་བསམ་གཏན་དང་། རིག་པའི་གནས་ལྔ་ཡན་ལག་དང་བཅས་པ། ཁྱད་པར་དུ་གསུང་རབ་དགོངས་འགྲེལ་དང་བཅས་པ་མཁས་པའི་ངག་ལས་ལེགས་པར་མཉན་པའམ་ཐོས་པ། དེ་དག་གི་དོན་ལུང་དང་རིགས་པའི་སྒོ་ནས་གཏན་ལ་ཕབ་སྟེ་བསམ་པ། ཞི་གནས་ཀྱི་རྒྱུ་བྱས་ཏེ་སེམས་མ་བཅོས་གཉུག་མའི་ངང་དུ་ལྷུག་པར་བཞག་པས་ཆོས་ཐམས་ཅད་སྐྱེ་མེད་སྟོང་ཉིད་དུ་རྟོགས་པ་སྟེ་ཐོས་བསམ་སྒོམ་པའི་ཤེས་རབ་བཅས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་རྣམས་སེམས་ཅན་གཞན་དོན་དུ་སྤྱད་པར་འདོད་པའི་སྦྱོར་བ་དམ་པ་བྱང་ཆུབ་སེམས་བསྐྱེད་དང་། དངོས་གཞི་དེ་དག་སྤྱོད་པའི་ཚེ་ན། འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། ཞེས་གསུངས་པ་ལྟར་འཁོར་གསུམ་བདེན་ཞེན་དུ་རྣམ་པར་མི་རྟོག་པར་སྒྱུ་མ་ལྟ་བུ་མཉམ་པ་ཉིད་དུ་རྟོགས་པའི་དམིགས་མེད་དམ་པ་དང་། རྗེས་སུ་དེ་དག་གི་དགེ་བ་རྫོགས་པའི་བྱང་ཆུབ་ཆེན་པོའི་རྒྱུར་བསྔོ་བའི་རྒྱས་གདབ་པ་སྟེ། ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་གྱིས་རྩིས་ཟིན་པར་བྱའོ། །ཕར་ཕྱིན་དྲུག་སོགས་འདི་དག་མཉམ་མེད་དྭགས་པོའི་ཐར་པ་རིན་པོ་ཆེའི་རྒྱན་སོགས་ལམ་གྱི་རིམ་པ་རྣམས་སུ་རྒྱས་པར་འབྱུང་བས་མཇལ་བར་བྱ་བའང་གལ་ཆེའོ། ། ༣སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། སེམས་ཅན་དོན་བྱེད་ཚུལ་ཁྲིམས་ལ། ཞེས་སོ། གཉིས་པ་ནི། སྦྱིན་པས་སོགས་ཚིགས་བཅད་གཅིག་སྟེ། གཞན་རྒྱུད་སྨིན་པའི་ཕྱིར་དུ་ཐོག་མར་སྦྱིན་པས་གདུལ་བྱ་འཁོར་དུ་མ་འདུས་པ་རྣམས་ལེགས་པར་བསྡུས་ནས། འཁོར་དུ་འདུས་པ་དེ་དག་ཆོས་དང་མཐུན་ཞིང་ཡིད་དུ་འོང་བའི་གཏམ་གྱིས་ཡིད་རབ་ཏུ་དྲངས་ཏེ་དམ་པའི་ཆོས་ལ་ཡིད་ཆེས་ཀྱིས་དོན་དུ་གཉེར་བའི་འདུན་པ་བསྐྱེད། དེ་ནས་རང་རང་གི་མོས་པའམ་ཁམས་དབང་དང་འཚམ་པར་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་གྱི་ཆོས་ཀྱི་དོན་རྣམས་ལ་ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་སྤྱོད་དུ་གཞུག་ཅིང་། གདུལ་བྱ་དེ་དག་དགེ་བའི་ཀུན་སྤྱོད་ལ་འདྲེན་པའི་ཕྱིར་རང་ཉིད་ཀྱང་ཆོས་ཀྱི་དོན་དེ་དང་མཐུན་པར་སྤྱོད་དགོས་ཏེ། གཞན་དུ་རྔོན་པས་སྲོག་མི་གཅོད་པའི་བསྔགས་པ་བརྗོད་པ་བཞིན་གཞན་ཡིད་མི་རྟོན་པའི་ཕྱིར་རོ། །དེ་དག་ནི་ཇི་སྐད་དུ། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བས་ཡིད་རབ་དྲངས། །དོན་སྤྱོད་པ་ཡི་བག་ཕབ་སྟེ། །དོན་མཐུན་གྲོས་ཆེན་གདབ་པར་བྱ། །ཞེས་གསུངས་པ་ལྟར་རྒྱལ་བའི་སྲས་པོ་རྣམས་ཀྱིས་གཞན་སྨིན་པར་བྱེད་པའི་ཐབས་ཀྱི་དམ་པ་བསྡུ་བའི་དངོས་པོ་བཞི་ཞེས་སེམས་ཅན་དོན་བྱེད་ཀྱི་བསླབ་པ་ཆེས་རྨད་དུ་བྱུང་བ་སྟེ། དེ་དག་རྣམས་ཀྱིས་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་བསླབ་བྱ་གཙོ་ཆེ་བ་རྣམས་ཀྱི་སྙིང་པོ་བསྡུས་ཏེ་བསྟན་པར་མཛད་དོ། ། ༥སྐྱེ་བའི་རྟེན། ལྔ་པ་སྐྱེ་བའི་རྟེན་ནི། རྟེན་ནི་སོགས་ཚིག་རྐང་གསུམ་སྟེ། གོང་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྡོམ་པ་དེ་སྐྱེ་བའི་རྟེན་ནི། མིའི་འགྲོ་བ་ལྟ་ཅི། ལྷ་ཀླུ་འཕྲོག་མ་མཁའ་ལྡིང་དྲི་ཟ་མིའམ་ཅི་ལ་སོགས་པ་ཁ་ཞེ་མེད་པར་སྡོམ་པ་ལེན་འདོད་གྱི་བློ་ཡོད་ལ། བརྗོད་པ་གསུམ་གྱི་མཇུག་ལ་སོགས་པར་རང་རྒྱུད་ལ་སྡོམ་པ་ཐོབ་པའི་ངེས་ཤེས་དང་ལྡན་ཅིང་། དོན་གོ་ཞིང་ཚིག་གིས་བརྡ་འཕྲོད་པའི་འགྲོ་བ་བྱེ་བྲག་མེད་པར་ཀུན་ལ་སྐྱེ་བར་འཕགས་པ་ཀླུ་སྒྲུབ་སོགས་བཞེད་ལ། འཕགས་པ་ཐོགས་མེད་སོགས་འཇུག་སྡོམ་སྐྱེ་བའི་རྟེན་སོ་ཐར་རིས་བདུན་གང་རུང་དགོས་པར་གསུངས་ཤིང་། དོན་དུ་ཐེག་པ་ཆེན་པོ་འདིར་བསམ་པའི་རྟེན་གཙོ་ཆེ་བ་ཡིན་པས། ཇི་སྐད་དུ། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །བྱང་ཆུབ་བླ་ན་མེད་པར་དད་གྱུར་ལ། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལའང་དད་བྱེད་ན། །བློ་དང་ལྡན་པ་རྣམས་ཀྱིས་སེམས་སྐྱེའོ། །ཞེས་མདོ་ལས་གསུངས་པ་ལྟར་རོ། ། དྲུག་པ་གཏོང་བའི་རྒྱུ་ནི། དེ་ཡང་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། སྤྱིར་སྨོན་འཇུག་གི་སྡོམ་པ་གཏོང་བའམ་ཞིག་པའི་རྒྱུ་ནི། རྟེན་གཞི་སྨོན་སེམས་ལོག་པ་སྟེ། དེ་ཡང་སེམས་ཅན་གཅིག་ཙམ་ཡལ་བར་དོར་ཏེ་བློས་བཏང་བ་དང་། གོང་བཤད་ནག་པོའི་ཆོས་བཞི་སྤྱད་དེ་བསྟེན་པ་དང་། བྱང་སེམས་ཀྱི་རྩ་བའི་ལྟུང་བར་གསུངས་པ་རྣམས་རྒྱུན་མི་ཆད་པར་སྤྱོད་པ། ངོ་ཚ་དང་ཁྲེལ་མེད་པ། སྤྱོད་པ་དེས་མགུ་ཞིང་དགའ་བར་བྱེད་པ། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་སྟེ་ཡན་ལག་བཞི་ཚང་བའི་ཀུན་དཀྲིས་སམ་ཉོན་མོངས་པ་ཆེན་པོས་སྤྱད་ན་ཉིན་མཚན་ལ་ཆ་དྲུག་ཏུ་བསྒོས་པའི་ཆ་གཅིག་གི་ནང་ཁོངས་ལས་འདས་ཏེ་གཉེན་པོས་མ་སླེབས་ན་བྱང་ཆུབ་སེམས་དཔའི་སྡོམ་པ་ཉམས་པའམ་གཏོང་བ་ཡིན་ལ། དེ་ལྟར་ན་རྒྱལ་བ་སྲས་དང་སློབ་མར་བཅས་པ་དང་། མ་རྒན་སེམས་ཅན་ཐམས་ཅད་བསླུས་པས་བསམ་གྱིས་མི་ཁྱབ་པའི་ཉེས་དམིགས་དོས་དྲག་པོས་རང་ཉིད་ཀྱི་ལེགས་ལམ་ཐམས་ཅད་ཆད་པར་འགྱུར་ལ། དེ་ལྟ་བུ་ལ་རྒྱལ་བའི་ཐུགས་རྗེས་ཡལ་བར་མི་དོར་ཏེ་སྡིག་ལྟུང་བཤགས་པའི་ཐབས་ཚུལ་གྱི་སྒོའང་དུ་མ་གསུངས་པས་ཚུལ་དམ་པ་དེ་ལྟ་བུ་ལ་བརྟེན་ནས་བཤགས་པའི་ཐབས་ལ་ཆེ་ཐང་དུ་འབད་པར་རིགས་སོ། ། ༧ཉམས་ན་ཕྱིར་བཅོས་ཚུལ། བདུན་པ་ཉམས་ན་ཕྱིར་བཅོས་ཚུལ་ལ་གཉིས། བསྟན་པ། བཤད་པའོ། དང་པོ་ནི། ཉམས་པ་གསོ་བའི་ཐབས་བཤད་པ། །ཞེས་སོ། གཉིས་པ་ནི། གསོ་སྦྱོང་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ། བྱང་སེམས་ཀྱི་བསླབ་པ་ཉམས་པའི་ལྟུང་བ་ལས་ལྡང་བའི་ཚུལ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་འདི་ཡིན་ཏེ། སྤྱོད་འཇུག་ལས། རྨི་ལམ་འཕགས་པ་ནམ་སྙིང་གི། མདུན་དུ་འདུག་སྟེ་བཤགས་པར་བྱ། ཞེས་གསུངས་པ་ལྟར། གང་གི་ཚེ་ལྟུང་བ་བྱུང་བ་དེ་ནས་བཟུང་ཁྲུས་དང་གཙང་སྦྲ་བྱ། དྲི་ཞིམ་པོའི་སྤོས་བདུགས་ཏེ་རང་ཉིད་གསོ་སྦྱོང་ཡན་ལག་བརྒྱད་པའི་སྡོམ་པ་ལ་ལེགས་པར་གནས་པར་བྱས་ཏེ། རྒྱལ་སྲས་ཀུན་གྱི་ཐུ་བོ་ཉེ་བའི་སྲས་འཕགས་པ་ནམ་མཁའི་སྙིང་པོ་ལ་བསྟེན་པ་སྔོན་དུ་འགྲོ་བས་གསོལ་བ་ཕུར་ཚུགས་སུ་བཏབ་ལ་སྡིག་ལྟུང་བཤགས་པའི་ཆོ་ག་ཚུལ་བཞིན་དུ་བྱས་པས་སྡིག་པ་འདག་པའི་ལྟས་འོང་ཞིང་། གལ་ཏེ་མ་བྱུང་ན་སྐྱ་རེངས་ལ་གསོལ་བ་གདབ་པའི་ཆོ་ག་བྱས་པས་རྨི་ལམ་དུ་རང་གི་སྐལ་པ་དང་འཚམ་པར་དགེ་བའི་བཤེས་གཉེན། ཕ་དང་མ། ཁྱེའུ་དང་བུ་མོ། བྱ་དང་རི་དྭགས་ཡན་གྱི་གཟུགས་སུ་ཞལ་སྟོན་པར་འགྱུར་བས། དེའི་སྤྱན་སྔར་ལྟུང་བ་མིང་ནས་སྨོས་ཏེ་སྨྲེ་སྔགས་ཀྱིས་འཆགས་ན་ངེས་པར་ལྟུང་བ་ལས་ལྡང་བའི་དབུགས་དབྱུང་སྩོལ་བར་གདོན་མི་ཟ་སྟེ། སྤྱིར་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་ལ་ཆེ་ཆུང་ཉེ་རིང་མི་མངའ་ཞིང་ཀུན་ལ་སྙོམས་ཤིང་བྱམས་པའི་རང་བཞིན་ཁོ་ན་ཡིན་ཡང་། བྱེ་བྲག་རྒྱལ་སྲས་འདི་ཉིད་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་ལས་ཡུལ་མཐའ་འཁོབ་དང་། ལྟུང་བས་ནོན་པ་ཅན་ལ་ལྷག་པར་ཐུགས་རྗེའི་སྣང་བ་དམ་པས་འཁྱུད་པ་ཡིན་ཏེ། དེས་ན་འདིའི་ལྟུང་བ་བཤགས་པའི་ཆོ་ག་མདོ་དང་རྒྱ་གཞུང་གི་ཁུངས་དང་འབྲེལ་ཞིང་། བརྒྱུད་པའི་བྱིན་རླབས་མངོན་རྟོགས་མ་ཉམས་པའི་ཡི་གེ་དང་བཟླས་ལུང་གི་རྒྱུན་ཅི་རིགས་པ་བཞུགས་པའི་ནང་ནས། འཇམ་པའི་དབྱངས་བློ་གྲོས་མཐའ་ཡས་ཞབས་ཀྱིས་འདུས་གསལ་དུ་བསྡེབས་པའི་ལེགས་བཤད་ཀྱི་ཡིག་ཆ་གཞན་ལས་ཁྱད་པར་ཅན་བཞུགས་པས་མཚོན་ཟབ་ཆོས་ངོ་མཚར་བ་འདི་ལྟ་བུའི་སྒོ་ནས་བྱང་སྡོམ་གྱི་ལྟུང་བའི་ཁུར་གྱིས་ནོན་པ་རང་ཅག་རྣམས་ལྡང་བའི་ཐབས་ལ་འབད་པར་གསོལ་བ་འདེབས་པའང་འཕྲོས་སུ་སྨོས་ཤིང་། དེས་ཀྱང་རྟགས་མ་བྱུང་པའམ། ཉེས་བྱས་ལ་སོགས་པ་ལྟུང་བའི་ལྷག་མ་གཞན་ཀུན་གྱི་ཉེས་པ་ཞི་བའི་ཕྱིར་འཕགས་པ་ཕུང་པོ་གསུམ་པའི་མདོ་ཉིན་མཚན་ལན་དྲུག་ཏུ་གདོན་པ་དང་། གཞན་ཡང་གཉེན་པོ་སྒོ་དྲུག་ཏུ་གྲགས་པ་སོགས་སྟོབས་བཞི་ཚང་བའི་སྒོ་ནས་ཉེས་ལྟུང་སོ་སོར་བཤགས་ཏེ་དེའི་འོག་ཏུ་གང་ལས་བླངས་པའི་ཡུལ་བཤེས་གཉེན་ནམ་རྟེན་གྱི་དྲུང་ངམ། རྒྱལ་བ་སྲས་བཅའི་ཡིད་ཡུལ་དུ་བཀོད་པ་གང་ཡང་རུང་བའི་སྒོ་ནས་སྨོན་འཇུག་གི་སྡོམ་པ་སླར་ཡང་ནི་ནོད་པར་བྱ་སྟེ། དེས་སོར་ཆུད་པར་འགྱུར་བ་ནི་གསེར་དངུལ་གྱི་སྣོད་ཆག་པའི་དཔེས་གསུང་པ་ལྟར་རོ། ། ༨བསྲུང་བའི་ཕན་ཡོན། བརྒྱད་པ་སྲུང་བའི་ཕན་ཡོན་ནི། དེ་ལྟར་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། གོང་དུ་ཇི་སྐད་སྨོས་པ་དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དེའི་བསླབ་བྱ་རྣམས་ལ་རབ་ཏུ་བསླབས་ཏེ་བརྩོན་པ་ཆེན་པོས་ཉམས་སུ་བླངས་ན། གནས་སྐབས་སུའང་། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་སོགས་གསུངས་པ་ལྟར་མཐོ་རིས་ཀྱི་མཐུན་རྐྱེན་དཔལ་འབྱོར་ཕུན་སུམ་ཚོགས་པ་མཐའ་ཡས་པ་རྒྱུན་ཆགས་སུ་ལྡན་པ་དང་། ལམ་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པ་ཀུན་སྤང་སྟེ། བྱང་སེམས་དབང་རྣོན་གྱིས་མཐོང་ལམ་ཚུན་ཆད་དང་། མ་དག་ས་བདུན་དང་། དག་པ་ས་གསུམ་རྣམས་གྲངས་མེད་རེ་རེས་རྫོགས་པར་མཛད་པ་དང་། བྱང་སེམས་དབང་འབྲིང་གིས་ཚོགས་ལམ་དུ་གཉིས། སྦྱོར་ལམ་དུ་གཉིས། མཐོང་ལམ་དུ་གཅིགསྒོམ་ལམ་དུ་གཉིས་བཅས་གྲངས་མེད་བདུན་དང་། དབང་རྟུལ་གྱིས་ཚོགས་སྦྱོར་དུ་གསུམ། ས་བཅུ་པོ་རེ་རེ་ལའང་གསུམ་གསུམ་སྟེ་གྲངས་མེད་སུམ་ཅུ་རྩ་གསུམ་ལ་སོགས་པས་ལམ་ལྔ་དང་ས་བཅུའི་སྤངས་རྟོགས་མ་ལུས་པ་མངོན་དུ་བྱས་ཏེ། མཐར་ཐུག་གི་འབྲས་བུ་ཤེས་རབ་ཆེན་པོས་འཁོར་བ་དང་། སྙིང་རྗེ་ཆེན་པོས་མྱང་འདས་ཀྱི་མཐའ་ལ་མི་གནས་པའི་སངས་རྒྱས་ཀྱི་སའི་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། ནམ་མཁའ་ཇི་སྲིད་པར་སེམས་ཅན་གྱི་ཁམས་ལ་ལམ་སྟོན་པའི་ཕྲིན་ལས་རྒྱུན་མི་འཆད་པར་འགྱུར་རོ། །འདིར་ལས་དང་པོ་པའི་ཆེད་ཕྱོགས་ཙམ་བཀྲལ་ཟིན་གྱི། བློ་དང་ལྡན་པ་རྣམས་ཀྱིས་ས་སྡེ་ལྔ། སྡོམ་རྣམ་གཉིས། མངོན་རྟོགས་རྒྱན་དང་མདོ་རྒྱན་སོགས་ཐེག་པ་ཆེན་པོའི་ས་ལམ་གྱི་རྣམ་གཞག་ཟབ་རྒྱས་སྟོན་པའི་དགོངས་འགྲེལ་རྣམས་དང་། མཉམ་མེད་དྭགས་པོ་རིན་ཆེའི་ཐར་རྒྱན། ས་པཎ་གྱི་ཐུབ་པ་དགོངས་གསལ་སོགས་ལ་ཐོས་བསམ་བྱུང་ན་གལ་ཆེ་ཞིང་འདིའི་དོན་ལེགས་པར་རྟོགས་པར་འགྱུར་རོ། ། ལེའུའི་སྐབས་བསྡུ་བ། སྐབས་བསྡུ་བ་ནི། ཞེས་སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པ་ལས། བྱང་སེམས་ཀྱི་སྡོམ་པའི་སྐབས་ཏེ་གཉིས་པ་མདོར་བསྡུས་པའི་ཚུལ་གྱིས་བཤད་ཟིན་ཏོ།། །། གསུམ་པ་གསང་སྔགས་རིག་འཛིན་གྱི་སྡོམ་པ་བཤད་པ་ལ། ༈ དོན་གསུམ་པ་གསང་སྔགས་རིག་འཛིན་གྱི་སྡོམ་པ་བཤད་པ་ལ་གཉིས། བསྟན་པ། བཤད་པའོ། མདོར་བསྟན་པ། དང་པོ་ནི། ཐབས་མང་སོགས་ཚིག་རྐང་གཉིས་ཏེ། ཇི་སྐད་དུ། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་དུ་འཕགས། །ཞེས་གསུངས་པ་ལྟར། ཐུན་མོང་ཕར་ཕྱིན་ཐེག་པ་ལས་ཁྱད་པར་རྣམ་པ་དུ་མས་འཕགས་པ། ཉོན་མོངས་སོགས་སྤང་བྱ་འཇོམས་ཤིང་། ས་ལམ་མཐར་ཐུག་གི་ཐོབ་བྱ་སངས་རྒྱས་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པའི་ཐབས་ཕྱོགས་གཅིག་མ་ཡིན་པར་ཐབས་མང་བ། ཐབས་ལ་མ་རྨོངས་པ། དཀའ་བ་མེད་པའི་མྱུར་ལམ་འབྲས་བུའི་ཐེག་པའམ་རིག་པ་འཛིན་པའི་གསང་བ་སྔགས་ཀྱི་སྡོམ་པ་བཤད་པ་ལ། ཞེས་མདོར་བསྟན་ཏེ་མཚམས་སྦྱར་བའོ། ། རྒྱས་པར་བཤད་པ། གཉིས་པ་ལ་བརྒྱད། ཐོབ་བྱ་སྡོམ་པའི་ངོ་བོ། དེའི་དབྱེ་བ། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། སྐྱེ་བའི་རྟེན། གཏོང་བའི་རྒྱུ། ཉམས་པ་ཕྱིར་བཅོས་ཚུལ། བསྲུང་བའི་ཕན་ཡོན་ནོ། ། ཐོབ་བྱ་སྡོམ་པའི་ངོ་བོ། དང་པོ་ནི། ངོ་བོ་སོགས་ཚིག་རྐང་གསུམ་སྟེ། སྔགས་སྡོམ་གྱི་ངོ་བོ་ནི། བསྡམ་བྱ་སྒོ་གསུམ་ཐ་མལ་དུ་གནས་པའི་གཟུང་འཛིན་མཚན་མའི་རྟོག་པ་ཤིན་ཏུ་ཕྲ་བའི་བག་ཆགས་དང་བཅས་པ། སྡོམ་བྱེད་ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་ཀྱི་རོལ་བ་སོགས་ཐབས་ཤེས་ཐུན་མོང་མ་ཡིན་པ་བདེ་བ་ཆེན་པོའི་ཡེ་ཤེས་ཟབ་མོ་ཁྱད་པར་ཅན་གྱིས་སྒོ་གསུམ་ཡུལ་སྣང་དང་བཅས་པ་ཐ་མལ་གྱི་ཉེས་སྤྱོད་སྡོམ་ཞིང་། སྣོད་བཅུད་དག་མཉམ་ཆེན་པོར་བྱང་ཆུབ་པར་བྱེད་པའི་སེམས་པ་གང་ཞིགརང་རྒྱུ་དབང་བསྐུར་བ་ལས་རྒྱུད་ལ་གསར་དུ་ཐོབ་པའི་ཚུལ་ཁྲིམས་སོ། ། ༢དེའི་དབྱེ་བ། གཉིས་པ་ནི། དབྱེ་ན་སོགས་ཚིགས་བཅད་གཅིག་དང་རྐང་པ་གཅིག་སྟེ། དེ་ལྟ་བུའི་ཁྱད་པར་དུ་མའི་འཕགས་པའི་གསང་སྔགས་ཟབ་མོ་དེ་ལ་དབྱེ་ན། བྱ་བའི། སྤྱོད་པའི། རྣལ་འབྱོར་གྱི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་རྒྱུད་སྡེ་རྣམ་པ་བཞི་སྟེ། དེ་ལྟར་རྒྱུད་སྡེ་བཞིར་དབྱེ་བའི་སྒོ་ཡང་མི་རིགས་བཞི་དང་། འདོད་ཆགས་རིགས་བཞི་དང་། དབང་པོ་རྣོ་རྟུལ་བཞི་དང་། གནས་སྐབས་བཞི་སོགས་ཀྱི་གཉེན་པོ་དང་དེ་དག་གི་སྒོ་ནས་བཤད་ཅིང་། ཕྱི་མ་བླ་མེད་ལའང་ཐབས་སམ་ཕའི་རྒྱུད། ཤེས་རབ་བམ་མའི་རྒྱུད། ཐབས་ཤེས་གཉིས་མེད་ཀྱི་རྒྱུད་དང་གསུམ་དུ་ཕྱེས་པས་རྒྱུད་སྡེ་བཞི་འམ་དྲུག་ཏུ་ཡོངས་སུ་གྲགས་ཤིང་། དེ་དང་དེའི་སྡོམ་པ་དང་དམ་ཚིག་ཀྱང་ནི་རྒྱུད་སྡེའི་དབྱེ་སྒོའི་རྣམ་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་གྲངས་སུ་འགྱུར་རོ། །སྐབས་འདིར་རྒྱུད་ཀྱི་རྣམ་གཞགདབྱེ་བ། མཚན་ཉིད་སོགས་ཞིབ་པར་གཞུང་བཟང་གཞན་དུ་མཇལ་བས་གོ་བར་འགྱུར་གྱི་འདིར་མང་དུ་སྤྲོས་ན་ཡི་གེས་འཇིགས་སོ། ། ༣མ་ཐོབ་པ་ཐོབ་པར་བྱེད་པ། གསུམ་པ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། དེ་ལ་མ་ཐོབ་ཐོབ་པའི་ཚུལ། །ཞེས་སོ། གཉིས་པ་ནི། མཚན་ཉིད་སོགས་ཚིགས་བཅད་གཉིས་དང་རྐང་པ་གཉིས་ཏེ། དེ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་གསང་བ་ཟབ་མོའི་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་ཚུལ་ནི་དབང་བསྐུར་བ་ཉིད་ཡིན་ཏེ། གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ནི་རྡུལ་ཚོན། རས་བྲིས། ལུས་དཀྱིལ་ལ་སོགས་པ་ནུས་པ་དང་བསྟུན་པར། གང་གིས་སྐུར་བྱེད་ཕྱི་ནང་གསང་བའི་དེ་ཉིད་བཅུ་སོགས་རྒྱུད་ནས་གསུངས་པའི་མཚན་ཉིད་དང་ལྡན་པའི་བླ་མ་རྡོ་རྗེ་འཛིན་པས་སྐུར་ཡུལ་སློབ་མ་ཚེ་འདི་དོན་དུ་མི་གཉེར་ཞིང་གཞན་དོན་དུ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་འདོད་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དག་གིས་བྱ་སྤྱོད་རྣལ་འབྱོར་སོགས་གསང་རྒྱུད་ཟབ་མོའི་དབང་བསྐུར་བ་རང་རང་གི་ལུགས་དང་མཐུན་པའི་ཆུ་དང་ཅོད་པན། དེ་སྟེང་རྡོ་རྗེ་མིང་གི་དབང་། རིག་པའི་དབང་ལྔ་དང་རབ་འབྱམས་བཀའ་དབང་མཐའ་རྟེན་བཅས་རྒྱུད་སྡེ་འོག་མ་གསུམ་ལ་གྲགས་པ་དང་། ཁྱད་པར་དུ་རྒྱུད་སྡེ་འོག་མ་ལས་ཐབས་ཟབ་ཅིང་བདེ་མྱུར་གྱི་ལམ་རྣལ་འབྱོར་བླ་ན་མེད་པའི་རྡོ་རྗེ་ཐེག་པ་ཡི་རང་ལམ་ནས། དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་སྔོན་དུ་སོང་ནས་སྐུ་རྡོ་རྗེ་བླ་མ་སྤྲུལ་པའི་སྐུས་གདན་གསུམ་ཚང་བའི་དབང་ལྷ་སྤྱན་དྲངས་ཏེ། སློབ་མ་ལྷག་པའི་ལྷར་བསྐྱེད་པའམ། སློབ་མ་དབང་རྫས་གཉིས་ཀ་རིགས་སོ་སོའི་ལྷར་བསྐྱེད་ནས་ཡེ་ཤེས་པ་བཅུག་སྟེ། དབང་རྫས་རྣམས་སོ་སོའི་རྣམ་པར་གྱུར་པ་ཉིད་ཐོགས་ཏེ། སྔགས་རྒྱ་ཏིང་འཛིན་གསུམ་དང་ལྡན་པས་བུམ་དབང་མཐའ་རྟེན་རིག་པའི་དབང་ལྔ་བཅས་བསྐུར་བ་དང་། དེ་ནས་གསུང་རྡོ་རྗེ་བླ་མ་ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཡབ་ཡུམ་གྱི་ལུས་དང་ཡི་གེ་བྷ་གའི་དཀྱིལ་འཁོར་ཏུ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་བཅུག་པ་རྗེས་ཆགས་ཀྱི་མེས་ཞུ་བའི་བྱང་སེམས་སློབ་མའི་ལྕེ་ཐོག་ཏུ་བཞག་པས་གསང་དབང་དང་། ཐུགས་རྡོ་རྗེ་བླ་མ་ཆོས་ཀྱི་སྐུ་ཡབ་ཡུམ་གྱིས་སློབ་བུ་ལ་རྟེན་ཤེས་རབ་མ་གཏད་ནས། སངས་རྒྱས་ཐམས་ཅད་སློབ་མ་ཡབ་ཡུམ་གྱི་ལུས་ལ་བཅུག་སྟེ། དེ་དག་སྙོམས་པར་ཞུགས་པས་འཛག་མེད་ཀྱི་དགའ་བཞིའི་ཡེ་ཤེས་བསྐྱེད་པས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཡེ་ཤེས་རྡོ་རྗེ་བླ་མ་ངོ་བོ་ཉིད་སྐུའི་བདག་ཉིད་ཀྱིས་སྔར་དབང་གསུམ་པའི་དུས་ཀྱི་ཡས་བབས་ཀྱི་དགའ་བཞི་རྫོགས་ནས་ཐབས་ཀྱིས་ལྡོག་པ་མས་བརྟན་གྱི་དགའ་བཞིའི་མཐར་ཉམས་སུ་མྱོང་བའི་ཡེ་ཤེས་དང་། རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རོ་གཅིག་ཏུ་ངོ་སྤྲོད་པ་བཞི་པ་ཚིག་དབང་རྣམས་ཏེ་སྨིན་བྱེད་ཀྱི་དབང་བཞི་པོ་རིམ་གྱིས་ནོད་པར་བྱའོ། །དེ་ལྟར་བསྐུར་བས་བྲལ་ཐོབ་ཀྱི་ཡོན་ཏན་ཅི་ཐོབ་ན། དབང་བཞིས་རིམ་པ་ལྟར་སད་པ་དང་། རྨི་ལམ་དང་། གཉིད་མཐུག་པོ་དང་། སྙོམ་འཇུག་གམ་ཆགས་པའི་གནས་སྐབས་བཞིས་བསྐྱེད་པའི་སྒོ་གསུམ་སྟེ་ལུས་ངག་ཡིད་གསུམ་དང་ཤེས་བྱའི་དྲི་མ་རྣམས་སྦྱངས་ཤིང་། བུམ་དབང་གིས་ལམ་བསྐྱེད་པའི་རིམ་པ་བསྒོམ་པ་དང་ཞི་སོགས་ལས་ཚོགས་དང་བཅས་པ་ལ་དབང་ཞིང་ཡུལ་སྣང་སྟོང་དུ་འཆར་བ་དང་། གསང་དབང་གིས་རང་བྱིན་རླབས་གཏུམ་མོ་སྒྱུ་ལུས་བསྒོམ་པ་ལ་དབང་ཞིང་སེམས་གསལ་སྟོང་དུ་འཆར་བ་དང་། ཤེར་དབང་གིས་ལུས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་འོད་གསལ་དཔེའི་ཡེ་ཤེས་བསྒོམ་པ་ལ་དབང་ཞིང་ཞུ་བདེས་ལུས་བདེ་སྟོང་ཏུ་འཆར་བ་སྟེ་མཚན་བཅས་ཀྱི་རྫོགས་རིམ་དང་། དབང་བཞི་པས་གནས་ལུགས་དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་ཞིང་ཆོས་ཐམས་ཅད་གྱི་རང་བཞིན་འོད་གསལ་སྐྱེ་བ་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དོན་རྟོགས་པ་མཚན་མེད་ཀྱི་རྫོགས་པའི་རིམ་པ་བསྒོམ་པ་ལ་དབང་བ་དང་། འབྲས་བུ་གང་ཐོབ་ན། དབང་བཞིའི་ས་བོན་རྒྱུད་ལ་ཐེབས་པ་སྟེ་ལམ་རིམ་པ་གཉིས་ཀྱིས་བསྐྱངས་པས་དངོས་བརྒྱུད་ཅི་རིགས་པར་འབྲས་བུ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་སྐུ་བཞི་འགྲུབ་པའི་ནུས་རུང་དུ་བྱས་པའམ་བྱ་བ་ཡིན་ནོ། །འདི་ཐད་ཀྱང་མདོ་ཙམ་ལས་མ་སྤྲོས་ཤིང་གསར་སྙིང་གི་གཞུང་གཞན་དུ་མཇལ་བས་ཟབ་མོའི་གནད་གསང་ཞིབ་མོར་རྟོགས་པ་ཞིག་གལ་ཆེ་ཞེས་བློ་དང་ལྡན་པ་རྣམས་ལ་ཞུའོ། ། ༤ཐོབ་པ་མི་ཉམས་པར་བསྲུང་པ་ལ། བཞི་པ་ཐོབ་པ་མི་ཉམས་པར་བསྲུང་བ་ལ་གཉིས། བསྟན་པ། བཤད་པའོ། ། མདོར་བསྟན་པ། དང་པོ་ནི། ཐོབ་པ་མི་ཉམས་བསྲུང་བ་ལ། །ཞེས་སོ། ། རྒྱས་པར་བཤད་པ་ལ་བསླབ་བྱ་དངོས་བཤད་པ། གཉིས་པ་ལ་གཉིས། བསླབ་བྱ་དངོས་བཤད་པ། དེ་བསྲུང་བའི་ཐབས་བཤད་པའོ། །དང་པོ་ལ་གསུམ། རིགས་ལྔའི་སྡོམ་པ། རྩ་ལྟུང་བཅུ་བཞི། སྦོམ་པོ་བརྒྱད་བཤད་པའོ། ། རིགས་ལྔའི་སྡོམ་པ། དང་པོ་ལ་གཉིས། རིགས་ལྔ་སྤྱིའི་སྡོམ་པ། བླ་མེད་ཁྱད་པར་གྱི་སྡོམ་པ་བཤད་པའོ། །དང་པོ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། རིགས་ལྔ་སྤྱི་ཡི་སྡོམ་པ་ནི། །ཞེས་པ་སྟེ། སངས་རྒྱས་ལ་སོགས་རིགས་ལྔའི་སྡོམ་པ་ནི་གསང་སྔགས་རྒྱུད་སྡེ་སྤྱིའི་ཐུན་མོང་དུ་གྱུར་པའི་སྡོམ་པ་ཡིན་པས་དེ་ཉིད་ནི་འདི་ལྟར་ཞེས་མདོར་བསྟན་པའོ། །གཉིས་པ་ནི། སངས་རྒྱས་སོགས་ཚིགས་བཅད་གསུམ་སྟེ། དང་པོ་དེ་བཞིན་གཤེགས་རིགས་རྣམ་སྣང་གི་སྡོམ་པའམ་སངས་རྒྱས་རྣལ་འབྱོར་གྱི་སྡོམ་པ་ལ། སྨོན་འཇུག་གི་སེམས་བསྐྱེད་ནས་དེའི་བསླབ་པ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམས་བརྟན་པོར་བཟུང་བ་བྱང་སྡོམ་གྱི་སྐབས་ལྟར་དང་། དེ་དག་གི་རྟེན་དུ་དཀོན་མཆོག་གསུམ་སྐྱབས་སུ་འཛིན་པའོ། །རྡོ་རྗེའི་རིགས་མི་བསྐྱོད་པའི་སྡོམ་པ་ནི། རྡོ་རྗེ་དང་དྲིལ་བུ་ཚད་ལྡན་འཆང་བ་དང་། རང་ཉིད་ལྷ་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་དང་། མཁན་པོ་དང་སློབ་དཔོན་སོགས་བླ་མ་ལ་བསྙེན་བཀུར་སོགས་ཀྱིས་མཆོད་པའི་སྒོ་ནས་བླ་མར་བཟུང་བ་དང་། རིན་ཆེན་རིགས་རིན་འབྱུང་གི་སྡོམ་པ་ནི། དམ་པའི་ཆོས་དང་། ཟང་ཟིང་གི་ནོར་དང་། མི་འཇིགས་པ་སྐྱབས་དང་། དེའི་རྩ་བ་སེམས་ཅན་རྣམས་བླ་ན་མེད་པའི་བདེ་བ་ཐོབ་འདོད་ཀྱི་བྱམས་པ་སྟེ་སྦྱིན་པ་རྣམ་བཞི་ཉིན་རེ་བཞིན་དུ་དུས་དྲུག་དྲུག་རྟག་ཏུ་སྦྱིན་པ་དང་། པདྨའི་རིགས་འོད་དཔག་མེད་ཀྱི་སྡོམ་པ་ནི། ཕྱི་ཉན་ཐོས། ནང་བྱང་སེམས། གསང་བ་སྔགས་ཀྱི་ཐེག་པས་བསྡུས་པའི་དམ་པའི་ཆོས་མ་ལུས་པ་འཛིན་པའོ། །ལས་ཀྱི་རིགས་དོན་ཡོད་གྲུབ་པའི་སྡོམ་པ་ནི། སྔར་བཤད་ཀྱི་སྡོམ་པ་དེ་དག་དང་ལྡན་པའི་སྟེང་དུ་ཕྱི་ནང་གསང་བའི་མཆོད་པ་དང་གཏོར་མ་སྦྱིན་སྲེག་སོགས་རབ་འབྱམས་ཀྱི་ལས་ཀུན་བསྒྲུབ་པར་བྱའོ། །འདི་དག་གི་སྦས་དོན་གྱི་བཤད་པ་རྣམས་ནི་སྡོམ་ཊིཀ་གཞན་དུ་གསལ་ལོ། །གཉིས་པ་བླ་མེད་ཁྱད་པར་གྱི་རིགས་ལྔའི་སྡོམ་པ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། ཁྱད་པར་བླ་མེད་སྡོམ་པ་ནི། །ཞེས་པ་སྟེ། ཐུན་མོང་མ་ཡིན་པ་གསང་སྔགས་བླ་མེད་ཁྱད་པར་གྱི་རིགས་ལྔའི་སྡོམ་པ་ནི། ཞེས་སོ། །གཉིས་པ་ནི། རྡོ་རྗེའི་རིགས་སོགས་ཚིགས་བཅད་གསུམ་དང་རྐང་པ་གསུམ་སྟེ། ཐུན་མོང་མིན་པའི་རིགས་ལྔའི་སྡོམ་པ་འདི་ནི་བསད་པ་གསོ་ནུས་པ་སོགས་རྣལ་འབྱོར་པ་རྟོགས་གོམས་ཀྱི་གདེང་ཚོད་དང་ལྡན་པ་དང། ལྷ་དང་བླ་མས་གནང་བ་ཐོབ་པ། སྙིང་རྗེའི་ཀུན་སློང་ཁྱད་པར་ཅན་གྱིས་ཟིན་པ་ཡིན་ན་གཞན་དོན་དུ་རང་འཁྲིས་མེད་པར་སྒྲ་ཇི་བཞིན་པར་སྤྱོད་པ་དྲང་དོན་བསྐྱེད་རིམ་གྱི་དམ་ཚིག་དང། དེ་ལྟར་མིན་ན་སྒྲ་གཞན་དུ་བསྒྱུར་ཏེ་དགོངས་གཞིའི་དོན་བླངས་ནས་དབང་གོང་མའི་དམ་ཚིག་དང་སྡོམ་པ་རྫོགས་རིམ་ལ་སྦྱར་བར་བྱ་བ་ཡིན་པས་ཁྱད་པར་ཞེས་བསྟན་པ་ཡིན་ནོ། །དེ་ལ་འདིར་རྡོ་རྗེའི་རིགས་ལ་སྲོག་གཅོད་པ་ནི། ཕྱི་ལྟར་ན་ཞིང་བཅུ་ཚང་བའི་བསྟན་པའི་དགྲ་བོ་རྣམས་མངོན་སྤྱོད་དྲག་པོའི་སྦྱོར་བས་བསྒྲལ་བ་དང། ནང་དུ་རླུང་གསོད་པ་སྟེ་རོ་རྐྱང་གི་རླུང་གི་རྒྱུ་བ་བཅད་ནས་བུམ་པ་ཅན་གྱི་སྦྱོར་བས་དྷཱུ་ཏིར་བཀག་པ་མཐར་ཐུག་གཙུག་ཏོར་དུ་རླུང་སེམས་བརྟན་པ་དང་། དེ་ཁོ་ན་ཉིད་དུ་རྟོག་པ་གསོད་པ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཟབ་མོ་ལ་མཉམ་པར་བཞག་ནས་གཟུང་འཛིན་མཚན་མའི་རྟོག་པ་སྐྱེ་བ་མེད་པར་བྱ་བ་ལ་གསུངས་སོ། །རིན་ཆེན་རིགས་ཀྱི་དམ་ཚིག་ལ་མ་བྱིན་པར་ལེན་ཏེ། ཕྱི་སེར་སྣ་ཅན་ལས་ནོར་བླངས་ཏེ་བཀྲེས་པས་འཆི་ངེས་ལྟ་བུ་ལ་སྦྱིན་པས། གང་ལས་བླང་བའི་ཡུལ་དེ་སྦྱིན་པ་ལ་འགོད་པ་དང་། ཡང་ན་སྔགས་ཀྱི་མཐུས་ལོངས་སྤྱོད་ཐམས་ཅད་བཀུག་ནས་བསྟན་འགྲོའི་དོན་བྱ་བ་དང་། ནང་བདེ་ཆེན་ཡེ་ཤེས་བསྐྱེད་པའི་དོན་དུ་ལྷ་མི་གནོད་སྦྱིན་སོགས་ཀྱི་བུ་མོ་འགུགས་པ་དང་། ཡང་ན་རླུང་ནུས་ཀྱིས་བཙུན་མོའི་ཤུ་ཀྲ་མ་བྱིན་པར་བླངས་ཏེ་དྲངས་པ་དང་། དེ་ཁོ་ན་ཉིད་དུ་བདེ་བས་ཐབས་བྱས་པའི་ཤེས་རབ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་གྱི་ཐེག་པ་ཆེན་པོའི་ཡེ་ཤེས་གཞན་གྱིས་མ་བྱིན་པར་རང་ཉིད་ཀྱི་སྙིང་དབུས་སུ་སད་པ་སྟེ་རང་གཞན་གྱི་དོན་སྒྲུབ་པར་བྱེད་པ་ལ་དགོངས་ནས་གསུངས་པའོ། །པདྨའི་རིགས་ཀྱི་དམ་ཚིག་མཆོག་ནི། ཕྱི་དངོས་རིག་ལས་ཀྱི་ཕྱག་རྒྱ། ནང་ཡིད་རིག་ཆོས་ཀྱི་ཕྱག་རྒྱ། གཏུམ་མོ་དམ་ཚིག་གི་ཕྱག་རྒྱ། དེ་ཁོ་ན་ཉིད་དུ་ཕྱག་རྒྱ་ཆེན་པོ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་དག་དཔེའི་ཡེ་ཤེས་བསྐྱེད་པའམ་དྲངས་པའི་ཐབས་ཀྱང་ཕྱིའི་ལས་རྒྱའམ་རིགས་ཅན་ལྔའི་མཚན་ཉིད་དང་ལྡན་པའི་བུད་མེད་ཡིན་ཏེ་རྟོགས་གོམས་བརྟན་པ་ཐོབ་པས་བསྟེན་པར་བྱའོ། །ལས་ཀྱི་རིགས་ལ་རྫུན་དུ་སྨྲ་བར་བྱ་བའི་དམ་ཚིག་ནི། ཕྱི་ལྟར་ན་གཞན་གྱི་སྲོག་བསྐྱབས་པ་སོགས་ཀྱི་དོན་དུ་རྫུན་སྨྲ་བ་དང་། ནང་གདུལ་བྱའི་ཁམས་དབང་དང་འཚམ་པར་དྲང་དོན་གྱི་ཐེག་པའམ་ཆོས་སྟོན་པ་དང་། དེ་ཁོ་ན་ཉིད་དུ་བདག་དང་སེམས་ཅན་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མ་གྲུབ་པས་མི་དམིགས་པའམ། དམིགས་པ་མེད་བཞིན་དུ། བདག་གིས་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་ཏེ་མྱ་ངན་འདས་པ་ལ་དགོད་པར་བྱའོ་ཞེས་གྲག་པའོ། །འཁོར་ལོའི་རིགས་ལ་ཤ་དང་། ཆང་དང་ཡུལ་ཀུན་བསྟེན་པར་བྱ་བའི་དམ་ཚིག་ཏུ་གསུངས་པ་སྟེ། ཕྱི་རྟོགས་གོམས་གྱི་གདེང་དང་ལྡན་པ་ལ་གཙང་སྨེའི་རྟོག་པ་རོ་མཉམ་པར་ལྟ་བའི་སླད་དུ་དམ་ཚིག་གི་རྫས་ཤ་ལྔ་དང་། ཆང་དང་། བདུད་རྩི་ལྔ་དང་། གཟུགས་སོགས་ཡུལ་རྣམས་མི་བཀག་པར་དག་པ་ཆེན་པོའི་ངོ་བོར་བརྟེན་པ་དང་། ནང་ཤ་ལྔ་དབང་ལྔའི་དྭངས་མར་འཆང་བ་དང་། ཆང་ཡས་བབ་ཀྱི་ལྷན་སྐྱེས་ཞུ་བདེ་འཛག་མེད་དུ་འཆིང་བ་དང་། བདུད་རྩི་ལྔ་འབྱུང་ལྔའི་དྭངས་མར་འཆིང་བ་དང་། ཡུལ་གཤང་གཅི་ཁུ་བའི་དྭངས་མ་ལྟེ་བར་ལུགས་ལྡོག་ཏུ་བརྟན་པ་དང་། དེ་ཁོ་ན་ཉིད་དུ་རྣམ་རྟོག་གི་དྲྭ་བའི་ས་བོན་གྱི་ཚོགས་ཐམས་ཅད་རྣམ་པར་མི་རྟོག་པས་བཟའ་བའོ། །འདི་དག་གི་དོན་ཡང་རྒྱས་པར་ཟབ་མོ་ནང་དོན་སོགས་རྒྱུད་ཀྱི་དགོངས་འགྲེལ་རྣམས་དང་། མན་ངག་ཆོས་དྲུག་གི་ཡིག་ཆ་སོགས་ལས་ཀྱང་གསལ་ལོ། །དེ་ལྟར་ན་བརྗོད་བྱའི་དོན་རེ་རེ་ལའང་དགོངས་གཞི་ཕྱི་ནང་གསང་གསུམ་སོ་སོར་ཕྱེ་བའི་རིམ་པ་ཡིས་མ་ཉམས་པར་ཚུལ་བཞིན་དུ་སྤྱོད་པ་ནི་གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་ལུགས་ཀྱི་རིགས་ལྔའི་དམ་ཚིག་ཡིན་ནོ། ། ༢རྩ་ལྟུང་བཞི་བཤད་པ། གཉིས་པ་རྩ་ལྟུང་བཅུ་བཞི་བཤད་པ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། རྩ་བའི་ལྟུང་བ་བཅུ་བཞི་ནི། །ཞེས་རྩ་བའི་ལྟུང་བ་ཞེས་པ་དཔེར་ན་ལྗོན་ཤིང་གི་རྩ་བ་དང་མཚུངས་ཏེ། བརྟན་ན་ཡལ་ག་ལོ་འདབ་ཐམས་ཅད་རྒྱས་ལ། ཉམས་ན་རྩད་ནས་འགྱེལ་བ་ལྟར། འདི་ཡང་བསྲུང་ན་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བསྐྱེད་པའི་རྩ་བ་དང་། ཉམས་ན་མནར་མེད་རྡོ་རྗེ་དམྱལ་བ་ཡ་ང་བའི་གནས་སུ་ནམ་མཁའ་མ་ཞིག་གི་བར་དུ་ཐར་བའི་གོ་སྐབས་མེད་པར་སྡུག་བསྔལ་བསྐྱེད་པའི་རྩ་བར་ཡང་འགྱུར་ཏེ། དེ་ལྟར་ན་གསང་སྔགས་བླ་མེད་ཀྱི་སྒོར་ཞུགས་ཤིང་བདག་ལེགས་སུ་འདོད་པའི་ཤེས་ལྡན་རྣམས་ཀྱིས་དྲན་ཤེས་བག་ཡོད་ཀྱི་སྒོ་ནས་མིག་དང་སྙིང་ལྟར་གཅེས་པར་བསྲུང་དགོས་པའི་རྩ་བའི་ལྟུང་བ་བཅུ་བཞི་ཡོད་པ་ནི། ཞེས་པའོ། །གཉིས་པ་ནི། སློབ་དཔོན་སོགས་ཚིགས་བཅད་བཞི་སྟེ། རྩ་ལྟུང་བཅུ་བཞི་པོ་འདི་སྔགས་བླ་མེད་ལ་ཞུགས་པ་རྣམས་ཀྱིས་བླང་དོར་བྱ་བའི་གནས་ཤེས་པར་བྱ་བ་ཞིག་ལ་ཅི་ནས་གལ་ཆེ་བས་ཅུང་ཟད་སྤྲོས་པའི་ཚུལ་གྱིས་བཤད་ན། །དང་པོ་ནི། སྤྱིར་སློབ་དཔོན་དྲུག་བཤད་པ་སོགས་ཡོད་པས་ལྟུང་བ་བྱེད་པོ་རང་ཉིད་སྔགས་སྡོམ་དང་ལྡན་པ་དགོས་ཀྱི། ཡུལ་བླ་མའི་ངོས་ནས་སྔགས་ཆོས་ཁོ་ནས་སྦྲེལ་བ་ཞིག་མི་དགོས་ཀྱང་། འདིར་ཁྱད་པར་ཀྱི་སློབ་དཔོན་ནི་གསུམ་སྟེ། སྔ་འགྱུར་བདེར་འདུས་ཞི་རྒྱུད་ལས། །རྒྱུད་དགྲོལ་དབང་བསྐུར་དེ་ཉིད་བསྟན། ཅེས་དབང་བསྐུར། རྒྱུད་བཤད། མན་ངག་བྱིན་པའི་བཀའ་དྲིན་གསུམ་ལྡན་ལ་སྤྱི་ལུགས་ཀྱི་རྩ་བའི་བླ་མར་འཇོག་པ་དེ་དང་། གཉིས་ལྡན། གཅིག་ལྡན་གང་རུང་དང་། མཉམ་མེད་དྭགས་པོ་བཀའ་བརྒྱུད་པས་སེམས་ཀྱི་གནས་ལུགས་ངོ་སྤྲད་ཅིང་། འཕྲོད་པའི་བླ་མར་རྩ་བའི་བླ་མའམ་དཔལ་ལྡན་བླ་མར་བཞེད་པས་མཚོན་བཀའ་དྲིན་ཅན་གྱི་རྡོ་རྗེ་སློབ་དཔོན་ལ། ཞེ་སྡང་ངམ་ཕྲག་དོག་གིས་སྙིང་ནས་སྨ་འབེབས་པར་འདོད་པས་ངག་གིས་འཁུ་ཞིང་འཕྱ་བའི་སྒོ་ནས་སྨོད་པ་དང་། བཀུར་སྟི་མི་བྱེད་པར་བརྙས་པ་སོགས་ཀྱིས་ཐུགས་དཀྲུགས་ཏེ་མི་མཉེས་པར་བྱེད་པ་ནི་རྩ་ལྟུང་དང་པོ་སྟེ། རྡོ་རྗེ་སློབ་དཔོན་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ཡུལ་ཆེས་གཉན་པར་མ་ཟད་རང་ཉིད་ཀྱི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་དེ་ཉིད་མཉེས་པ་ལས་འབྱུང་བའི་ཕྱིར། རྩ་ལྟུང་བཅུ་བཞིའི་ནང་ནས་ཉེས་པ་ཤིན་ཏུ་ལྕི་བས་དང་པོར་བཞག་པ་སྟེ། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། རྩ་བའི་ལྟུང་བ་དང་པོར་བཤད། ཅེས་པ་ལྟར། དེས་ན་ཅི་མཛད་ཡོན་ཏན་ཏུ་ལྟ་བ་དང་། ཅི་གསུང་དང་དུ་ལེན་པའི་སྒོ་ནས་ཐ་ན་ཉེ་གནས་ཡན་ལ་གུས་ཤིང་དང་བའི་སྤྱོད་ལམ་ལ་གཟབ་སྟེ་བསླབ་པར་བྱ་ཡི། འདི་ལས་འགལ་ན་དམ་སྡོམ་གཞན་ཇི་ལྟར་བསྲུངས་ཀྱང་སྙིང་པོ་མེད་དོ། །གཉིས་པ་ནི། གདུལ་བྱ་ལ་བླང་དོར་གྱི་གནས་སྟོན་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དྲུག་གིས་བསྡུས་པའི་བཀའ་ཐམས་ཅད་དང་དེའི་དགོངས་པ་འགྲེལ་པའི་ངག་འཆོས་སྐྱོབ་ཀྱི་བསྟན་བཅོས། བླ་མ་དམ་པས་འཇུག་ལྡོག་གི་བསླབ་བྱ་འདོམས་པར་མཛད་པ་གང་ཡིན་ཀྱང་རུང་སྟེ། དེ་དང་དེས་གསུངས་པའི་དོན་གོ་བཞིན་དུ་ཁྱད་གསོད་ཀྱི་བློས་བཀའ་ལས་འདས་ཏེ་མི་མཐུན་པར་སྤྱོད་པའམ། དེ་དང་འབྲེལ་བ་གཞན་ལ་བཤད་ཀྱང་རུང་། དངོས་གྲུབ་ཐམས་ཅད་སངས་རྒྱས་དང་བླ་མའི་བཀའ་བཞིན་དུ་སྒྲུབ་པའི་རྗེས་སུ་འགྲོ་བས། དེ་ལས་འདས་པ་ནི་བླ་མ་ལ་བརྙས་པའི་འོག་ཏུ་ཉེས་པ་ཆེ་བས་རྩ་ལྟུང་གཉིས་པར་བཞག་ཅིང་། དེས་ན་བཀའ་གསུང་མི་གཅོག་པར་ཅི་ནུས་སུ་བསྒྲུབ་པར་བྱའོ། །གསུམ་པ་ནི། དེ་ལ་སྤྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་བསྟན་པ་ལ་ཞུགས་སོ་ཅོགཉེ་བའི་མཆེད་སྔགས་ཀྱི་ཐེག་པར་ཞུགས་པ། དེ་ལས་ཀྱང་ཤིན་ཏུ་ཉེ་བའམ་ནང་འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ཕ་གཅིག་པའི་སྤུན་ཏེ། དེའི་ཤུགས་ཀྱིས་དཀྱིལ་འཁོར་གཅིག་གིས་བསྡུས་པ་མ་གཅིག་པའི་སྤུན་སོགས་དང་། ཁྱད་པར་བླ་མ་གཅིག་གིས་དཀྱིལ་འཁོར་གཅིག་ཏུ་དབང་བཞི་དུས་གཅིག་ཏུ་བསྐུར་ཞིང་ཐོབ་པ་སྙིང་ཁྲག་འདྲེས་པའམ་རྡོ་རྗེའི་སྤུན་ཏེ། དེ་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཉེ་ཞིང་ཆེས་ལྕི་བ་སྟེ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས། །བསྟན་པ་རྡོ་རྗེའི་ཐེག་པ་ལ། །བཞུགས་པ་ཐམས་ཅད་སྤུན་དུ་བརྗོད། །ཀུན་ཀྱང་ཡེ་ཤེས་ལྡན་པས་ན། །རྡོ་རྗེ་སེམས་དཔའི་རྡོ་རྗེའི་སྤུན། །དཀྱིལ་འཁོར་སློབ་དཔོན་རིག་མ་གཅིག །དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དང་ཁྱད་པར་བྱེ་བྲག་གོ། ཞེས་གསུངས་པ་ལྟར། སྤུན་དེ་དག་རྣམས་ལ་ཡིད་ཀྱིས་ཁྲོས་ཤིང་འཁོན་འཛིན་པ་དང་། ཕྲག་དོག་གིས་བསམ་པས་ངག་གིས་སྐྱོན་བརྗོད་པས་སྨོད་ཅིང་། ལུས་ཀྱིས་བརྡེག་པ་སོགས་ཀྱིས་སྒོ་ནས་དེའི་སེམས་སུན་ཕྱུང་ན་རྩ་ལྟུང་གསུམ་པ་སྟེ། དེའང་ནང་འདྲེས་པའི་རྡོ་རྗེའི་སྤུན་ཡིན་ན་རྡོ་རྗེའི་ནང་དམེ་ཞེས་ཤིན་ཏུ་སྦྱོང་དཀའ་བའི་རིགས་ཡིན་ནོ། །དེས་ན་དེ་དག་ཀུན་ལ་ཡིད་དང་ཞིང་གུས་པར་བྱའོ། །བཞི་པ་ནི། ཡུལ་འགྲོ་བ་སེམས་ཅན་གང་ཡང་རུང་བ་ལ་བདེ་བ་དང་བྲལ་ཞིང་སྡུག་བསྔལ་དང་ལྡན་ན་ཅི་མ་རུང་སྙམ་དུ་ཁྲོ་བས་སྙིང་ཐག་པ་ནས་བྱམས་པ་སྤང་སྟེ། དགྲ་ལ་སོགས་པའི་སེམས་ཅན་གཅིག་ཙམ་བློས་བཏང་ཡང་འདིར་འགྱུར་བ་བྱང་སྡོམ་སྨོན་སེམས་སྐབས་ལྟར་ཡིན་པས། ཐམས་ཅད་ལ་བྱམས་པའི་བློ་བཟང་པོ་དང་མ་བྲལ་བ་ལ་བསླབ་པར་བྱའོ། །ལྔ་པ་ནི། བསྐྱེད་རིམ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་བྱང་དོན་གཉེར་གྱི་སྨོན་སེམས་བཏང་བ་དང་། དེ་མ་བཏང་ནའང་འཇུག་པའི་རྩ་ལྟུང་ཐུན་མོང་བ་སྤྱོད་པས་འཇུག་སེམས་བཏང་བ་སྤྱི་དང་། ཁྱད་པར་གསང་དབང་གི་ལམ་པས་སྐྱུག་བྲོའི་དབང་གིས་ཐབས་ཤེས་ཀྱི་རྫས་ཁུ་ཁྲག་སྤངས་པ་དང་། ཤེས་རབ་ཡེ་ཤེས་ཀྱི་ལམ་པས་གསང་དབང་བསྐུར་བའི་རྫས་སོགས་གནང་བའི་སྐབས་བདུན་ལས་མ་ཡིན་པར་དགོས་མེད་དུ་བསམ་ནས་འདོད་ཆགས་ཀྱི་སྒོ་ནས་རྟེན་ཀུནྡ་བསམ་བཞིན་དུ་འབྱིན་ཏེ་ནོར་བུ་ལས་ཕྱིར་འདས་ཏེ་ཉམས་པའོ། །གནང་སྐབས་བདུན་ནི། གསང་བའི་དབང་དང་གསུམ་པ་དང་། །རོ་མཉམ་པ་དང་ལྷ་མཆོད་དང་། །རིགས་རྒྱུད་སྤེལ་དང་རིལ་བུ་དང་། །འཆི་ལྟས་བརྟག་པའི་དུས་ཡིན་ཏེ། །ཞེས་པ་ལྟར་འདི་དག་ཀྱང་སྔགས་ཀྱི་ལམ་ནས་བརྟན་པ་ཐོབ་པའི་གང་ཟག་ལ་དགོངས་ཏེ་གསུངས་པ་ཡིན་གྱི། སྔགས་པ་ལས་དང་པོ་པ་དང་གྲོལ་ལམ་པས་ཇི་མི་སྙམ་དུ་མ་ཡིན་པས་ཀུན་ཏུ་བསྲུང་སེམས་ལ་བརྩོན་པ་ཆེར་བྱའོ། །དྲུག་པ་ནི། ཐེག་ཆེན་ལ་ཞུགས་པ་དང་། ལྟ་ངན་སུན་ཕྱུང་བ་དང་། དེ་དག་འདུལ་བའི་དགོས་པའམ་བསམ་པ་ཁྱད་པར་ཅན་མེད་བཞིན་དུ། རང་སྡེའི་གྲུབ་མཐའ་ཉན་རང་གི་ཐེག་པ་དང་། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་སོགས་དང་། གཞན་སྡེ་ཕྱི་རོལ་མུ་སྟེགས་པའི་གྲུབ་པའི་མཐའ་ལའང་ཞེ་སྡང་བ་དང་ཕྲག་དོག་གི་བསམ་པས་སྨད་པ་རྩ་ལྟུང་དྲུག་པ་སྟེ། རང་སྡེ་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཐམས་ཅད་ནི་མཐར་ཐུག་བགྲོད་པ་གཅིག་པ་སངས་རྒྱས་ཀྱི་གོ་འཕང་ལ་གཞོལ་བའི་ཐབས་དང་ལམ་སྟེགས་འབའ་ཞིག་པ་ལས་ནོར་བ་མེད་དེ། གསང་བ་སྙིང་པོ་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །སོགས་ཀྱིས་གསུངས་པ་ལྟར་མ་ཟད། ཕྱི་རོལ་མུ་སྟེགས་པའི་གཞུང་ལས་བཤད་པའི་དཀར་པོའི་ཆོས་ཤིག་འདུག་ཀྱང་སངས་རྒྱས་པའི་ཡང་དཀར་ཆོས་ཡིན་པས་སྨད་ན་ལྟུང་བ་སྟེ། རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རིང་བའི་རྒྱུ། །མུ་སྟེགས་ཅན་ལ་སྨད་མི་བྱ། །གསུངས་པ་ལྟར་དེ་དག་ཀྱང་བདེ་གཤེགས་སྙིང་པོ་ཅན་ནམ་ཞིག་བྱང་ཆུབ་པའི་རྒྱུ་ཅན་ཡིན་པས་ཞེ་སྡང་དང་ཕྲག་དོག་གི་བསམ་པས་སྨད་པར་བྱ་བ་མ་ཡིན་ནོ། །བདུན་པ་ནི། སྣོད་ཀྱིས་མ་སྨིན་པ་ལོག་སྲེད་ཅན་དང་། ཆོ་ག་མ་བྱས་པས་མ་སྨིན་པ་བུམ་དབང་མ་ཐོབ་པ་དང་། ཆོ་ག་མ་རྫོགས་པས་མ་སྨིན་པ་མཆོག་གི་དབང་གསུམ་མ་ཐོབ་པ་དང་། ཉམས་པས་མ་སྨིན་པ་རྩ་ལྟུང་བྱུང་ནས་ཕྱིར་མི་འཆོས་པ་དང་། ཟབ་མོའི་འཇིགས་པ་ཉན་རང་སོགས་དབང་པོ་མ་སྨིན་པས་ཟབ་དོན་ལ་སྐྲག་པ་སྟེ་དེ་ལྟར་མ་སྨིན་ཞིང་སྣོད་དུ་མ་གྱུར་པའི་ཡུལ་དེ་དག་ལ་འདུལ་བའི་དུས་དང་བསྟན་བྱ་དེ་ལ་ལྟོས་པའི་སྣོད་ཀྱི་སྐབས་མ་ཡིན་པར་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་རྫས་སྤྱོད་པ་དང་། ཟབ་དོན་གྱི་གསང་བའི་དེ་ཁོ་ན་ཉིད་བསྟན་ཏེ་གསང་སྒྲོགས་གཞན་གྱིས་གོ་ནས་མ་དད་པ་སྐྱེས་ན་རྩ་ལྟུང་སྟེ། དེ་ལྟ་བུ་དགོས་པ་མེད་པར་རྡོ་རྗེའི་ལྕེ་ཡོད་ཀྱང་གསང་དོན་ཟབ་མོ་སྒྲོག་པར་མི་བྱའོ། །བརྒྱད་པ་ནི། རྡོ་རྗེ་ཕུང་པོ་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་པ་ལྟར་ཕུང་པོ་ལྔའི་རང་བཞིན་དག་པ་ཆེན་པོའི་ངོར་རྒྱལ་བ་རིགས་ལྔའི་སངས་རྒྱས་ཡིན་པ་ལ་ཡིན་པར་དབང་དུས་སུ་ངོ་སྤྲད་ནས། དེ་འདོད་ཡོན་གྱིས་མཉེས་པར་མཆོད་པས་རྟེན་བདེ་བ་འཕེལ། དེས་བསྟན་པ་ཡེ་ཤེས་མངོན་དུ་འགྱུར་བ་ཡིན་པ་ལས། ཕུང་པོ་ཀུན་འབྱུང་གི་གཙོ་བོར་བཟུང་སྟེ། དགོས་པ་མེད་པར་རང་ལུས་མི་གཙང་བའོ་ཞེས་ངག་གིས་སྨད་ཅིང་། སེམས་ཀྱིས་དེ་ལྟར་བཟུང་ནས་བརྙས་པའམ་ཡན་ལག་གཅོད་པ་སོགས་ཀྱི་དཀའ་སྤྱད་ཀྱིས་ལུས་ལ་གདུང་བ་སྐྱེད་ན་རྩ་ལྟུང་སྟེ། གཞན་དུ་བཀའ་ལས་གསུང་པའི་སྨྱུང་གནས་སོགས་ནི་མ་གཏོགས་སོ། །དེས་ན་དོན་མེད་པར་ལུས་ལ་བརྙས་པ་སོགས་མི་བྱའོ། །དགུ་པ་ནི། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རང་བཞིན་རྣམ་པར་དག་པས་དབྱེར་མི་ཕྱེད་པའི་ཟུང་འཇུག་འོད་གསལ་བྱང་ཆུབ་ཀྱི་སེམས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གནས་ལུགས་སུ་ཀུན་གྱི་སྙིང་ལ་བཞུགས་པར་བཤད་པ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟ་བུ་ལ། ལམ་ལ་དཀྲི་བའི་ཆེད་དུ་སྤྲོ་བ་བསྐྱེད་པ་ཙམ་ལས་དོན་ལ་དེ་ལྟར་ག་ལ་ཡིན་མི་འཐད་དོ་སྙམ་དུ་ཐེ་ཚོམ་མམ་སོམ་ཉི་ཟ་བས་ཡིད་མ་ཆེས་ཏེ་མ་དད་ན་རྩ་ལྟུང་དུ་འགྱུར་བས། ཆོས་ཉིད་དག་མཉམ་ཆེན་པོ་ལ་ཡིད་ཆེས་ཀྱིས་སྤྲོ་ཞིང་གུས་པར་བྱའོ། །བཅུ་པ་ནི། ཇི་སྐད་དུ། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོང་དང་ཡོངས་ལ་འཚེ། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླངས། །ཞེས་སྔགས་སྔ་འགྱུར་གྱི་གཞུང་དུ་གསུངས་པ་བཞིན། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་སྐབས་བཙལ་ཞིང་གནོད་པར་བྱེད་པའི་དཀོན་མཆོག་གསུམ་གྱི་སྐུ་དགྲ་དང་། ཁྱད་པར་བླ་མའི་སྐུ་ལ་བདོ་བའི་དགྲ་བོ་དང་། སྔགས་ཀྱི་དམ་ཚིག་ཉམས་ནས་གསོ་བར་མི་བྱེད་པ་དང་། སྔགས་ཀྱི་ཐེག་པར་ཞུགས་པ་ལས་ཕྱིར་ལོག་སྟེ་སྤོང་བ་དང་། བླ་མ་དང་མཆེད་ལ་ཞེ་སྡང་བས་འཁུ་བ་དང་། སྔགས་སྤྱོད་ལ་འདུ་བར་མི་དབང་བཞིན་དུ་རྐུ་ཐབས་ཀྱིས་འདུས་པའི་ནང་དུ་འོང་བ་དང་། སེམས་ཅན་ཡོངས་ལ་གནོད་པའི་ལས་བྱེད་པ་དང་། དམ་ཚིག་དང་ལྡན་པའི་དགྲར་གྱུར་པ་དང་། མི་དགེ་བའི་ལས་འབའ་ཞིག་ལ་འཇུག་པའི་སྤྱོད་པ་ངན་པའི་ངང་ཚུལ་ཅན་ཏེ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དགུ། སྡུག་བསྔལ་དངོས་ལ་སྤྱོད་པ་ངན་སོང་གསུམ་པོ་གཅིག་ཏུ་བསྡོམས་པས་བཅུ་སྟེ། དེ་ལྟར་བསྒྲལ་བའི་ཞིང་བཅུ་དང་ལྡན་པ་དེ་དག་རྣམས་མངོན་སྤྱོད་དྲག་པོའི་སྟོབས་ཀྱིས་སྒྲོལ་བར་ནུས་པའི་རྫོང་འཕྲང་སོགས་གསུམ་གྱི་དགོངས་པའི་གདེང་ཚད་དང་ལྡན་བཞིན་དུ་ཡལ་བར་དོར་ནས་མི་སྒྲོལ་བ་དང་། དེ་ལས་ཀྱང་ཁྱད་པར་བླ་མ་དང་བསྟན་འགྲོར་འཚེ་བའི་གདུག་པ་ཅན་དེ་དག་ལ་ལོག་པའི་སྲེད་པས་རང་གི་མཛའ་བོར་བྱས་ནས་ཐ་མལ་པའི་བྱམས་པ་དང་ལྡན་པར་བྱེད་ན་རྩ་ལྟུང་སྟེ། དེ་དག་སྙིང་རྗེ་ཆེན་པོས་སྒྲོལ་ནུས་ན་བསྒྲལ། མ་ནུས་ཀྱང་མཛའ་བར་མི་བྱའོ། །སྤྱིར་བསྒྲལ་བ་ཞེས་པ་འདི་རྟོགས་པས་བདག་སྒྲོལ་ཞིང་ཐུགས་རྗེས་གཞན་བསྒྲལ་བ་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་འབྱོངས་ཤིང་། ལམ་རིམ་པ་གཉིས་རྟོགས་གོམས་བརྟན་པའི་གདེང་དང་ལྡན་པའི་རྣལ་འབྱོར་དམ་ཚིག་ཅན་གྱིས། བླ་མ་དང་བསྟན་འགྲོའི་དོན་ཁོ་ན་སྙིང་དབུས་སུ་གནས་པས། གོང་བཤད་ཀྱི་བསྒྲལ་བའི་ཞིང་བཅུའི་ཡུལ་ལ་མངོན་སྤྱོད་ཀྱི་ལས་རབ་འབྱམས་བརྩམས་པས་བསྟན་འགྲོའི་དཔལ་ཡོན་དུ་འགྱུར་བ་དང་། སྒྲོལ་ཡུལ་དེའི་གནས་སྐབས་ལས་ངན་གྱི་རྒྱུན་ཆད། མཐར་ཐུག་གསང་སྔགས་ཀྱི་ཐབས་ཟབ་མོས་རིག་འཛིན་གྱི་ས་ལ་དབུགས་དབྱུང་། དེ་ལྟ་བུའི་རྣལ་འབྱོར་པ་རང་ཉིད་ཀྱི་ཚོགས་རྫོགས་པ་ལམ་དུ་འགྱུར་གྱི། རང་དོན་ནམ་གཞན་དོན་ཉི་ཚེ་འགྲུབ་ཏུ་རེ་བས་ཆགས་སྡང་གི་ཀུན་སློང་དྲག་པོས་ཟན་གོང་གྲིས་གཏུབ་དང་། མེར་བསྲེགདོང་དུ་བྲུབ་པ་སོགས་ནི་སྡོམ་པ་གསུམ་གྱིས་མཚོན་རྒྱལ་བའི་བསྟན་པ་དང་འགལ་ཚབས་ཆེ་བས་ལམ་དུ་འགྱུར་བ་ལྟ་ཞོགགསང་སྔགས་ལོག་པར་སྒྲུབ་པའི་རྣམ་སྨིན་གྱི་ཁུར་ཆེན་པོར་འགྱུར་དོགས་ཆེ་བས་ད་ལྟའི་སྔགས་མཁན་ཀུན་གྱིས་དོན་གནད་ཀྱི་གོ་བ་རེ་བསླངས་ཏེ་གཏད་སོ་མ་འཆོལ་བ་ཞིག་མཛོད་ཅེས་ཞར་བྱུང་དུ་འཕྲོས་པ་ལགས། བཅུ་གཅིག་པ་ནི། མིང་སོགས་མཚན་མ་ཐམས་ཅད་དང་བྲལ་བའི་རང་བཞིན་དོན་དམ་བདེན་པ་དང་། དེ་རྟོགས་པའི་ཐབས་རྣམ་པར་མི་རྟོག་པའི་ལམ་ལ་ཐེ་ཚོམ་ཟ་བས་སོ་སོ་རང་རིག་པ་ལས་གཞན་དུ་ཚིག་ཙམ་ལ་རྟོན་པའི་རྟོག་གེའི་རིགས་པས་དངོས་པོའམ་དངོས་མེད་གང་རུང་དུ་སྒྲོ་འདོགས་པས་རྟོག་ཅིང་ཞེན་པར་བྱེད་པ་སྟེ། མགུར་ལས། ཆོས་ཉིད་ཚད་ནི་གཟུང་མི་བྱ། །ཞེས་པ་ལྟར། ལྟར་སྣང་རྟོག་གེའི་རིགས་པས་རང་བཞིན་དོན་དམ་བདེན་པ་ལ་ཡོད་མེད་ཡིན་མིན་ལ་སོགས་སྒྲོ་སྐུར་སྤངས་ཏེ། མཐའ་བྲལ་མཉམ་པ་ཆེན་པོ་ལ་ཡིད་ཆེས་དད་མོས་ཀྱིས་དོན་ལ་རྟོན་པར་བྱའོ། །བཅུ་གཉིས་པ་ནི། བླ་མ་དང་དཀོན་མཆོག་གི་ཡོན་ཏན་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་རྣམ་གསུམ་དང་ལྡན་པའི་སེམས་ཅན་ཆོས་འདོད་ཅིང་སྦྱིན་དུ་རུང་བ་ལ་མི་སྟེར་བ་ལྟ་བུ་དེའི་དོན་བྱེད་ནུས་ཀྱང་མི་བྱེད་པས་སམ། དེའི་སེམས་དང་འགལ་བ་མི་བསྲུང་བར་མི་དད་པ་སྐྱེས་པར་རིགས་པའི་སྤྱོད་པ་བསྟེན་པ་དང་། ཆགས་སྡང་གི་སྐྱོན་བརྗོད་པའམ་གཡོ་སྒྱུས་བསླུས་ཀྱང་རུང་སྟེ། དེ་ཉིད་ཀྱི་སེམས་སུན་ཕྱུང་ནས་དད་འདུན་ལོག་ན་རྩ་ལྟུང་སྟེ་དད་པ་ལྡན་པའི་སེམས་དང་མཐུན་པར་ཆོས་བསྟན་པ་དང་སེམས་ལ་རྨ་མི་འབྱིན་པར་བསྲུང་བ་ལ་འབད་པར་བྱའོ། །བཅུ་གསུམ་པ་ནི། སྔགས་ཀྱི་སྤྱོད་པའི་དུས་སུ་ཚོགས་འཁོར་དང་དཔའ་བོ་དཔའ་མོའི་སྟོན་མོ་ཡིན་ཀྱང་རུང་སྟེ། དེ་དང་དེའི་ཚེ་བསྟེན་པ་སྐབས་སུ་བབས་པའི་དམ་ཚིག་གི་རྫས་རྡོར་དྲིལ་དང་གོས་རྒྱན་སོགས་ཡོ་བྱད་དང་། ཕྱི་ནང་གི་ཤ་ལྔ་བདུད་རྩི་ལྔ་ཆང་སོགས་བཟའ་བཏུང་གི་ལོངས་སྤྱོད་དང་། བྲོ་གར་གླུ་ཚིག་རིག་མ་སོགས་སྤྱོད་པ་དུས་ཚོད་དང་འབྲེལ་ཀྱང་། ཉན་ཐོས་ཀྱི་བརྟུལ་ཞུགས་ལ་འཆེལ་བ་ལ་སོགས་པས་ཐེ་ཚོམ་ཟ་བའམ། མི་གཙང་བ་དང་ཉེས་དམིགས་ཀྱི་བསམ་པས་མི་བསྟེན་ཅིང་སྤངས་ན་རྩ་ལྟུང་སྟེ། འདི་དག་ལ་གསང་སྔགས་ཐབས་ཀྱི་ཆེ་བའི་ཡོན་ཏན་གྱི་ཁྱད་པར་ཟབ་མོ་ཤེས་པས་ཡིད་ཆེས་ཤིང་དང་དུ་བླང་བར་བྱའོ། །བཅུ་བཞི་པ་ནི། ཡུལ་བུད་མེད་གཅིག་གམ་དུ་མའང་རུང་། རིགས་འདེད་པའི་སྒོ་ནས་སྤྱི་དང་། བྱེ་བྲག་སྤྱོད་པའི་དུས་ཡིན་ན་རང་གིས་བསྟེན་བྱར་གྱུར་པའི་བུད་མེད་ཤེས་རབ་ཨེ་ཡི་རང་བཞིན་ཅན་དེ་དག་ལ་ངོས་སམ་ལྐོག་ཀྱང་རུང་། ཞེ་ཐག་པ་ནས་ངན་པའོ་ཞེས་སྨོད་ཚིག་རྗོད་པར་བྱེད་པ་གཞན་གྱིས་ཐོས་ན་རྩ་ལྟུང་སྟེ། འདིའང་ཡུལ་བུད་མེད་ཀྱི་རྟེན་ཅན་ཡིན་ནོ་ཅོག་ཐམས་ཅད་དེ། དེས་ན་དེ་དག་ལ་སྙིང་ནས་སྨད་པར་མི་བྱ་ཞིང་དབང་གི་རྟེན་ལམ་སྒྲུབ་པའི་གྲོགས་ཁྱད་པར་བ་ཡིན་པ་སོགས་ཀྱིས་སོ། །འདི་དག་ནི་རྩ་ལྟུང་བཅུ་བཞི་པོ་སྟེ། འདི་བཅུ་བཞི་པོར་ནི་མཱུ་ལ་པཏྟིའི་སྒྲ་ལས་དྲངས་ན་རྩ་བའི་ལྟུང་བ་ཞེས་གོང་སྨོས་ལྟར་ཁེ་ཆེ་ལ་ཉེན་ཆེ་བས་སྔགས་པ་ཐམས་ཅད་ཀྱིས་ཤེས་པར་བྱ་བའི་གནད་གལ་པོ་ཆེ་ཡིན་པས་འདིར་ཡང་ཅུང་ཟད་སྤྲོས་ཏེ་འགྲེལ་བ་ཡིན་ལ། གཞུང་རྒྱས་པ་གཞན་དང་། ཐམས་ཅད་མཁྱེན་པ་ཞྭ་དམར་དྲུག་པའི་སྡོམ་པ་ཉེར་ལྔ་པར་ལས་དང་པོ་པས་གོ་སླ་བའི་ཚུལ་དུ་བཤད་པར་མཛད་པས། དེ་དག་ལ་སོགས་པར་ཡང་མཇལ་བས་གོ་བ་བླངས་ཏེ་སྤང་བླང་ལ་གཅིག་ཏུ་འབད་པ་བསྐྱེད་དོ། ། གཉིས་པ་སྦོམ་པོ་བརྒྱད་བཤད་པ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། ཡན་ལག་སྦོམ་པོའི་ལྟུང་བ་ནི། །ཞེས་པ་སྟེ། སྔར་བཤད་པའི་རྩ་ལྟུང་གི་རྗེས་སུ་མཐུན་པས་ཡན་ལག་དང་། སྡོམ་པ་གཏོང་བྱེད་ཀྱི་རྒྱུ་དངོས་མ་ཡིན་ཀྱང་། དངོས་གྲུབ་འབྱུང་བ་ལ་གེགས་བྱེད་པས་ཉེས་པ་ལྕི་བས་སྦོམ་པོ་ཞེས་བྱ་སྟེ། དཔེར་ན་ཤིང་གི་ཡལ་ག་རགས་པ་ཆད་ན་སྡོང་པོ་ལ་སྐྱོན་འབྱུང་བ་བཞིན་ནོ། །གཉིས་པ་ལ་གཉིས། སློབ་དཔོན་དཔའ་བོའི་རྗེས་སུ་འབྲང་བའི་སྦོམ་པོ་བརྒྱད་བཤད་པ་དང་། སློབ་དཔོན་བྷཱ་བི་པའི་རྗེས་སུ་འབྲང་བའི་སྦོམ་པོ་དགུ་རྣམ་གྲངས་སུ་བཀོད་པའོ། །དང་པོ་ལ་གཉིས། སྦོམ་པོ་དངོས་བཤད་པ་དང་། དེ་དག་ཚིག་ཉེར་གཉིས་སུ་འགྱུར་ཚུལ་བཤད་པའོ། །དང་པོ་ནི། དབང་སོགས་ཚིགས་བཅད་གསུམ་སྟེ། །དབང་གིས་རྒྱུད་མ་སྨིན་པ་དང་དམ་ཚིག་དང་མི་ལྡན་པའི་རིག་མ་བསྟེན་པར་བྱེད་པ་དང་། ཆོས་ཀྱི་འཁོར་ལོ་དངོས་དང་རྗེས་མཐུན་པའི་སྐབས་སུ་བླ་མ་དང་མཆེད་ལ་ཀུ་རེ་སོགས་ལུས་ངག་གིས་རྩོད་པ་དང་། རྒྱུད་ནས་མ་གསུངས་ཤིང་སྨད་པའི་རིག་མ་མཚན་ཉིད་མི་ལྡན་པ་ལས་དབང་དང་རིལ་བུ་སོགས་ཀྱི་ཆེད་དུ་དམ་ཚིག་རྫས་བདུད་རྩི་བླངས་པ་དང་། །གསང་སྔགས་ཀྱི་སྣོད་དང་ལྡན་ཞིང་དོན་གཉེར་ཅན་གྱི་སློབ་མ་ལ་གསང་སྔགས་ཀྱི་ཆོས་དཔེ་མཁྱུད་ཀྱིས་མི་བསྟན་པ་དང་། དད་པ་དང་ལྡན་པས་ཆོས་དོན་གཉེར་གྱིས་ཆོས་དོན་དྲི་བ་ལ་ཆོས་དེ་མི་བཤད་པར་ཀྱལ་ཀ་ཀུ་རེའི་ཚིག་བྲེ་མོའི་གཏམ་སྨྲས་པས་དོན་མེད་པར་སྤུར་བར་བྱེད་པ་དང་། སྔགས་ཀྱི་ལྟ་སྤྱོད་ལ་སྐུར་པ་འདེབས་པའི་ཉན་ཐོས་རང་རྒྱུད་པ་དང་། དེ་དང་འདྲ་བའི་ནང་དུ་ཞག་བདུན་ལོན་པར་བསྡད་པ་དང་། རྣལ་འབྱོར་པ་རང་ཉིད་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་མི་ལྡན་པར་བསྐྱེད་རིམ་སོགས་ཅུང་ཟད་ཤེས་པ་ཙམ་གྱིས་དེ་ལ་སྔགས་ཀྱི་རྡོ་རྗེ་འཛིན་པ་ཡིན་པར་རློམ་པ་དང་། ཚོགས་བཤད་ཐུན་མོང་ཙམ་ལས་སློབ་བཤད་ཐུན་མིན་བསྟན་པའི་སྣོད་མ་ཡིན་པའམ། གདུལ་བའི་དུས་མ་ཡིན་པར་གསང་བའི་ཆོས་ཟབ་མོ་བསྟན་པ་སྟེ་འདི་དག་ནི་ཡན་ལག་གི་སྦོམ་པོ་བརྒྱད་དུ་འཇིགས་བྲལ་གྱི་སློབ་དཔོན་དཔའ་བོས་བསྟན་པ་ལྟར་ཀུན་མཁྱེན་རང་བྱུང་རྡོ་རྗེས་ཀྱང་དམ་ཚིག་རྒྱ་མཚོའི་གཞུང་ལས་བཞེད་ཅིང་འདོད་པའོ། །གཉིས་པ་ནི། རྩ་བ་སོགས་རྐང་པ་གཉིས་སྟེ། རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་སྦོམ་པོ་བརྒྱད་དང་བཅས་པ་བསྡོམས་པས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པ་རྣམས་ཀྱིས་བསྲུང་བྱ་སྙིང་པོ་བསྡུས་པའི་དམ་ཚིག་ཉེར་གཉིས་སུ་འགྱུར་བར་རྒྱུད་དང་གྲུབ་པའི་སློབ་དཔོན་རྣམས་ཀྱིས་བཞེད་དོ། །གཉིས་པ་སློབ་དཔོན་བྷཱ་བི་པའི་རྗེས་འབྲང་སྦོམ་པོ་དགུ་རྣམ་གྲངས་སུ་སྨོས་པ་ནི། གཞན་ཡང་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་་སྟེ། རྣམ་གྲངས་བཞེད་པ་གཞན་ཡང་། སྤྱིར་སྔགས་ཀྱི་སྣོད་དང་ལྡན་ཀྱང་ཕྱིའི་ཆོས་ལ་མོས་པ་ཆེ་བའི་རིགས་ལ་དགོས་པ་མེད་པར་ལུས་ཀྱི་ཕྱག་རྒྱ་འཕྲུལ་འཁོར་སོགས་སྟོན་པ་དང་། ལྷའི་བསྙེན་པ་ཚད་ལྡན་སོགས་དག་པར་མ་བྱས་པར་དབང་བསྐུར་བ་དང་། རབ་གནས་སྦྱིན་བསྲེགགཏོར་མ་སོགས་ལས་རབ་འབྱམས་ལ་འཇུག་པ་དང་། ཆང་བཏུང་བ་དང་། ཕྱི་དྲོའི་ཁ་ཟས་ཟ་བ་ལྟ་བུ་སོགས་སྡོམ་པ་འོག་མ་སོ་བྱང་གཉིས་ཀྱི་བཅས་པའམ་བསླབ་པ་ལ་དགོས་པ་མེད་བཞིན་དུ་འདའ་བར་བྱེད་པ་དང་བཅས་པའི་གསུམ་པོ་འདི་དག །སློབ་དཔོན་བྷཱ་བིའི་རྗེས་སུ་འབྲངས་ཏེ་རྗེ་བཙུན་གྲགས་པའི་རྩ་ལྟུང་འཁྲུལ་སྤོང་ལས་རིམ་པར་སྦོམ་པོ་བདུན་པ་དང་བརྒྱད་པ། །དགུ་པའི་ལྟུང་བ་ཉིད་དུ་འགྱུར་བར་བཤད་དོ། ། གཉིས་པ་བསྲུང་བའི་ཐབས་བཤད་པ་ནི། འདི་དག་སོགས་རྐང་པ་གསུམ་སྟེ། གོང་དུ་བཤད་པའི་དམ་ཚིག་དང་སྡོམ་པ་འདི་དག་ཚུལ་ཇི་ལྟར་བསྲུང་ན། དེ་དག་འབྱུང་བའི་རྒྱུའང་། སྡོམ་འབྱུང་ལས། མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་དང་། །བརྗེད་ངེས་དྲན་པ་མི་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །ཞེས་གསུངས་པ་ལྟར་རྒྱུ་སྤང་བ་ལ་བརྩོན་ན་འབྲས་བུ་ཤུགས་ཀྱིས་ཁེགས་པ་ཡིན་ཞིང་། དེ་ལ་རང་རྒྱུད་ལ་ཉེས་པ་བྱུང་མ་བྱུང་བརྟགས་པའི་ཤེས་བཞིན་དང་། མི་འབྱུང་བའི་ཐབས་ལ་འབད་པའི་བག་ཡོད་པ་འདི་དག་མེད་ཐབས་མེད་དེ། ཞི་བ་ལྷས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་གསུངས་པ་ལྟར་ཅིས་ཀྱང་གལ་ཆེ་བ་དང་། ཁྱད་པར་བྱང་ཆུབ་མཆོག་གི་རྒྱུར་འགྱུར་བའི་བསླབ་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་ཐམས་ཅད་མིག་དང་སྙིང་ལས་གཅེས་པའི་འདུ་ཤེས་ཀྱིས་སྙིང་ནས་གུས་ཤིང་དང་བའི་བློས་འཛིན་པ་དང་། རང་རྒྱུད་ལ་ཉོན་མོངས་པ་རྣམས་སྟོབས་གང་ཆེ་བརྟགས་ཤིང་དཔྱད་ལ་དེ་དང་དེའི་གཉེན་པོར་འགྱུར་བ་རྣམས་ཕན་ཚུན་གཡུལ་སྤྲད་དེ་སྤང་བྱ་ཕམ་གྱི་བར་དུ་སྒོ་གསུམ་གཡེལ་བ་མེད་པར་འབད་དེ་བསྲུང་ངོ་། ། ༥སྐྱེ་བའི་རྟེན། ལྔ་པ་སྐྱེ་བའི་རྟེན་ནི། སྐྱེ་བའི་སོགས་རྐང་པ་གཉིས་ཏེ། སྔགས་སྡོམ་སྐྱེ་བའི་རྟེན་ནི་དེ་ཉིད་ལ་མོས་འདུན་བཟློག་ཏུ་མེད་པ་ཞིག་ཡོད་ཕྱིན། ཚོགས་རྫོགས་པ་སོགས་ལ་མ་ལྟོས་པར་ལྷ་ཀླུ་དང་། མཚམས་མེད་ལྔ་བྱེད་པ་ལའང་སྐྱེ་ན་གཞན་དང་ལྡན་ལ་ལྟ་ཅི་སྨོས་པའི་གཙོ་བོར་ཁམས་དྲུག་ལྡན་པ་མི་ཡི་འགྲོ་བ་ཐམས་ཅད་ཀུན་ལ་སྐྱེ་བ་སྟེ། དེའང་མཚོན་རྟུལ་པོས་ཤིང་སྡོང་ཆོད་པ་ལ་ཡུན་རིང་དུ་ཐོགས་པ་དེ་མཚོན་རྣོན་པོས་སྐད་ཅིག་ལ་ཆོད་པ་ལྟར་མཚན་ཉིད་ཐེག་པར་ཚེ་རབས་མང་པོར་ཚོགས་བསགས་ནས་འབྲས་བུ་སྒྲུབ་དགོས་པ་དེ་སྔགས་ཀྱི་ཐེག་པ་འདིར་སྔོན་བསགས་ལ་མ་ལྟོས་པར་མ་ཟད་ཐེག་པ་ཐུན་མོང་དུ་སྤངས་པའི་གདུལ་བྱ་མཚམས་མེད་སོགས་སྡིག་པ་རྔམ་པོ་ཆེ་ལ་སྤྱོད་པ་ཞིག་ཡིན་ཀྱང་། དབང་རྣོན་སེམས་སྟོབས་ཆེན་པོས་སྔགས་ལམ་གྱིས་སྐྱེ་བ་འདི་ལ་སངས་རྒྱས་འགྲུབ་པ་ཡིན་ཏེ། ཐབས་ཟབ་ཅིང་མང་བའི་གནད་ཀྱིས་སོ། །ལྷ་ཀླུའི་རྟེན་ལ་སྐྱེ་བ་ཡང་རྒྱུད་སྡེ་དུ་མར་ལོ་རྒྱུས་དང་བཅས་ནས་གསུངས་སོ། ། ༦གཏོང་བའི་རྒྱུ། དྲུག་པ་གཏོང་བའི་རྒྱུ་ནི། གཏོང་བའི་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། སྔགས་སྡོམ་གཏོང་བའི་རྒྱུ་ནི་གོང་དུ་བཤད་པའི་རྩ་བའི་ལྟུང་བ་རྣམས་ཀུན་སློང་ཁོང་ཁྲོ་བ་སོགས་ཉོན་མོངས་པ་དྲག་པོས་བྱས་པ་དང་། ཡུལ་གང་ལ་སྦྱོར་བ་དེ་བྱས་ན་དམ་ཚིག་དང་འགལ་བ་ཡིན་པ་དེ་ལ་དེར་ཤེས་ཤིང་། ལུས་ཀྱི་སྒོ་ནས་མཚོན་བླངས་པ་དང་། ངག་གིས་སོད་ཅིག་ལྟ་བུའི་སྦྱོར་བ་བྱས་པ་དང་། བར་དུ་སྦྱོར་བ་དེ་ཐལ་ནས་དངོས་གཞིར་གྲུབ་པ་དང་། འདུ་ཤེས་སྨྱོ་བ་སོགས་མ་ཡིན་པར་མ་འཁྲུལ་བས་སྤྱད་པ་དང་། དེ་ལ་རྗེས་སུ་ཡི་རངས་ཏེ་འགྱོད་སེམས་མེད་པ་དང་། རང་དུས་ཀྱི་བཤགས་ཚད་འགལ་ཉམས་རལ་པ་ལས་འདས་པ་སྟེ་ཡན་ལག་བདུན་ཚང་བར་ལྡན་པ་ལ་གསང་སྔགས་ཀྱི་སྡོམ་པ་གཏོང་པའམ་ཉམས་པས་ཤིན་ཏུ་ལྕི་ཞིང་མི་མཐུན་ཕྱོགས་ཀྱིས་གཉེན་པོ་མཐུ་མེད་པར་བཅོམ་པས་ཕམ་པ་ཞེས་བརྗོད་དོ། །དེའང་ཉིན་ཞག་དྲུག་ཆ་ལས་འདས་ན་ཐུན་འདས་དང་། ཞག་གཅིག་ཚུན་འགལ་བ། ཟླ་གཅིག་ཚུན་ཉམས་པ། ལོ་གཅིག་ཚུན་འདས་པ། ལོ་གཉིས་སམ་དེ་ལས་ལོ་གསུམ་ཚུན་རལ་བ་ཞེས་གསོར་མི་རུང་སྟེ་རྡོ་རྗེ་དམྱལ་མེ་ཆེན་པོའི་བུད་ཤིང་ངོ་། །དངོས་གཞི་མ་ཚང་བར་བཤགས་ཚད་ལས་འདས་ན་ལྟུང་བ་ཞེས་བརྗོད་དེ་སོ་ཐར་གྱི་ལྷག་མ་དང་འདྲ་བར་ཕམ་པའི་འོག་ཏུ་ལྕི་བ་དང་། དེ་བཞིན་དུ་རིམ་གྱིས་དམན་ན་སྟེ། ཡན་ལག་བདུན་གྱི་ནང་ནས་སྔ་མ་གསུམ་ཚང་བ་སྦོམ་པོ། གཉིས་ཚང་བ་ལྟུང་བྱེད། ཕྱོགས་མཐུན་གྱི་ཀུན་སློང་ཙམ་བྱས་པ་ཉེས་བྱས་དང་འདྲ་ཞིང་། གལ་ཏེ་རྡོ་རྗེ་སྤུན་ལ་ཕན་སེམས་ཀྱིས་ཁྲོས་པ་ལྟ་བུ་ནི་ལྟུང་བའི་གཟུགས་བརྙན་ཏེ་དོན་ལ་ལྟུང་མེད་ཉིད་ཡིན་པར་ཤེས་པར་བྱའོ། །གཞན་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ན་དང་དབང་ཉམས་བྱ་བ་ནི། །གཞན་གྱི་དོན་དང་དོན་ཆེན་དང་། །སྐྱེ་མེད་བརྟན་དང་དགོས་ལྡན་དང་། །ནུས་པ་རྙེད་དང་གནང་བ་དང་། །བཀའ་བསྒོ་བ་དང་བར་ཆད་ལས། །ཉེས་པ་མེད་པར་ཤེས་པར་བྱ། །ཞེས་གསུངས་པའི་གནས་སྐབས་མ་གཏོགས་སྲོག་གི་ཕྱིར་ཡང་དགོས་མེད་ལས་འདའ་བར་མི་བཟོད་པའོ། ། ༧ཉམས་ན་ཕྱིར་བཅོས་ཚུལ། བདུན་པ་ཉམས་ན་ཕྱིར་བཅོས་ཚུལ་ལ་གཉིས། བསྟན་པ། བཤད་པའོ། །དང་པོ་ནི། གལ་ཏེ་ཉམས་ན་གསོ་བའི་ཐབས། །ཞེས་པ་སྟེ། གལ་ཏེ་ལས་དང་རྐྱེན་དབང་གིས་ཉམས་ན་དུས་ལས་མ་འདས་པར་བཤགས་ཤིང་གསོ་དགོས་ཏེ་དེའི་ཚུལ་ལམ་ཐབས་ནི་ཞེས་པའོ། །གཉིས་པ་ལ་གཉིས། ཕྱིར་བཅོས་དངོས་བཤད་པ། ཞར་བྱུང་ཉམས་པའི་ཉེས་དམིགས་བཤད་པའོ། །དང་པོ་ནི། དབང་བསྐུར་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ། གསང་སྔགས་ཀྱི་དམ་ཚིག་ཉམས་པ། གསོ་བའམ་བཤགས་པའི་ཐབས་སུ་གྱུར་པ་རྒྱུད་ལུང་མན་ངག་ནས་དུ་མ་གསུངས་པ་དང་། རྩ་བ་དང་ཡན་ལགདབང་བཞི་སོ་སོའི་ཉམས་པ་གསོ་བའི་གཉེན་པོར་གསུངས་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་ཏེ་འདིར་ཕྱོགས་གཅིག་ཏུ་བསྟན་པ་སྟེ། དེའང་གསང་སྔགས་ཀྱི་ལྷའི་དཀྱིལ་འཁོར་དུ་ཞུགས་ཤིང་བླ་མ་ལས་དབང་བཞི་བསྐུར་བ་རྫོགས་པར་མནོས་པའམ། བདག་ཉིད་འཇུག་པའི་དབང་བཞི་ཡང་ཡང་ལེན། ཞི་བའི་སྲེག་བླུགས་སྤྱི་དང་། བྱེ་བྲག་རྡོ་རྗེ་མཁའ་འགྲོའི་སྤྱིན་སྲེག་གི་མེ་ལ་སྦྱངས་པ་དང་། དཀྱིལ་འཁོར་གྱི་ལྷ་གྲངས་རེ་རེར་ཡང་རྩ་བའི་སྙིང་པོ་སོགས་ཀྱི་གསང་སྔགས་སུམ་ཁྲི་དྲུག་སྟོང་རེ་ལ་སོགས་པ་རང་གི་ལྷག་ལྷའི་གསང་སྔགས་བཟླ་བ་དང་། རྟེན་ནམ་ཚོགས་ཀྱི་ཞིང་དུ་མཎྜལ་འབུལ་བ་དང་། ཚོགས་ཀྱི་འཁོར་ལོ་དངོས་སམ་དཔའ་བོ་དཔའ་མོའི་སྟོན་མོ་བྱ་བ་དང་། འདས་མ་འདས་ཀྱི་གཏོར་མ་གཏོང་བ་དང་། གསང་སྔགས་རྙིང་མ་ལ་གྲགས་པའི་ན་རག་དོང་སྤྲུགས་ཀྱི་མན་ངག་ལྟར། ཕྱི་ཡོ་བྱད་ཚོགས་ཀྱི། ནང་ཕུང་པོ་རྟེན་གྱི། གསང་བ་བྱང་ཆུབ་སེམས་ཀྱི་སྐོང་བཤགས་ཉ་སྟོང་བརྒྱད་ལ་བྱ་བ་དང་། མཆོད་རྟེན་ནམ་སཱཙྪ་གདབ་པ་དང་། ཉེའུ་འདོན་སོགས་འཆི་ངེས་པའི་སྲོག་བླུ་བྱ་བ་དང་། རྡོ་རྗེ་སེམས་དཔའི་བདུད་རྩི་འབེབས་སྤྱོང་གི་དམིགས་པ་དང་བཅས་ཡི་གེ་བརྒྱ་པ་བཟླ་བ་དང་། བླ་མའི་རྣལ་འབྱོར་ཟབ་མོ་བསྒོམ་སྟེ་ལམ་དུས་ཀྱི་དབང་བཞི་ལེན་ཅིང་ཡིད་བཟླས་བྱ་བ་དང་། དུས་དྲུག་ཏུ་ཕུང་པོ་གསུམ་པའི་མདོ་འདོན་པ་དང་། དབེན་པའི་གནས་སུ་ལྷའི་བསྐྱེད་རིམ་ཟབ་མོ་དང་། མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་ཟབ་མོ་བསྒོམ་པ་རྣམས་འགལ་ཉམས་འདས་རལ་གྱི་ཚད་དང་སྦྱར་ཏེ་རིམ་པས་དཔུང་བསྐྱེད་དེ་སྦྱང་བས་དག་ཚངས་སུ་འགྱུར་ཞིང་། ཚད་དང་སྦྱར་བའང་ཇི་སྐད་དུ། འགལ་ན་ཚོགས་ཀྱི་འཁོར་ལོས་བཤགས། །ཉམས་ན་རང་གི་བདོག་པས་བསྐང་། །འདས་ན་བུ་དང་ཆུང་མ་དང་། །ཉེ་འཁོར་ལུས་དང་ངག་དག་དང་། །ཡིད་དང་བདོག་པར་བཅས་པས་བསྐང་། །རལ་ན་རང་གི་སྲོག་གིས་བསྐང་། །ཞེས་གསུངས་པས་གོང་བཤད་ཀྱི་གཉེན་པོ་རྣམས་ཀྱང་དེའི་རིགས་པས་ཆ་ནས་བསྐྱེད་དེ་ཉམས་པ་ཆེ་ཆུང་དང་དཔག་སྟེ་བརྩོན་པ་ཆེན་པོས་སྤྱད་པར་བྱའོ། །གཉིས་པ་ནི། འདས་ན་སོགས་རྐང་པ་གཉིས་ཏེ། གལ་ཏེ་རྩ་བའི་དམ་ཚིག་དང་འགལ་ཞིང་བཤགས་ཚད་ལས་འདས་ཏེ་མ་བཤགས་ན་ཕྱི་མ་རྡོ་རྗེ་དམྱལ་བ་ཞེས་བྱ་བ་དམྱལ་ཆེན་འབུམ་ཕྲག་གཅིག་གི་སྡུག་བསྔལ་ལས་ཀྱང་ཆེས་ཤིན་ཏུ་སྡུག་བསྔལ་བ་དེར་སྐྱེས་ནས་བསྐལ་པ་ཐེར་འབུམ་མང་པོར་ཐར་པའི་གོ་སྐབས་མེད་པས་མཚོན། ཚེ་འདིར་ཡང་ལུས་སེམས་ལ་མི་འདོད་པ་ཐམས་ཅད་ཐོག་ཏུ་འབབ་ཅིང་། རང་ཉིད་ཉམས་པར་མ་ཟད་གཞན་ལའང་ཟླས་ཉམས་ཀྱི་ཉེས་པས་འགོ་སྟེ་མ་རུངས་པར་འགྱུར་བ་ལ་སོགས་ཚུལ་མིན་ཡིད་དུ་མི་འོང་བའི་སྡུག་བསྔལ་བསམ་པའི་ཡུལ་ལས་འདས་པ་མྱོང་བར་འགྱུར་རོ། ། ༨བསྲུང་བའི་ཕན་ཡོན། བརྒྱད་པ་བསྲུང་བའི་ཕན་ཡོན་ནི། མ་ཉམས་སོགས་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཏེ། དམ་ཚིག་ལས་མ་ཉམས་ན་ཆེས་ཤིན་ཏུ་རིང་མཐར་བཟུང་ན་སྐྱེ་བ་བརྒྱད་དམ་བཅུ་དྲུག་ཉིད་དམ་བདུན་ནས་འབྲས་བུ་ཐོབ་ཅིང་། གལ་ཏེ་དམ་ཚིག་རྣམ་པར་དག་ཅིང་ལམ་རིམ་པ་གཉིས་ལ་འབད་དེ་བརྩོན་པས་ཞུགས་པ་དགདབང་རྣོན་མྱུར་བ་རྣམས་ཚེ་གཅིག་ལུས་གཅིག་འདིར་འབྲས་བུ་ཐོབ་པའམ། དབང་འབྲིང་དཔེའི་ཡེ་ཤེས་མངོན་དུ་གྱུར་པ་ཞིག་ཡིན་ན་འཆི་ཁར་དོན་གྱི་འོད་གསལ་མངོན་དུ་བྱས་ནས་བར་དོའི་སྐབས་སུ་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བ་དང་། དབང་རྟུལ་བར་དོ་ནས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བ་དང་། གཞན་ཡང་ཐུན་མོང་གི་དངོས་གྲུབ་དབང་། མངོན་སྤྱོད། དགྲ་སྡེ་འཇིག་པ། བསད་པ། བསྐྲད་པ། དགུག་པ། ཞི་བ། རྒྱས་པ་སྟེ་ལས་ཆེན་བརྒྱད་དང་། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་གྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །ཞེས་པ་ལྟར་གྲུབ་ཆེན་བརྒྱད་དང་། ཇི་སྐད་དུ། གཟུགས་ཕྲ་རེག་པ་ཡང་བ་དང། །ཁྱབ་དང་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བརྟན་པ། །དབང་ཕྱུག་ཉིད་དུ་འདོད་རྒུར་བསྒྱུར། །ཞེས་པའི་དབང་ཕྱུག་གི་ཡོན་ཏན་བརྒྱད་དེ་ཐུན་མོང་གི་ཡོན་ཏན་འདི་དག་བསྐྱེད་རིམ་ཁོ་ནས་ཀྱང་འགྲུབ་ནུས་པ་སོགས་རྒྱས་པར་གཞུང་གཞན་དུ་གསལ་ཞིང་། ཐུན་མིན་མཆོག་གི་དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་ཁྱབ་བདག་རྡོ་རྗེ་འཆང་གི་གོ་འཕང་རྣམས་ཡིད་ལ་བསམ་པ་ཙམ་གྱིས་དཀའ་ཚེགས་མེད་པར་འགྲུབ་པར་འགྱུར་བ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཟབ་མོ་སྟེ་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་ནོ། །འདི་དག་མདོར་བསྡུས་ནས་བཤད་ཟིན་གྱི་རྒྱས་པར་རྒྱུད་གཞུང་དགོངས་འགྲེལ་ཟབ་མོ་གཞན་དུ་བལྟའོ། ། སྐབས་བསྡུ་བ་ནི། ཞེས་སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པ་ལས། གསང་སྔགས་རྡོ་རྗེ་ཐེག་པའི་སྡོམ་པའི་སྐབས་ཏེ་གསུམ་པ་མདོར་བསྡུས་བཤད་ཟིན་ཏོ།། །། རྩ་བའི་གསུམ་པ་སྡོམ་པ་གསུམ་མཐའ་དཔྱད་པའི་སྒོ་ནས་འབྲས་བུ་ཐོབ་ཚུལ་བཅས་བཤད་པ་ལ་གཉིས། དེ་གསུམ་གང་ཟག་གཅིག་གི་རྒྱུད་ལ་འགལ་མེད་དུ་ཉམས་སུ་ལེན་ཚུལ་རྒྱས་པར་བཤད། དེ་དོན་བསྡུ་བའི་སྒོ་ནས་འབྲས་བུ་ཐོབ་ཚུལ་བཅས་བཤད་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། ། དང་པོ་ནི། དེ་ལྟར་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་སྟེ། སྔར་ཇི་སྐད་བཤད་པ་དེ་ལྟ་བུའི་སོར་བྱང་སྔགས་ཀྱི་སྡོམ་པ་གསུམ་པོ་དེ་རིམ་པར་ནོད་པའི་གང་ཟག་གཅིག་གི་རྒྱུད་ལ་གོང་འོག་འགལ་བ་མེད་པར་གནད་གཅིག་ཏུ་ཉམས་སུ་བླངས་པ་ན་དེ་དག་ཇི་ལྟར་དུ་ལྡན་ཅེ་ན། སྤྱིར་ནི་འཕགས་བོད་གཉིས་སུ་བཞེད་སྲོལ་ཐ་དད་མང་དུ་མཆིས་པ་ལས། བོད་ཡུལ་འདིར་ཡང་སྡོམ་པ་གསུམ་པོ་ངོ་བོ་གནས་འགྱུར། རང་རང་གི་ལྡོག་པའི་ཆ་ཤས་མ་འདྲེས་པ། དུས་དང་གནས་སྐབས་གང་གཙོ་ཆེར་སྤྱད་པར་བྱ་བའི་རྣམ་བཞག་འདི་ནི། རོང་ཟོམ་ཆོས་བཟང་། ཀུན་མཁྱེན་ཀློང་ཆེན། ལོ་ཆེན་རིན་བཟང་། མངའ་རིས་ཀྱི་པཎྡི་ཏ་པདྨ་དབང་རྒྱལ། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི། ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་གསར་རྙིང་གྲགས་ཆེ་བའི་མཁས་གྲུབ་མང་པོ་རྗེས་འབྲང་དང་བཅས་པ་ཡིས་ལུང་རིགས་བཟང་པོའི་འཐད་པ་དང་བཅས་ཏེ་ཐུགས་གྱི་མནོག་ནོར་རམ་དགོངས་པའི་ཞེ་ཕུགས་གཅིག་པུ་ཉིད་ཡིན་ནོ། །གཉིས་པ་ལ་གསུམ། ངོ་བོ་གནས་འགྱུར། རང་ལྡོག་མ་འདྲེས། དུས་སྐབས་གང་གཙོར་སྤྱད་པ་བཅས་བཤད་པའོ། །དང་པོ་ནི། དེ་ཡང་སོགས་ཚིགས་བཅད་གཉིས་ཏེ། དེ་ཡང་ཉན་ཐོས་ལྟར་དམན་སེམས་ཀྱིས་བླངས་པའི་སོ་ཐར་རིས་བདུན་པོ་གཞན་གནོད་གཞི་དང་བཅས་པ་སྤངས་པའི་ལྡོག་ཆ་དེ་དུས་དེར་རམ། ཕྱིས་ཐེག་ཆེན་བྱང་ཆུབ་སེམས་བསྐྱེད་ཀྱིས་ཟིན་པ་ན། དམན་སེམས་བཏང་ཡང་རང་གི་ངོ་བོ་གཞན་གནོད་སྤངས་པའི་ལྡོག་ཆ་གཞན་ཕན་སྒྲུབ་པ་བྱང་སེམས་ཀྱི་སོ་སོར་ཐར་པའི་སྡོམ་པར་གནས་འགྱུར་ཏེ། དེ་གཉིས་ཀས་སྔགས་ཀྱི་དབང་ཐོབ་པ་ན་མཉམ་པ་ཆེན་པོའི་ཐབས་ཀྱིས་མ་ཟིན་པའི་ཐ་མལ་སྣང་ཞེན་གྱི་ལྡོག་ཆ་རེ་ཡོད་པ་དེ་བཏང་ནས་སྔགས་ཀྱི་སྡོམ་པར་གནས་འགྱུར་བ་སྟེ། སོ་ཐར་སྔགས་ཀྱི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། བྱང་སྡོམ་རྣམ་སྣང་གི་དམ་ཚིག་ཏུ་འགྱུར་བ་ཡིན་ནོ། །དོན་དུ་སོར་བྱང་སྔགས་གསུམ་གྱི་སྤོང་སེམས་གསུམ་པོ་དེ་སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མའི་སྡོམ་པའི་ངོ་བོར་གནས་འགྱུར་བ་ཡིན་ཏེ། ཇི་སྐད་དུ། རྡོ་ཡི་རིགས་ཀྱི་བྱེ་བྲག་ཞིག །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །ཞེས་རྒྱུད་འབུམ་ལྔའི་ལུང་གིས་གྲུབ་པའོ། །གཉིས་པ་ནི། འོན་ཀྱང་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་སྟེ། དེ་ལྟར་སྡོམ་པ་གསུམ་ངོ་བོ་གནས་འགྱུར་བ་ཡིན་ཏེ། འོན་ཀྱང་སྡོམ་པ་གསུམ་པོ་དེ་གང་ལས་བླངས་པའི་ཡུལ། གང་གིས་ལེན་པའི་བསམ་པ། ཇི་ལྟར་ལེན་པའི་ཆོ་ག་ཡང་ནི་ཐ་དད་ཡིན་པས་ཇི་སྲིད་དུ་བླངས་པའི་དུས་ཀྱང་སོ་སོར་ངེས་པའི་ཕྱིར། ངོ་བོ་གནས་འགྱུར་ཡང་ལྡོག་ཆ་ལ་གཞི་མཐུན་མི་སྲིད་པས་རང་རང་གི་ལྡོག་ཆ་མ་འདྲེས་པར་ཡོད་ཏེ། ཐོབ་ལ་མ་ཉམས་པར་སོ་སོར་གནས་པའི་ཕྱིར། དཔེར་མཚོན་ན་སུམ་ལྡན་གྱི་དགེ་སློང་ཞིག་སོ་སོར་ཐར་པ་ཡི་ལྡོག་ཆ་ཤི་བའི་ཚེ་ན་གཏོང་ཡང་། གོང་མ་བྱང་སྔགས་གཉིས་ཀྱི་ལྡོག་པ་དང་། དེའི་འབྲས་བུ་ཤི་ན་ཡང་མི་གཏོང་བར་འབྱུང་སྟེ། དཔེར་ན་། ལྕགས་ཀྱི་གོང་བུ་གསེར་དུ་འགྱུར་བ། ཕྱིས་དེ་མགུལ་རྒྱན་ལྟ་བུ་བྱས་ན་དབྱིབས་དང་ལྕི་ཡང་གི་ལྡོག་པ་གཏོང་ཡང་། ཁ་དོག་གི་ལྡོག་པ་མི་གཏོང་བ་བཞིན་དུ་བཞེད་དོ། །གསུམ་པ་ནི། བསྲུང་ན་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་སྟེ། སྡོམ་པ་གསུམ་པོ་དེ་བསྲུང་བའི་སྐབས་ན་ཚུལ་ཇི་ལྟར་དུ་བསྲུང་ཞེ་ན། སྤྱོད་པ་དུས་ཚོད་དང་འབྲེལ་བའི་ཚུལ་གྱིས་ཏེ། སོ་སོར་བསྲུང་བའི་ཡུལ་དང་དུས་ཚོད་གནས་སྐབས་དག་དང་སྦྱར་ཏེ་གང་དང་གང་གཙོ་ཆེ་བར་སྤྱད་པར་བྱ་སྟེ། དཔེར་ན། སྡིག་དོ་མི་དགེ་བའི་ཕྱོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ལུས་དང་། ཚོགས་པའི་གསེབ་ལྟ་བུར་རྟོགས་གོམས་ཀྱི་གདེང་དང་ལྡན་རུང་ཕྱི་ཚུལ་གཙོ་བོར་ཉན་ཐོས་དང་བྱང་སེམས་བཞིན་དུ་གཙང་ཞིང་བཙུན་པར་བསྲུང་དགོས་ཏེ། དེ་ལྟར་མིན་ན་ལས་འབྲས་ལ་བརྩི་མེད་ཀྱིས་གཞན་མ་དད་པ་སོགས་འབྲེལ་ཚད་ལོག་ལམ་ལ་སྦྱོར་བ་དང་། བསྟན་འཛིན་དུ་རློམས་ནས་རྒྱལ་བའི་བསྟན་པ་ལ་རྨ་འབྱིན་པའི་ཕྱིར་རོ། །ཡང་རང་འདོད་ཀྱི་འཁྲི་བས་གཏན་ནས་མ་ཞུགས་པའམ་མ་གོས་པ་ཡིན་ན། ལུས་ངག་གི་སྤོང་པ་བདུན་པོའི་བཅས་པ་རྣམས་ཐེག་པ་ཆེན་པོ་ལ་གཞན་དོན་ཁྱད་པར་ཅན་གྱི་ཕྱིར་དུ་གནང་བར་བཤད་ཏེ། ཐུགས་རྗེ་མངའ་བས་རིང་གཟིགས་ནས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་སོ། །གསང་སྔགས་ཀྱི་ལམ་ནས་བསྐྱེད་རྫོགས་ཀྱི་དྲོད་རྟགས་ཐོན་པ་ན། ཀུན་འདར་རམ་ཨ་བ་དྷཱུ་ཏིའི་སྤྱོད་པ་གསང་སྤྱོད། རིག་པ་བརྟུལ་ཞུགས། ཀུན་བཟང་ངམ་ཕྱོགས་ལས་རྣམ་རྒྱལ་སོགས་བོགས་འབྱིན་སྤྱོད་པའི་ཡན་ལག་ཐུན་མོང་མ་ཡིན་པ་རྣམས་རྣལ་འབྱོར་པ་རང་ཉིད་རིམ་གཉིས་ལ་རྟོགས་གོམས་ཀྱི་གདེང་ཐོབ་པའི་རིམ་པ་དང་བསྟུན་ཏེ་མ་འདྲེས་པར་བྱའོ། །སྤྱོད་པའི་རིམ་པའང་གཞུང་དང་མན་ངག་གི་ཡིག་ཆ་གཞན་དུ་རྒྱས་པར་འབྱུང་གི་འདིར་བསྡུས་སོ། །དེ་ལྟར་ན་གཞུང་འདིར་སྡོམ་གསུམ་སུམ་ལྡན་གྱི་རྣམ་བཞག་མཛད་པའི་གནད་གྱི་བཞེད་ཚུལ་འདི་དག་གངས་ཅན་གྱི་གསར་རྙིང་མཁས་གྲུབ་ཕལ་མོ་ཆེར་གྲགས་ཆེ་བའི་གནད་ཀྱིས་སྤྱི་འགྲོའི་དབང་དུ་མཛད་ཅིང་། དེ་དག་ཀྱང་རང་རང་གི་བཞེད་པའི་ངོས་ནས་ལུང་རིགས་ཚད་མས་གྲུབ་ཅིང་ནོངས་པའི་དྲི་མ་མེད་པ་མ་ཟད། ཆེས་འཐད་པ་དང་ལྡན་པ་གཞིར་བཅས་ཤིང་། རང་རེ་དྭགས་པོ་བཀའ་བརྒྱུད་པ་རྣམས་ཀྱིས་ནི་འགྲོ་མགོན་ཟླ་འོད་གཞོན་ནུའི་ཞལ་ནས། ངོ་བོ་ཐ་དད། སྲུང་ན་འཆོལ་པར་བསྲུང་། འདོམ་ཐུག་ན་གོང་མ་གཙོ། འོག་མའི་སྐྱོན་ཟིལ་གྱིས་གནོན། ཡོན་ཏན་ཡར་ལྡན་ཡིན། ཞེས་བཀའ་སྩལ་བའི་རྗེས་སུ་ཟུང་བཞི་ཡ་བརྒྱད་ཀྱི་མཁས་གྲུབ་ཚད་མ་ཐམས་ཅད་འབྲང་བས་ན། དེའང་ས་བཅུའི་དབང་ཕྱུག་གིས་རྣམ་གཞག་ཁྱད་འཕགས་ལུང་དང་རིགས་པ་ལྟར་སྣང་ཙམ་མ་ཡིན་པས་གྲུབ་པ་གདོན་མི་ཟ་བས། རང་ལུགས་འཛིན་པ་རྣམས་ཀྱིས་ཕ་རྗེས་བུ་འཇུག་ཡ་རབས་དམ་པའི་ངང་ཚུལ་མི་འདོར་བའང་གནད་གལ་ཆེ་བས། དེའི་བཞེད་ཚུལ་གསལ་བོར་རྗེ་དཔོན་པཎྡི་ཏ་ངེས་ལེགས་བསྟན་འཛིན། རྩོད་པའི་དུས་ཀྱི་ཐུབ་དབང་གཉིས་པ་བློ་གྲོས་མཐའ་ཡས་སོགས་ཀྱིས་རྩལ་བཏོན་དུ་མཛད་ནས་བཤད་པ་བཞིན་དང་དུ་ལེན་པའང་འཕྲོས་སུ་སྨོས་པའོ། ། གཉིས་པ་དོན་བསྡུ་བའི་སྒོ་ནས་འབྲས་བུ་ཐོབ་ཚུལ་བཅས་བཤད་པ་ནི། མདོར་ན་སོགས་ཚིགས་བཅད་གསུམ་དང་རྐང་པ་གསུམ་གྱིས་བསྟན་ཏེ། གོང་དུ་བཤད་པའི་གནད་ཐམས་ཅད་མདོར་བསྡུ་ན། ལུང་རྟོགས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ནམ་སྲོག་ཤིང་ལྟ་བུར་གྱུར་པ་སོ་ཐར་རིས་བདུན་གང་རུང་ཐོབ་ལ། མིག་གི་འབྲས་བུ་ལྟར་མ་ཉམས་པར་བསྲུང་ཞིང་། དེའི་སྟེང་དུ་ཐེག་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རྒྱས་བཏབ་པའི་དབང་བཞིས་རྒྱུད་སྨིན་ཅིང་གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་ལ་རབ་ཏུ་གཞོལ་བར་བྱ་སྟེ། གལ་ཏེ་རྒྱུ་དེས་ཐོབ་པའི་སྔགས་ཀྱི་ལམ་གནད་དུ་སོང་ཞིང་བརྟན་པ་ཐོབ་པའི་དྲོད་རྟགས་རིག་པ་གཏད་པའམ། ལྟ་སྟངས་ཙམ་གྱིས་གཞན་རེངས་པ་དང་། ཤིང་ཐོག་ལྷུང་བ་ལ་སོགས་པར་ནུས་པ་དེ་ལྟ་བུ་གྲུབ་པ་ན། ཉེ་རྒྱུའི་སྤྱོད་པ་སྤྲོས་བཅས། སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱིས་མཚམས་སྦྱར་ནས་གོང་ནས་གོང་དུ་ཡོན་ཏན་བསྐྱེད་པས་མཐོང་ལམ་རབ་ཏུ་དགའ་བའི་ས་དང་པོར། སངས་རྒྱས་བརྒྱའི་ཞལ་བལྟ་བ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་བཅས་པ་ནང་གི་ལམ་ནས་རྡོ་རྗེའི་བགྲོད་པས་དུས་རིང་པོར་མི་ཐོགས་པར་ཚེ་འདི་ཉིད་ལ་མྱུར་བར་འགྲུབ་པར་འགྱུར་ཞིང་། དེ་ནས་རིམ་གྱིས་སྒོམ་པའི་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་ཀྱི་ཡོན་ཏན་དུས་ཐུང་ངུས་མཐར་ཕྱིན་པར་འབྱུང་སྟེ། སློབ་ལམ་ཐམས་ཅད་ཡོངས་སུ་རྫོགས་པའི་འབྲས་བུ་མི་སློབ་པའི་ཟུང་འཇུག་གི་སྤངས་རྟོགས་མ་ལུས་པ་ཀུན་གྱི་མཐར་ཐུག་པ། ལྡོག་པའི་དབྱེ་ན་ཁ་སྦྱོར་ཡན་ལག་བདུན་ཏེ། གསུང་རྣམ་པ་ཐམས་ཅད་པ་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པ་དང་། སྐུ་ཤེས་བྱའི་སྣང་བརྙན་ཡོད་རྒུར་འཆར་བ་ནི་ཁ་སྦྱོར་དང་། མི་འགྱུར་བའི་བདེ་བ་ཆེན་པོ་དང་། རང་བཞིན་གྱི་སྤྲོས་པ་མེད་པ་ནི་སྤྲོས་པ་ཐམས་ཅད་ལས་འདས་པའི་སྟོང་ཉིད་དང་། སྙིང་རྗེས་ཡོངས་གང་ནི་དམིགས་མེད་ཀྱི་ཐུགས་རྗེ་ཆེན་པོ་དང་། རྒྱུན་མི་འཆད་པ་ནི་ཐུགས་རྗེ་དེ་ཉིད་ནམ་དུའང་རྒྱུན་ཆད་མེད་པར་འཇུག་པའི་རྟག་པ་དང་། འགག་པ་མེད་པ་ནི་སེམས་ཅན་སོ་སོའི་མོས་པ་ལྟར་སྐུ་དང་ཆོས་སྒོ་མཐའ་ཡས་པར་འཆར་བ་སྟེ་དང་པོ་བཞིས་རང་དོན་དང་། ཕྱི་མ་གསུམ་གྱིས་གཞན་དོན་ཕུན་སུམ་ཚོགས་པ་བཅས་ཁ་སྦྱོར་བདུན་གྱི་བདག་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་འཁོར་བ་ཇི་སྲིད་གནས་ཀྱི་བར་གཞན་དོན་གྱི་ཕྲིན་ལས་ཟབ་མོ་ཡིད་བཞིན་ནོར་བུ་དང་། དཔག་བསམ་གྱི་ཤིང་བཞིན་དུ་རྟོག་པ་མེད་ཀྱང་ལྷུན་གྱིས་གྲུབ་ཅིང་རྟག་ཁྱབ་རྒྱུན་མི་འཆད་པར་འབྱུང་བའོ། །དེ་དག་གིས་ནི་གཞུང་གི་དོན་བཤད་ཟིན་ཏོ།། །། གསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་བཤད་པ་ལ། རྩ་བའི་གསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་བཤད་པ་ལ་གསུམ། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་དངོས་བཤད་པ། ཐར་འདོད་རྣམས་ཀྱིས་སྡོམ་པ་གསུམ་ཁོ་ན་ལ་བསྟེན་འོས་པར་གདམས་པ། དེའི་དགེ་བ་བསྔོ་བའོ། ། དང་པོ་ནི། དེ་ལྟར་སོགས་ཚིགས་བཅད་གཅིག་སྟེ། གོང་དུ་བཤད་པ་དེ་ལྟར་རང་འདོད་ཀྱི་རྟོག་པའི་གང་དྲན་འབའ་སོའམ་བབ་བཅོལ་དུ་བྱས་པ་ནི་མ་ཡིན་ཏེ། ཇི་ལྟར་ན་ལུང་རིགས་ཚད་མས་གྲུབ་པའི་གསར་རྙིང་མཁས་པ་མང་པོའི་ལེགས་པར་བཤད་པ་རྒྱ་ཆེ་བ་ཀླུང་གངཱའི་རྒྱུན་ལྟ་བུ། མཐའ་གཅིག་དུ་བསྟན་པ་ལ་གུས་ཤིང་ཐར་འདོད་ལ་ཕན་པའི་བློ་གྲོས་དྲི་མ་མེད་པ་བཻ་ཌཱུརྱའི་སྣོད་བཟང་པོ་ལྟ་བུར་ཐོས་བསམ་ཤེས་རབ་ཀྱི་རྩོལ་བས་བསྐྱིལ་ཞིང་། དྲི་མ་མེད་པའི་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་དང་། དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཚད་མ་ནོར་བུ་ཀེ་ཏ་ཀས་རྙོག་པའི་སྐྱོན་དང་མི་འཐད་པའི་ཆ་མེད་པར་ལེགས་པར་བསྒྲུངས་པ། ལས་དང་པོ་པ་རྣམས་ཀྱིས་སྡོམ་པ་གསུམ་གྱི་བསླབ་པ་ཐམས་ཅད་ཀྱི་གནས་གོ་འབྱེད་ཅིང་། འཇུག་པ་བདེ་བས་མི་ཤེས་པའི་གདུང་བ་སེལ་བའི་བསྟན་བཅོས་འདི་ཉིད། བསྟན་འགྲོའི་དོན་དུ་བགྱི་བར་འོས་པར་བཀས་བསྐུལ་བ་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ཉིད་ཐུགས་ཀྱི་དགོངས་པ་དགྱེས་པའི་མཆོད་སྤྲིན་ནམ་མཆོད་ཡོན་གཙང་མ་ཉིད་དུ་གུས་པས་འདུ་བགྱིས་པའོ། ། ཐར་འདོད་རྣམས་ཀྱི་སྡོམ་པ་གསུམ་ཁོ་ན་ལ་བསྟེན་འོས་པར་གདམས་པ། གཉིས་པ་ནི། ཟབ་རྒྱས་སོགས་ཚིགས་བཅད་གཅིག་སྟེ། སྟོན་པ་ཐུགས་རྗེ་ཅན་གྱིས་བསྟན་པ་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་བཅུད་དང་ཉིང་ཁུ་ལྟ་བུ་ནི་སྡོམ་པ་གསུམ་གྱི་ཉམས་ལེན་འདི་ཁོ་ན་ལ་འདུ་བ་ཡིན་པ་རྒྱུ་མཚན་དེས་ན། ཐར་པ་སྙིང་ལ་འདོད་པའི་སྐལ་བཟང་གི་ཡིད་ཅན་གང་ན་སུ་མཆིས་པ་རྣམས་ཀྱིས་ཇི་མི་སྙམ་པར་མི་བཞག་པར་ཐོས་བསམ་སྒོམ་པའི་ལམ་ནས་སྙིང་གི་དབུས་སུ་འབྲལ་བ་མེད་པར་བདུད་རྩིའི་བཅུད་དམ་པ་ཉིད་དུ་བསྟེན་པར་མཛོད་ཅིག་དང་རང་གཞན་གྱི་དོན་གཉིས་རྒྱས་པར་འགྱུར་རོ། །ཞེས་སོ། ། གསུམ་པ་ནི། དེ་ཕྱིར་སོགས་ཚིགས་བཅད་གཅིག་སྟེ། རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་བདག་གིས་བཀའ་དང་བསྟན་བཅོས་ལུང་རིགས་དང་མཐུན་པའི་ཚུལ་དུ་གཞུང་འདི་ལེགས་པར་བཤད་པའི་དགེ་ཚོགས་རྣམ་པར་དཀར་བའི་དཔལ་ཡོན་དེ་ཡིས། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུལ་དུས་གང་དུ་གནས་པ་སྤྱི་དང་། བྱེ་བྲག་བསིལ་ལྡན་གངས་ཅན་གྱི་ལྗོངས་འདིར་སྙིང་པོ་དོན་གྱི་བསྟན་པ་བཤད་སྒྲུབ་རྣལ་མའི་སྒོ་ནས་མི་ཉམས་ཡུན་རིང་དུ་གནས་པ་དང་། ལུང་རྟོགས་བསྟན་པའི་ཟ་མ་ཏོག་ངུར་སྨྲིག་གི་རྒྱལ་མཚན་འཛིན་པའི་དགེ་འདུན་འདུས་པ་རྒྱ་མཚོས་ས་ཆེན་པོའི་ཁྱོན་འདི་ཡོངས་སུ་གང་བས་ཁྱབ་པར་གྱུར་ཅིག །ཅེས་ཐེག་པ་ཆེན་པོའི་བསྔོ་སྨོན་རྣམ་པར་དག་པས་ལེགས་བྱས་དོན་ཡོད་པའི་གནས་དམ་པར་བསྟིམ་པའི་ཚུལ་བཟང་པོས་མཐའ་བརྒྱན་པའོ། ། གསུམ་པ་གང་གིས་བརྩམས་པའི་སྦྱར་བྱང་སྨོས་པ་ནི། ཅེས་པ་འདི་ནི་སོགས་ཏེ་གོ་སླའོ། །དེས་སྡོམ་གསུམ་སྙིང་པོ་བསྡུས་པའི་ཚིག་དོན་མ་ཚང་པ་མེད་པར་མདོར་བསྡུས་པའི་སྒོ་ནས་བཀྲལ་ཟིན་ཏོ། །འདིར་སྨྲས་པ། ཐུབ་མཆོག་བསྟན་པའི་སྙིང་པོ་སྡོམ་པ་གསུམ། །དེ་དོན་ལེགས་པར་བསྡུས་པའི་བསྟན་བཅོས་ནི། །ཚིག་ཉུང་དོན་མང་གཞུང་བཟང་འདི་བཤད་པའི། །དགེ་ཚོགས་ཟླ་འོད་ལྟར་དཀར་གང་ཐོབ་དེས། །བཤད་སྒྲུབ་བསྟན་པའི་ཉི་མ་རིང་ཏུ་གནས། །དེ་འཛིན་སྐྱེས་མཆོག་ཟླ་བ་རབ་ཏུ་གསལ། །རིག་གྲོལ་དགེ་འདུན་རྒྱུ་སྐར་ཕྲེང་བས་ཁྱབ། །འཇིག་རྟེན་ཉམས་པའི་མུན་པ་ཕ་མཐར་གྱུར། །སྲིད་ལས་ངེས་འབྱུང་ཐུབ་བསྟན་སྒོར་ཞུགས་ཏེ། །སེམས་མཆོག་བདུད་རྩིའི་བཏུང་བ་མཆོག་ལ་སྤྱོད། །ཐབས་ཤེས་ཟབ་མོས་དངོས་ཀུན་བདེ་བར་སྡོམ། །འགྲོ་ཀུན་སྡོམ་གསུམ་ཁྲིམས་ཀྱིས་མཛེས་གྱུར་ཅིག །བསྟན་པ་འདི་ལས་ཕྱི་རོལ་གྱུར་པ་ཡི། །བདུད་དང་མུ་སྟེགས་ཀླ་ཀློའི་ཚང་ཚིང་ནགས། །ལེགས་བྱས་མེ་ཡི་ཕུང་པོ་གཅིག་བསྡུས་པས། །བསྲེགས་ཏེ་ཡང་དག་སྨན་ལྗོངས་ཉིད་གྱུར་ཅིག །ལམ་གསུམ་རྒྱུ་བའི་སྐྱེ་རྒུ་མ་ལུས་པ། །ཐུབ་བསྟན་ལ་ཞུགས་འཁོར་བའི་མཚོ་སྐེམས་ཏེ། །ས་ལམ་མཐར་སོན་ཐམས་ཅད་མཁྱེན་གྱུར་ནས། །འགྲོ་སྒྲོལ་ཕྲིན་ལས་མཛོད་ལ་དབང་ཐོབ་ཤོག །བདག་ཀྱང་སྐྱེ་ཀུན་དལ་འབྱོར་རྟེན་རྙེད་ཏེ། །ཐུབ་པའི་བསྟན་ལ་རབ་བྱུང་ངུར་སྨྲིག་ཐོགས། །ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པ་ཡིས། །རྒྱལ་བའི་བསྟན་ལ་བྱ་བ་བྱེད་གྱུར་ཅིག །གོང་དུ་སྨོན་པའི་ངག་གི་ཕྲེང་བ་ལ། །རྒྱལ་དང་དེ་སྲས་བདེན་པའི་བྱིན་ཞུགས་ཏེ། །གེགས་མེད་ལྷུན་གྱིས་གྲུབ་པའི་དཔལ་ཡོན་གྱིས། །ཡིད་ལ་རེ་བའི་གནས་ཐོབ་ཤིས་གྱུར་ཅིག །ཅེས་སྡོམ་གསུམ་སྙིང་པོ་བསྡུས་པའི་བསྟན་བཅོས་ཀྱི་ཚིག་ཙམ་བཀྲལ་བའི་འགྲེལ་ཆུང་འདིའང། མཁས་བཙུན་བཟང་པོའི་ཡོན་ཏན་བརྒྱ་ཕྲག་དུ་མའི་ཟ་མ་ཏོག །ཐུབ་བསྟན་གངས་རི་མཛེས་པའི་གནས་བརྟན་གདོང་ལྔའི་དབང་པོ། ངེས་པ་དོན་གྱི་རྡོ་རྗེ་འཛིན་པ། བདག་ཅག་གི་མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་པ་ཀརྨ་བཀྲ་ཤིས་ཞི་བའི་སྙིང་པོ་ཐུགས་རྗེ་གཞན་ཕན་འོད་ཟེར་དཔལ་བཟང་པོའི་ཞལ་ལྔ་ནས་ལྷ་རྫས་དྲི་མེད་རིན་ཆེན་གཉིས་པའི་མེ་ཏོག་བཅས་ཁྱོད་ཀྱིས་འདིར་འགྲེལ་བ་མདོར་བསྡུས་དོན་གསལ་གཞན་ཕན་ལྷུར་བླངས་པ་ཞིག་གྱིས་ཤིག་ཅེས་བཀས་བསྐུལ་མ་ནན་དུ་ཕེབས་པ་སྤྱི་བོར་བླངས་ཏེ་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཀུན་མཁྱེན་བློ་གྲོས་མཐའ་ཡས་སོགས་ཡོངས་འཛིན་དམ་པ་དུ་མའི་ཞབས་པད་སྤྱི་བོར་བླངས་པ་ཤིན་ཏུ་མི་མཁས་ཤིང་མ་སྦྱངས་པའི་རྨོངས་བརྟུལ་ཆོས་སྨྲ་བའི་ཚུལ་ལྟར་འཆོས་པའི་དགེ་སློང་ཀརྨ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཀྱིས་རྩ་གཞུང་མཛད་པོ་ཉིད་ཀྱི་ས་བཅད་དང་། མཁས་པ་རྣམས་ཀྱི་ལེགས་བཤད་ཀྱི་སྣང་བ་ལ་བརྟེན་ནས་རང་ལོ་སོ་གསུམ་ཐལ་བ་རྒྱལ་ཟླ་བའི་གྲལ་ཚེས་དགུ་ལ་མགོ་བརྩམས་ཏེ་ཟླ་བ་དེའི་ཚེས་བཅོ་བརྒྱད་མ་ཧཱ་ཙཱི་ནའི་དཔྱིད་ཀྱི་དབུགས་ཐོབ་པའི་དུས་ཚེས་དགེ་བའི་སྔ་དྲོའི་ཆར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གདན་ས་ཆེན་པོར་གྲུབ་པར་བགྱིས་པ་གཞན་ཕན་མཐའ་ཡས་པ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།  །