སྡོམ་གསུམ་ངོ་བོ་གཅིག་ཏུ་སྒྲུབ་པ་

ཡོང་ཁུངས་Wikipedia

༄༅། །སྡོམ་གསུམ་ངོ་བོ་གཅིག་ཏུ་སྒྲུབ་པ་བཞུགས་སོ། །

འདི་ན་ཁ་ཅིག་སྡོམ་གསུམ་ཐ་དད་ཡིན་ནོ་ཞེས། རང་ཕྱོགས་ལ་ཞེན་འཁྲིས་ཁོ་ནས་གོ་བའི་གནད་མ་སློང་བར་ཅ་ཅོ་མང་ཞིག་སྨྲ་སྟེ་ཁྱེད་རྙིང་ལུགས་ལ་སྡོམ་གསུམ་ངོ་བོ་གནས་འགྱུར་དུ་འདོད་པ་མི་འཐད་དེ། འཐད་ན་སོ་ཐར་སོགས་སྔགས་སུ་འགྱུར་ཚེ། འོག་མ་འོག་མ་བཏང་ནས་འགྱུར་རམ་མ་བཏང་ནས་འགྱུར། དང་པོ་ལྟར་ན་སུམ་ལྡན་རྡོ་རྗེ་འཛིན་པ་མི་འཐད་དེ། སུམ་ལྡན་རྡོ་རྗེ་འཛིན་པ་ཆོས་ཅན། གསུམ་ལྡན་མ་ཡིན་པར་ཐལ། སོ་ཐར་བཏང་ཟིན་པའི་ཕྱིར། སོ་ཐར་བཏང་ཟིན་ཏེ། བཏང་ནས་སྔགས་སུ་གནས་འགྱུར་པས་སོ་ཟེར་ཞིང་། གཉིས་པ་ལྟར་ན་སོ་ཐར་རང་གི་ངོ་བོ་མ་བཏང་བར་གནས་འགྱུར་མི་སྲིད་དེ་སོ་ཐར་སྡོམ་པ་ཆོས་ཅན། ངོ་བོ་གནས་མ་འགྱུར་བར་ཐལ། རང་གི་ངོ་བོ་མ་བཏང་བས་སོ། །རང་གི་ངོ་བོ་མ་བཏང་ན་གཞན་དུ་འགྱུར་མི་སྲིད་པས་སོ། །ཟེར་ཏེ་གཏན་ཚིགས་ཆེན་པོར་རློམས་ནས་མགྲིན་པ་གཟེངས་བསྟོད་དེ་སྨྲ་ཞིང་། ཡི་གེར་བཀོད་པ་མཛད་ན་ཡང་། འདིར་རང་གི་བློ་ཉམས་མྱོང་གི་གོ་བབ་དང་བསྟུན་ནས་བཤད་ན་འདི་ལྟ་སྟེ། རྒྱུ་མཚན་གསུམ་གྱིས་བཤད་པར་བྱའོ། །དེ་ལ་རང་ལུགས་བཞག་པ། ངེས་བཟུང་གི་འགལ་ཟླ་དགག་པ།མཐར་ཐུག་ཤིང་རྟ་ཆེན་པོ་དག་གི་དགོངས་པ་གཅིག་ཏུ་བསྒྲུབ་པ་དང་གསུམ་ལས། དང་པོ་ལའང་། དངོས་དང་རྩོད་སྤང་ངོ་། །དང་པོ་རིང་ལུགས་ཀུན་མཁྱེན་ངག་གི་དབང་པོ་ཡབ་སྲས་ཀྱི་བཞེད་པ་ལྟར། སྡོམ་གསུམ་ངོ་བོ་གནས་འགྱུར། རང་ལྡོག་མ་འདྲེས་པ་འདི་འདོད་དོ། །དེ་ཡང་རྒྱལ་བའི་དགོངས་པ་ལས་རང་བཟོ་མ་ཡིན་ཏེ། འབུམ་ཕྲག་ལྔ་པ་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པའི་རྒྱུད་ཀྱི་ལུང་ལས། རྡོ་ཡི་རིགས་ཀྱི་བྱེ་བྲག་ཞིག །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་སྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་གསུངས་པས་སོ། །གཉིས་པ་དེ་ལ་རྩོད་སྤོང་ནི། དེ་ལ་ཁྱེད་ཀྱིས་བཏང་ངམ་མ་བཏང་གི་དགག་མཚམས་འདི་རྩེ་མོ་ཤེས་ཀྱང་རྩ་བ་མ་ཤེས་པའམ། མདའ་འགེང་ཤེས་ཀྱང་འཕེན་ས་མ་ཤེས་དང་འདྲ་སྟེ། བློ་རྣོ་ཡང་རྒྱ་ཆུང་ངོ་ཞེས། རང་ཕྱོགས་ཞེན་མིན་པར་དྲང་པོའི་གོ་བབས་ལ་འདི་ལྟར་ཤར་ཏེ། སྡོམ་པ་གསུམ་ཞེས་པ་སྤྱིར་གྱིས་ཉོན་མོངས་པས་མི་འཆིང་བའི་གནད་ལ་བསྲུང་བྱའི་ངོ་བོ་མཚུངས་པ་སྟེ། རྒྱལ་བའི་བཀའ་ཐམས་ཅད་སྲིད་རྩ་གཅོད་ཅིང་། མྱང་འདས་སྒྲུབ་པར་མཐུན་ཕྱིར། བྱམས་པས།ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞེས་སོགས་གསུངས་ཤིང་དངོས་སྟོབས་རིགས་པས་ཀྱང་འགྲུབ་པ་ཡིན་ན་རང་གི་ངོ་བོ་མི་འགྱུར་བ་རྟག་བརྟན་ཐེར་ཟུག་ཏུ་མེད་པ་ཤེས་དགོས་སོ། །དེ་ལྟར་སོར་བྱང་སྔགས་གསུམ་ནི། སྤོང་བསྒྱུར་ལམ་དུ་བྱེད་པ་ལས། ཉོན་མོངས་དབང་གིས་མི་འཆིང་བའི་གནད་ལ་མཐུན་ཏེ།དཔེར་ན་དུག་མ་ཟོས་པའམ། རིགས་སྔགས་ཀྱིས་ཟོས་པ་དང་། སྨན་དུ་བསྒྱུར་བ་ལྟར། དེ་གསུམ་དུག་གིས་མི་གནོད་པ་འདྲ་ཞིང་། ཕྱི་མ་གཉིས་ཀྱི་སྐབས་དུག་རང་རྒྱུད་པ་ཟོས་པ་མེད་པ་ལྟར། ཐེག་པའི་མཐོ་དམན་ལས། བསྲུང་བྱ་སྡོམ་པ་རང་གི་ངོ་བོ་ནི་སྔ་མ་ཕྱི་མའི་རྟེན་ཅན་ལས་རྫས་ཐ་དད་མེད་ན་བཏང་མི་བཏང་བྱ་རྒྱུ་གང་རེད། འོ་ན་གནས་མ་འགྱུར་སྙམ་ན། སོ་ཐར་དེ་བྱང་སྡོམ་གྱི་རྟེན་ཡིན་པས་དང་། བྱང་སེམས་གྱིས་ཟིན་པའི་སྐབས་སུ་དེ་དང་དེའི་སྡོམ་པར་བཏགས་སོ། །དཔེར་ན་རལ་གྲི་གཅིག །མི་སྡར་མ། དཔའ་བོ། ཤིན་ཏུ་དཔའ་བོ་གསུམ་གྱིས་བདག་ཏུ་བཟུང་ཚེ། སྡར་མའི་རལ་གྲི་སོགས་སུ་བརྗོད་པ་བཞིན། སྔར་སྡར་མའི་རལ་གྲི་ཡིན་པ། ད་མིན་ཅིང་དཔའ་པོའི་རལ་གྲི་ཡིན་པ་ལྟ་བུའོ། །དེས་ན་རལ་གྲི་ལྟར། སྡོམ་པའི་ངོ་བོ་མ་འགྱུར་ཟེར་ན། འགྱུར་ཏེ་རལ་གྲི་དེའི་བྱེད་ལས། མི་འདྲ་ཞིང་རླབས་ཆེ་བས་སོ། །རླབས་ཆེ་ཆུང་ཡོད་ཀྱང་འགྱུར་མེད་ན། དབུལ་པོ་ཕྱུག་པོར་གྱུར་ཀྱང་དེ་དུས་འབྱོར་པ་གང་ཡང་མེད་པ་ལྟ་བུ་དང་། མི་གཅིག་དམངས་བློན་རྒྱལ་པོར་གྱུར་ཀྱང་དེའི་བྱེད་ལས་དང་མི་ལྡན་པ་དགོས་སོ། །དེས་ན་བླང་དོར་གྱི་ཚུལ་ཁྲིམས་གང་ཞིང་སྡོམ་པའི་ངོ་བོ་ཡིན་ལ། འདི་ལྟར་སོ་ཐར་ནི་ཁམས་གསུམ་འཁོར་བ་སྡུག་བསྔལ་དུ་མཐོང་བ་གང་ཞིག །རང་ཉིད་དེ་ལས་ངེས་པར་འབྱུང་བའི་བློས་དེའི་རྒྱུ་ཉོན་མོངས་སྤང་བ་ལས་ལམ་དུ་བྱེད་མི་ནུས་པ། དཔེར་ན་ཐ་མལ་པ་རིགས་སྔགས་མེད་པས་དུག་ཟ་མི་ནུས་པ་ལྟ་བུའོ། །བྱང་སེམས་ནི་རང་ཉིད་ཐར་བ་ཙམ་དུ་མ་ཟད། གཞན་དོན་དུ་བསམ་པ་རྣམ་པར་དག་པས་འཇུག་པ་གང་ཞིག །ཕན་པ་ཁོ་ནས་དབང་དུ་གྱུར་པས་སྤྱད་པ་སྤྱོད་པ་སྟེ། སོ་ཐར་གྱི་ལྟུང་བ་ལྟ་བུས་ཀྱང་། བསམ་པ་དག་པས་མི་སྐྱོན་པ། དཔེར་ན་དུག་སྨན་དུ་སྒྱུར་ནུས་པའི་རིགས་སྔགས་བཞིན་ནོ། །སྔགས་ནི། དུས་མྱུར་དུ་རང་གཞན་དོན་གཉིས་བསྒྲུབ་པའི་བསམ་པ་རླབས་པོ་ཆེས། སྣང་སྲིད་ཀྱི་ཆོས་ཐམས་ཅད་ལྷ་སྔགས་ཆོས་ཉིད་དུ་སྡོམ་པ་གང་ཞིག །ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པ་སྟེ། དཔེར་ན་དུག་ཟོས་པ་དེ་ལ་བརྟེན་ཏེ་དུག་མེད་པར་བྱེད་པ་བཞིན་ནོ། །དེ་ལྟ་བུའི་བསམ་པའི་དབང་ལས་སྡོམ་པ་རང་གི་ངོ་བོ་ནི་དེ་དང་དེའི་སྡོམ་པ་ཁོ་ན་ལས་གཞན་དུ་མ་གྲུབ་ལ། གལ་ཏེ་ཐ་དད་ཡིན་ན་སོ་ཐར་གྱི་སྡོམ་པ་དང་བྱང་སྡོམ་སྔགས་པ་ལ་ཡོད་མི་སྲིད་པར་འདོད་དགོས་ཏེ། དེ་གསུམ་མི་གཅིག་པས་སོ། །འོ་ན་དེ་ལྟར་གནས་འགྱུར་ན་ཡོན་ཏན་ཡར་ལྡན་ཡིན་མོད། སུམ་ལྡན་མ་ཡིན་ཏེ།སྔགས་སྡོམ་དེ་གསུམ་ཀ་མ་ཡིན་ཏེ། ད་ལྟ་སྔགས་ཁོ་ནར་གྱུར་པས་སོ་ཟེར་ན། ཁྱེད་ལ་འདི་འདྲི་སྟེ། ཐེག་དམན་སོ་ཐར་དེ་སེམས་བསྐྱེད་ཀྱིས་ཟིན་ན་ཐེག་ཆེན་སོ་ཐར་དུ་འགྱུར་རམ་མི་འགྱུར། མི་འགྱུར་ན་སོ་ཐར་སྡོམ་པ་ཅན་གྱི་གང་ཟག་གི་རྒྱུད་ལ་སྔགས་སྡོམ་མི་སྐྱེ་སྟེ། དེ་གཉིས་མི་འདྲ་བས་སོ། །གནས་མི་འགྱུར་ཀྱང་ཆོ་གས་སོ་སོར་བླང་བས་མ་འདྲེས་པར་ཡོད་པ་ཡིན་ན། སོ་ཐར་གཉིས་ཆར་ཡོད་པའི་གང་ཟག་གི་རྒྱུད་ལ་སྔར་ཐེག་དམན་གྱི་སྡོམ་པ་ཉིས་བརྒྱ་ལྔ་བཅུ་ཕྱིས་ཐེག་ཆེན་གསར་བླང་གི་ཉིས་བརྒྱ་ལྔ་བཅུ་གཉིས་མ་འདྲེས་པར་ཡོད་པས་བསྡོམས་ན་ལྔ་བརྒྱ་པོ་གང་ཟག་གཅིག་གི་རྒྱུད་ལ་ཡོད་ཚུལ་སྨྲོས་ཤིག །འགྱུར་ན་ཐེག་དམན་སོ་ཐར་བཏང་ནས་འགྱུར་རམ། མ་བཏང་ནས་འགྱུར། མ་བཏང་ན་ཐེག་ཆེན་དུ་མི་སྲིད་དེ། ཐེག་དམན་སོ་ཐར་རང་གི་ངོ་བོ་མ་བཏང་བས་གནས་འགྱུར་བ་མེད་པས་སོ། །བཏང་ནས་འགྱུར་ན་སྔར་གྱི་ཉིས་བརྒྱ་ལྔ་བཅུ་ཡང་བཏང་ངམ། མ་བཏང་། དང་པོ་ལྟར་ན་སུམ་ལྡན་མི་སྲིད་ལ། མ་བཏང་ན་གནས་འགྱུར་རེད་དམ་མ་རེད་སོམས། འོ་ན་རང་ལྡོག་མ་འདྲེས་པ་དང་སུམ་ལྡན་དུ་ཡོད་ཚུལ་ཅི་ཡིན་ཟེར་ན། དེ་ནི་ཡོད་དེ། སྔར་སོ་ཐར་སྐབས་སུ་ལས་ཆོག་ཇི་ལྟ་བར་བླང་བའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་དེ་གོང་མའི་སྐབས་སུ་ཉམས་སོང་བ་མིན་ཏེ་སྔར་ལས་ཆེས་ལྷག་པའི་ཚུལ་དུ་ཡོད་ན་སུམ་ལྡན་ཟེར་མི་འོས་པའི་རྒྱུ་མཚན་ཅི་རེད། ཐེག་ཆེན་སོ་ཐར་སྐབས་སུ་ཐེག་དམན་སོ་ཐར་གྱི་བསྲུང་བྱ་ཉིས་བརྒྱ་ལྔ་བཅུ་དེ་ལས་ལྷག་པར་བསྲུང་རྒྱུ་ཨེ་ཡོད། མེད་ན་དེ་གཉིས་ཐ་དད་དུ་མི་འཐད་ལ། ཡོད་པས་ན་སོར་བྱང་ལ་ཉིས་བརྒྱ་ལྔ་བཅུའི་ཁོངས་སུ་མ་འདུས་པའི་བསྲུང་བྱ་གཞན་ཡོད་ཅིང་འོག་མ་གཉིས་གོང་མའི་ཆ་ལག་ཡིན་པས་སོ། །དེ་བས་ན་གོང་མས་འོག་མའི་སྡོམ་པ་མི་གཏོང་བ་གང་ཞིག །ཕྱི་མའི་རྟེན་དུ་འགྱུར་བས་སོ། །དེ་ལྟར་གཞི་བསྲུང་བྱ་གང་ཞིག །རང་གཞན་ཐབས་ཤེས་རྩིས་བཟུང་བའི་ཁྱད་པར་ལས། སྡོམ་པ་རང་གི་ངོ་བོ། སོ་ཐར་བྱང་སེམས་སུ་གྲུབ་ན་ཉིས་བརྒྱ་ལྔ་བཅུ་ཙམ་པོ་པ་ཁོ་རང་ཐེག་ཆེན་སོ་ཐར་རམ་ཐེག་དམན་སོ་ཐར་གང་ཡིན་དྲིའོ། །དཔེར་ན་སོ་ཐར་གྱི་ཉིས་བརྒྱ་ལྔ་བཅུ་པོ་དེ་བྱང་སེམས་ཀྱིས་བཟུང་ནས། དེའི་སྟེང་བྱང་སེམས་སྡོམ་པ་བསྣན་ནས་ཉིས་བརྒྱ་ལྔ་བཅུ་དེ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྡོམ་པར་གྱུར་ནས་སོར་བྱང་གཉིས་པོ་དེ་ཐམས་ཅད་སྲུང་བ་པོ་ཞིག་ལ། བྱང་སེམས་ཁོ་ན་ལས་སོ་ཐར་གྱི་སྡོམ་པ་མེད་དོ་ཞེས་ཟེར་རྒྱུ་ཨེ་ཡིན་སོམས་ཤིག །དེའི་སྟེང་སྔགས་བསྣན་པ་ཡང་དེ་ལྟར་གྱུར་པས་སོ། །འདིར་ངེད་ཀྱི་བསྲུང་བྱ་སྡོམ་པའི་ངོ་བོ་ཁོ་ན་ལས། དེ་སྒྱུར་བྱེད་ཀྱི་ཐབས་སམ་སེམས་ལ་ཐ་དད་དུ་ཡོད་པ་མི་ཟེར་རོ། །དེ་བས་ན་བསྲུང་བྱ་ནི་སྔར་གྱི་སྡོམ་པའི་ངོ་བོ་དེ་ག་ལས་མེད་པས། གཅིག་ཐོག་གཅིག་བསྣན་གྱི་ཚུལ་དུ་སྔ་མ་མ་ཉམས་པར་ཡོད་པས། འདི་ལྟར་ཆོ་ག་དང་བསྲུང་བྱའི་གྲངས་སོགས་སོར་བྱང་སྔགས་གསུམ་སོ་སོར་རང་རང་གི་སྐབས་སུ་དབྱེར་ཡོད་ཅིང་། ཡོད་པ་དེ་དག་སྔགས་རྐྱང་ལྟ་བུར་མ་སོང་བར་ཚང་བར་བསྲུང་པའི་རང་ལམ་གྱི་ངོས་ནས་ཡོངས་སུ་རྫོགས་པས། རང་རང་གི་ལྡོག་པ་མ་འདྲེས་པར། གང་ཟག་གཅིག་ལ་མཚོན་ན་འདི་བསྲུང་ན་སོ་ཐར་གྱི་ཁྲིམས་སོ། །འདི་སྔགས་སོ་ཞེས་བགྲང་རྒྱུ་ཡོད་པ་ཡིན་མོད། དེ་བས་ན་སུམ་ལྡན་རྡོ་རྗེ་འཛིན་པའོ། །དེ་ལྟར་ཡོད་ཀྱང་འོག་མ་གཉིས་རང་རྒྱུད་པ་མིན་ཏེ་གོང་མར་འགྱུར་ཡོད་པས་སོ། །ད་ནི་གཉིས་པ་གཞན་སྡོམ་གསུམ་ཐ་དད་དུ་སྨྲ་བ་དགོངས་གཞི་ཅན་གྱི་གསུང་མིན་པར་རང་མཚན་པར་འདོད་པ་དག་གིས་དགོངས་པ་ཅན་གྱི་གསུང་གི་དཔེ་གཉིས་ཉི་ཟླ་སྐར་མ་དང་། ཆུ་སྣོད་ནོར་བུའི་དཔེས་རྗེས་སུ་ཟློ་མོད། དེ་ནི་སྐབས་སུ་མཁས་པའི་གསུང་ཙམ་ལས། དེ་དག་གི་དགོངས་གཞི་མཐར་ཐུག་དེ་ལྟ་བུ་མིན་ཏེ་རིགས་པ་འདིས་གནོད་དོ། །དེ་ཡང་ངེས་པར་སོ་ཐར། བྱང་སེམས། སྔགས་གསུམ་འོག་མ་གོང་མར་ཡེ་མི་འགྱུར་བར་སྔར་རང་གི་དེ་ཉིད་རང་རྒྱུད་པར་གནས་ན། ཐེག་པ་ཆེ་ཆུང་གི་སོ་ཐར་གཉིས་ལྡན་པ་དག་གི་རྒྱུད་ལ་རང་དོན་ཡིད་བྱེད་ཀྱི་བསྲུང་བྱ་དང་གཞན་དོན་ཡིད་བྱེད་ཀྱི་སྡོམ་པ་གཉིས་ཆར་ཡོད་པར་འདོད་དགོས་སོ། །དེ་བཞིན་དུ་སོ་ཐར་རང་རྐང་བ་ལ་སྤོང་བ་ལས། སྒྱུར་དང་ལམ་བྱེད་ཀྱི་ནུས་པ་མེད་པས་རྒྱལ་བས་དེ་ལྟར་དེ་དང་དེའི་སྐབས་སུ་གསུངས་ཡོད་མོད། དེ་བས་ན་ཞིང་བཅུ་ལྟ་བུ་བསྒྲལ་བ་ན་སྒྲོལ་བྱེད་གཅིག་ལས་མེད་ན། སོ་ཐར་རང་རྐང་དུ་ཡོད་པས་སོ་ཐར་སྐབས་སུ་བསྒྲལ་བྱ་ཞིང་བཅུ་དམིགས་བསལ་དང་། སྒྲོལ་བྱེད་ཐབས་ཀྱི་ཁྱད་པར་དེ་ལྟ་བུ་བཤད་པ་ཨེ་ཡོད། སྔགས་པ་མིན་པའི་སོ་ཐར་བ་ཞིག་གིས་ཞིང་བཅུ་ཚང་བ་བསྒྲལ་ན་རྩ་ལྟུང་ཨེ་ཡོད། ཆང་དང་སྦྱོར་བ་ཨེ་ཉན། ཡང་ན་གང་ཟག་གཅིག་སུམ་ལྡན་རྡོ་རྗེ་འཛིན་པ་དེས། སྦྱོར་བ་ལྟ་བུའི་ཚེ་སོ་ཐར་བསྲུང་མཁན་དེ་འདུག་ནས། སྔགས་བསྲུང་མཁན་གྱིས་སྦྱོར་རམ། ལྷ་ཡབ་ཡུམ་སོགས་སུ་གསལ་བས་གོང་མ་གོང་མས་འོག་མ་འོག་མར་ཟིལ་གྱིས་གནོན་པ་བཤད་ཨེ་དགོས། སོ་ཐར་རང་ངོས་ནས་སྔར་ལས་བཟང་ངན་ཅིར་ཡང་མ་སོང་བས་རང་རྒྱུད་དུ་ཡོད་པས་སོ་ཐར་འདུལ་བའི་ནང་ན་ལྷར་གསལ་ནས་སྦྱོར་བ་བྱས་ཆོག་ཅེས་དམིགས་ཀྱིས་བཀར་ཨེ་ཡོད། འདི་སྔགས་ཀྱི་ཁ་སྐད་ལས་སོ་ཐར་ལ་མེད་ན་སོ་ཐར་བསྲུང་དགོས་ན་རང་གཞུང་ལྟར་ལས་སྦྱོར་སྒྲོལ་འདི་ཅི་ལ་བཤད། འོ་ན་ཁྱེད་ཀྱིས་ཀྱང་སོ་ཐར་བསྲུང་དགོས་པར་འདོད་པས་དེ་འདྲའོ་ཟེར་ན། མི་འདྲ་སྟེ། ངེད་ཀྱིས་སྡོམ་པ་བསྲུང་བྱ་རྫོགས་ན་འང་། དེ་དག་རང་མཚན་སྔ་མ་ཇི་ལྟར་བར་མི་འདོད་དེ། སྔགས་སྡོམ་སུ་གནས་འགྱུར་བར་འདོད་པས་ན་འོག་མ་བསྲུང་ན་དེ་བསྲུང་བའི་སྡོམ་པ་རྒྱུད་ལ་ཡོད་ཀྱང་། དེ་ནི་གོང་མའི་སྡོམ་པ་ཡིན་པས་དེ་དག་གི་ས་མཚམས་མར་རེ་མི་དགོས་ཏེ། དམངས་རྒྱལ་པོར་འགྱུར་བའི་དཔེ་ལྟ་བུའོ། །དེ་ལྟར་ན་གང་ཟག་གཅིག་ལ་ཉིས་བརྒྱ་ལྔ་བཅུ་གང་ཕྲད་ལ་སྤོང་སེམས་བྱེད་ཅིང་། བྱང་སེམས་དང་། སྔགས་ཡང་ཡོད་དགོས་པས། ཞིང་བཅུ་ལ་དཔེར་ན། བསྒྲལ་ན་འདུལ་བའི་རྩ་ལྟུང་དང་པོ་ཕོག་པས་སོ་ཐར་གྱི་ལུགས་སུ་བྱས་ནས་སྲོག་གཅོད་པ་སྤོང་དགོས་ཏེ། སོ་ཐར་སྔགས་སུ་མ་འགྱུར་བས་རང་གི་ངོ་བོས་བསྒྲལ་མི་ནུས་སོ། །དེ་བས་ན་དེ་ལྟ་བུའི་སུམ་ལྡན་རྡོར་འཛིན་དེ་ལ་སྔགས་ཀྱི་ཞིང་བཅུ་མ་བསྒྲལ་བའི་རྩ་ལྟུང་འབྱུང་རྒྱུ་མེད་དམ། དེ་ལྟར་ན་གང་ཟག་གཅིག་གིས་སོར་བྱང་སྔགས་གསུམ་ལ་ལྟོས་ཏེ་མི་གསོད་པ་དང་། སྙིང་རྗེས་གསོད་པ། ཐབས་ཀྱིས་གསོད་པ་གསུམ་དུས་གཅིག་ལ་བྱ་དགོས་སོ། །མ་བྱས་ན། བསྒྲལ་ན་སྔགས་ལ་ལོ་ཡང་། སོ་ཐར་ལ་རྩ་ལྟུང་འབྱུང་སྟེ། དེ་བཞིན་སྔགས་ཀྱི་དབང་དུ་བྱས་ཏེ་སྦྱོར་བ་རྫུན་མ་བྱིན་ལེན་བཞི་ལྟ་བུ་སྤྱད་པའི་དགེ་སློང་རྡོ་རྗེ་འཛིན་པ་དེ། དེ་ཕྱིན་སོ་ཐར་སྡོམ་པ་གཏོང་བས་སུམ་ལྡན་མིན་ཏེ་ཉིས་ལྡན་ནོ། །དེ་ལྟར་སོ་སོར་ཡོད་ན། ནད་ཚ་གྲང་ཅན་ལ་སྨན་ཕྱོགས་རེ་བའམ་མེ་ཆུ་ལྷན་ཅིག་པ་ཆར་བབ་པ་ལྟར་དང་། སོར་བྱང་སྔགས་རྐྱང་གི་སྡོམ་ཅན་ལྷན་ཅིག་ཚོགས་པ་ལྟར། དེ་དག་གི་བྱ་མི་བྱ་ཐ་དད་པས་སོ། །ཟིལ་གྱིས་མནན་ནས་དགེ་སྟོབས་ཆེ་བས་རྩ་ལྟུང་བྱུང་ཡང་ཉེས་པ་མེད་ན་ནི། སུམ་ལྡན་དུ་བསྒྲུབ་པ་མ་བྱས་ནས་སྔགས་རྐྱང་པ་ཁོ་ན་དགའ་སྟེ། གཅིག་བྱས་ན་གཅིག་མི་ལོ་བས། དགེ་སྟོབས་ལ་འདྲ་བས་སོ། །དེ་ལྟ་བུ་མིན་ཏེ་རྒྱལ་བས་དགེ་སློང་གི་རྟེན་མཆོག་ཏུ་གསུངས་པས་སོ། །གང་ཟག་གཅིག་གི་རྒྱུད་ལ་མ་འདྲེས་མ་འགྱུར་རང་མཚན་དུ་ཡོད་ན། ཆང་སོགས་གང་སྡོམ་པ་དང་འཕྲད་ཚེ་གོང་མ་བཙན་ན། སྡོམ་པ་དང་མ་འཕྲད་ཚེ་ཅི་སྡོམ།སོར་སྡོམ་མོ་ཞེ་ན། སོར་ཐར་སྡོམ་པ་ལོགས་སུ་ཡོད་པའི་མཚན་གཞི་དེ་གང་ལ་གདགས་སོམས་ཤིག །འོ་ན་རྙིང་མ་རིང་ལུགས་ལའང་སོ་ཐར་སྔགས་ཀྱི་སྡོམ་པའི་ངོ་བོར་འདོད་པས་སྲོག་བཅད་ན་ཅི་ཡིན་ཟེར་ན། ངེད་ཀྱིས་དེ་སྔགས་ཀྱི་སྡོམ་པར་འདོད་པའི་ཕྱིར་སྔགས་རང་རྒྱུ་མཚན་དུ་བྱས་ཆོག་ལ། ཁྱེད་ཀྱིས་མི་ཆོག་སྟེ་གང་ཟག་གསུམ་ལྟར་སོ་སོ་བར་འདོད་པས་སོ། །ངེད་ཀྱིས་སོར་བྱང་སྔགས་གསུམ་སྤོང་བསྒྱུར་ལམ་བྱེད་ཀྱི་དབང་དང་། གཙོ་ཆར་ནང་རྟོགས་ཀྱི་ཁྱད་ལས། དགྲ་བཅོམ། བྱང་སེམས། རྒྱལ་བའི་རྗེས་སུ་སློབ་པར་འདོད་དེ། སྡོམ་པའི་གྲངས་དེ་ཙམ་ནི་དེའི་མཚན་གཞིའི་མཐར་ཐུག་པར་འཇོག་སྟེ། ཁྱེད་ཀྱིས་སོ་བྱང་སྔགས་གསུམ་གྱི་སྡོམ་པའི་མཚན་གཞི་ཞོག །ཉིས་བརྒྱ་ལྔ་བཅུ་སོགས་འཇོག་ན། དེ་ནི་སྔགས་ལ་མེད་པར་ཐལ། སོ་ཐར་ཡིན་པས་སོ། །འདོད་ན་རིགས་ལྔའི་དམ་ཚིག་ཏུ་མེད་དམ། མཚན་གཞི་ཀུན་སློང་གི་ཁྱད་ལས་མེད་ཅེ་ན། དེ་ལྟར་ན་ངེད་ཀྱིས་ཟེར་བ་ལྟར་སྡོམ་པའི་ངོ་བོ་རང་མཚན་དུ་མ་གྲུབ་པར་ལྕགས་ལ་གསེར་འགྱུར་བཞིན་དུ་འགྱུར་བར་ངེད་འདོད་པས་སོ། །དེ་ལྟ་མིན་ན་གང་ཟག་གཅིག་གི་རྒྱུད་ལ་ཐེག་པ་ཆེ་ཆུང་གི་ལྟ་བ་གསུམ་ཡོད་དགོས་སོ། །འོ་ན་ཁྱེད་ལའང་སྲོག་བཅད་པ་ལ་ཉེས་པ་མི་འབྱུང་ཟེར་ན། ངེད་ཀྱིས་སྔར་ནས་ཀྱང་དེ་ལྟར་ནང་རྟོགས་གཙོ་བོ་ཆེ་བ་ལས་སྡོམ་པ་རང་གི་ངོ་བོ་རང་མཚན་དུ་གྲུབ་པ་མེད་དེ། གཞི་བརྟེན་པ་བཅུད་ལྟ་བུའི་ལམ་དེ། རྟེན་དམ་ཚིག་དང་འབྲེལ་ནས་རང་རྒྱུད་ལ་ཆགས་པ་ལས་ཕྱི་ལོགས་སུ་ནང་རྟོགས་ལས་སྡོམ་པ་རང་ག་བ་མེད་དོ། །དེ་ལྟ་བས་ན་ལྟ་བ་དང་སྤྱོད་པ་འབྲེལ། སྤྱོད་པ་དང་དུས་ཚོད་འབྲེལ་ཏེ། ནམ་ཞིག་བསལ་བཞག་མེད་པ་རང་གི་འབྲས་བུ་མངོན་དུ་གྱུར་པ་སངས་རྒྱས་ཀྱི་བར་དུ་འདི་བརྟེན་པ་ཡིན་ནོ། །དེ་བས་ལྷའི་གསལ་སྣང་དང་། དགོས་པ་མི་ལྡན་པས་སྦྱོར་སྒྲོལ་ལ་སོ་ཐར་ལྟར་ཉེས་པ་ཡོད་དོ། །དེ་ལྡན་ན་ཉེས་པ་མེད་དེ་སྔགས་ཀྱི་ཐབས་ཟབ་མོས་སྡོམ་པས་དེ་དག་གི་གནས་སྐབས་སུ་ཉེས་པར་མི་འགྱུར་རོ། །དེ་ཡང་དུས་དང་རྟོགས་པའི་གདེང་ལས་ཐམས་ཅད་བསྲུང་དགོས་ན། རིགས་ལྔ་ཐུན་མོང་དང་ཐུན་མོང་མིན་པའི་དམ་ཚིག་ནང་འགལ་བས་དེ་དག་རྟོགས་པའི་གདེང་ཁྱད་པར་ཅན་གྱིས་འོག་མ་མནན་པས་མི་འགལ་ལོ། །གནས་མ་འགྱུར་ན། སྲོག་གཅོད་ལ་སྔགས་འགེབ་མི་ལོ་སྟེ། སོ་ཐར་ན་སྔགས་བཤད་པ་མེད་པས་སོ། །འགྱུར་ན་ལོ་སྟེ་ཆུང་ངུའི་ཕྱིར་ན་ཆེ་མི་གཏོང་ཟེར་བ་ལྟར། རང་རང་གི་སྡོམ་པའི་དབང་ལས་དོ་གལ་གང་ཆེ་བརྩི་བས་སོ། །སོ་ཐར་ལ་རྩ་བཞི་ལས་གལ་ཆེ་བ་མེད་པས་མི་ལོ་མོད། དོན་ཐོབ་ཀྱིས་རུང་ཟེར་ན།སོ་ཐར་ཇི་ལྟ་བ་བཞིན་ཡོད་པ་ལ། བསྲུང་ནི་མི་དགོས། རྩ་ལྟུང་ནི་མི་འབྱུང་། གཞུང་བཤད་དང་ནི་འགལ་བ་སྟེ། དེས་ན་རྩ་ལྟུང་བྱུང་བའི་དགེ་སློང་གིས་རྗེས་སུ་བསག་སྦྱང་བྱས་པའམ། དེ་ལས་སྟོབས་ཆེ་བའི་སྡིག་པ་བསགས་ཀྱང་། རྩ་ལྟུང་དངོས་མི་འབྱུང་བས་སོ། །དཔེར་ན་ངོ་བོ་སྔར་ལས་ཅིར་ཡང་མ་འགྱུར་ན། དེའི་བྱེད་ལས་སོགས་ཅི་ལ་འགྱུར་ཏེ། སྐྱེས་བུ་གཅིག་གི་ལུས་ལའང་སོ་ཐར་དང་སྔགས་ཆེས་འགལ་བས་གང་བྱེད། གོང་མ་ལྟར་བྱེད་ན། འགྱུར་ཏེ་གོང་མའི་དབང་དུ་སོང་བས་སོ། །འགྱུར་བ་མེད་ན་གོང་མས་དེ་ལ་ཅི་བྱས། གཞི་གཅིག་ལ་ཡིན་པ་གཉིས་སྲིད་ན་ཅི་འདྲ་སོམས། དཔེར་ན་ཚེ་གཅིག་ལ་ཇི་སྲིད་འཚོ་ཞེས་ཁས་བླངས་བས། ཤམ་ཐབས་དཀར་པོ་ལྟ་བུ་ནི་སྔགས་ཆས་ཏེ། དེ་ནི་ཚེ་འདི་ལ་གྱོན་མི་ལོའོ། །ངེད་ཀྱི་ལུགས་ལ་ངོ་བོ་གནས་འགྱུར་ཏེ་ནང་རྟོགས་དང་སྤྱོད་པ་གོ་བསྡུར་ཏེ། སུམ་ལྡན་ཡིན་ཡང་ལས་དང་པོ་པའི་སྐབས་སུ་སྲོག་མི་གཅོད་པ་ལྟ་བུ་ལའང་། དེ་བསྒྱུར་མི་ནུས་པས་སྤོང་བ་སོ་ཐར། དེའི་འབྲས་བུ་གཞན་ཕྱིར་སངས་རྒྱས་སུ་འདོད་པས་བྱང་སེམས། དེ་དག་མཉམ་ཆེན་པོས་ཟིན་པས་སྔགས་ཀྱི་སྡོམ་པའོ། །དེ་ལྟར་རིམ་གྱིས་གོམས་པས་སོ་ཐར་རང་རྐྱང་དུ་མ་སོང་བས་མྱུར་ལམ་ཡོད་ཅིང་། ལྟུང་བ་མེད་ལ་གདུལ་བྱ་ཡི་རྗེས་སུ་འཇུག་པའོ། །རིམ་པས་ལམ་བྱེད་ནུས་ན་སྔགས་སྤྱོད་དུ་བྱས་ཏེ་སྦྱོར་སྒྲོལ་སོགས་ཀྱིས་རྩོལ་སྒྲུབ་སྤང་བླང་བསྲུང་མཚམས་མེད་པའི་ས་ལ་འགྲོ་བའོ། །དེའི་ཕྱིར་སུམ་ལྡན་རྡོ་རྗེ་འཛིན་པ་ཡིན་ཏེ། སློབ་དཔོན་པདྨ་སམ་བྷ་ཝས། ཕྱི་ངུར་སྨྲིག་དགེ་སློང་གི་ཆ་ལུགས་འཛིན། །ནང་གསང་སྔགས་བླ་མེད་ཀྱི་རྣལ་འབྱོར་པ། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་ལམ་འདི་དུས་གསུམ་རྒྱལ་བའི་གཤེགས་ཤུལ་ཏེ། རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་དེ་ལྟར་གྱུར་པར། ནག་པོ་པས་མཚོན་ཏེ་ཤེས་སོ། །དེ་ནི་སྡོམ་གསུམ་ངོ་བོ་གནས་འགྱུར་བའི་དབང་གིས་ཏེ། མ་འགྱུར་ན་རྒྱུད་ལ་དབང་མི་ཐོབ་སྟེ། ད་རུང་སྔར་གྱི་སྤོང་པ་ལས་བསྒྱུར་བ་དང་ལམ་བྱེད་ཀྱི་ནུས་པ་མེད་པས་སོ། །དེ་ལྟར་སྤང་དང་བླང་བ་གཉིས་དངོས་འགལ་བས་གཞི་གཅིག་ལ་ཡིན་པ་ཅི་ལ་སྲིད། དེ་བས་སོ་ཐར་ཧོར་ཁོང་དུ་ལུས་ཀྱང་སྔགས་སྤྱོད་ཆོག་པ་ཅི་རེད། སོ་ཐར་གྱི་མཚན་གཞི་མེད་ན་གསུམ་ཅི་ལ་ལྡན། དེ་བས་ཉི་ཟླ་ལྟར་གྲགས་པའི་ཏཻ་ལོ་ན་རོ་ནག་པོ་པ་སོགས་ལ་སོ་ཐར་གྱི་ཕམ་པ་མི་འབྱུང་བ་དང་། དེང་སང་ཡང་དཀྱིལ་ཆོག་དང་འབྲེལ་ཚེ་རྡོ་རྗེའི་གླུ་གར་འདུལ་བའི་འགྲོ་བའི་སྤྱོད་ལམ་དང་འགལ་ཡང་མི་སྐྱོན་པ་དེའི་གནད་དེ། དེ་ཐ་དད་ན་མི་གསུམ་ཚོགས་ཀྱང་གཅིག་ཤི་བ་གཅིག་གིས་ཟིལ་གྱིས་མི་གནོན་པ་ལྟར། རང་རང་གི་གཞུང་དུ་བཤད་པ་ལས་འདས་ཏེ་སྨྲ་མི་ནུས་སོ། །ནུས་ན་དེའི་མཚན་གཞི་ཇི་ལྟ་བ་ག་ལ་གྲུབ། གསུམ་པ་ཤིང་རྟ་ཆེན་པོ་དེ་དག་གི་དགོངས་པ་མཐར་ཐུག་ཏུ་མི་འགལ་ཏེ་འགལ་ན་གཅིག་སྐྱོན་དང་བཅས་པར་འདོད་དགོས་པས། དེ་ཡི་དགོངས་པ་གསལ་མཛད་སྐྱེས་བུ་དེ་དག་ས་ཆེན་པོ་ལ་གནས་པ་ཤ་སྟག་ཡིན་པས་སོ། །དེ་ཇི་ལྟར་མི་འགལ་ན། འདི་ལྟར་སོར་བྱང་སྔགས་གསུམ་སྡོམ་པའི་ངོ་བོ་ཐ་དད་ལ། དུས་དང་ཡུལ་རྟེན་སོ་སོ་བ་ཡིན་པས། དབྱེར་ཡོད་ལ། དེ་ལྟར་སོ་ཐར་སེམས་བསྐྱེད་ཀྱིས་ཟིན་ན་བྱང་སྡོམ་དུ་འགྱུར་ཞིང་། དེའི་སྟེང་བྱང་སྡོམ་བསྣན་པ་ལས། འོག་མ་སོ་ཐར་ཉམས་པ་གཏན་ནས་མེད་ཅིང་། སྔར་ལས་ལྷག་པ་ལས་ཞན་དུ་མ་སོང་བས་དེ་དག་གི་ངོ་བོ་ཐ་དད་དུ་ཁས་བླངས་ཀྱང་མི་འགལ་ཏེ་དེ་ལྟར་ཐ་དད་མིན་ན་འདོགས་ཀྱང་ཁྱད་མེད་པས་གཅིག་ལས་གསུམ་མ་གྲུབ་པས་སོ། །དེ་ལྟར་སྔགས་ཀྱིས་ཟིན་ན་དེ་གཉིས་ཀྱི་སྟེང་སྔགས་སྡོམ་ཡོད་ཅོག་བསྣན་པས་འོག་མ་གཉིས་མི་ཉམས་པའོ། །དོན་དུ་དེ་དག་གནས་འགྱུར་ཏེ། བསྲུང་བྱ་སྡོམ་པའི་ངོ་བོ་ནི། དཔེར་ན།རང་དོན་དུ་སྲོག་མི་གཅོད་པ་དང་། གཞན་དོན་དུ་མི་གཅོད་པ་ལྟ་བུ་ཐེག་པ་ཆེ་ཆུང་གི་སྡོམ་པ་བཞག་པ་ལས་སྡོམ་པ་ཙམ་པོ་པ་རང་གི་ངོ་བོ་ནི་དེ་གཉིས་དབྱེར་མེད་པས་སོ། །སོ་ཐར་གྱི་ཉིས་བརྒྱ་ལྔ་བཅུ་པོ་སྤང་ནས་སྔགས་ལ་ལོགས་སུ་ཉིས་བརྒྱ་ལྔ་བཅུ་མེད་ཀྱང་སྔར་གྱི་ཉིས་བརྒྱ་ལྔ་བཅུ་པོ་དེ། ཐབས་ཀྱིས་ཟིན་པས་སྔགས་སྡོམ་དུ་འགྱུར་བའོ། །དེ་ལྟར་སྡོམ་པ་བསྲུང་ཚུལ་གཅིག་ནའང་། དེ་རྩིས་ཟིན་བྱེད་ཀྱི་ཐབས་ཀྱི་ཁྱད་པར་ལས། དེ་དང་དེའི་སྡོམ་པར་གནས་འགྱུར་ཏེ། དཔེར་ན་མེ་ཏོག་གཅིག་ཕལ་པ་འཕགས་པ་གཉིས་གས་ལན་གཉིས་སུ་མཆོད་ན་བྱེད་ལས་མི་འདྲ་བ་དེ་ལ་བྱང་སེམས་མཆོད་པ་དང་ཕལ་པའི་མཆོད་པ་གདགས་ཨེ་འོས། མཆོད་རྒྱུ་མེ་ཏོག་དེ་ག་རང་གཅིག་ཡིན་པ་དེ་ལྟར་རོ། །དེ་བས་ཐ་དད་དུ་སྨྲ་བ་ནི་སོ་ཐར་གྱི་སྡོམ་པའི་ངོ་བོ་བཅས་པ་གང་ལགས་པ་དེ་དག་དེ་དག་གི་སྡོམ་པ་ཡིན་ལ། དེ་གོང་མའི་ཚེ་འོག་མ་སྤང་མི་དགོས་ཤིང་མཉམ་པར་ཡོད་པ་ལ་དགོངས་སོ། །ངོ་བོ་གནས་འགྱུར་ནི་མ་སྤང་བའི་སྟེང་དུ་དེ་དག་གི་ངོ་བོ་སྐབས་དེའི་སྡོམ་པར་གྱུར་བ་ལ་དགོངས་ཏེ། དེ་གཉིས་མི་འགལ་ཞིང་དགོངས་པ་ལེན་ཤེས་ན། མེ་ཤིང་ལྟར་ཕན་ཚུན་གཅིག་གིས་གཅིག་གསལ་བའི་གྲོགས་ལས་གཞན་མེད་པས། ཤིང་རྟ་ཆེན་པོ་དག་གི་དགོངས་པ་ལེན་མ་ཤེས་ནས། རང་གཞན་ཕྱོགས་ལྷུང་དུ་སྨྲ་བ་ནི། ཕ་གཅིག་གི་བུ་གཉིས་ཕ་སོ་སོར་འཛིན་པའི་རྣམ་རྟོག་གིས་འཁྲུགས་པ་ལྟ་བུའོ། །དེ་བས་མངའ་རིས་པཎྜི་ཏས། དེ་ལྟའི་སྡོམ་གསུམ་གང་ཟག་རྒྱུད་གཅིག་ལ། །རང་ལྡོག་མ་འདྲེས་དགག་དགོས་ཡོངས་སུ་རྫོགས། །ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པས། །གནད་ཀྱིས་མི་འགལ་དུས་སྐབས་གང་གཙོར་སྤྱད། །ཅེས་གསུངས་པ་དེ་ལྟ་བུའི་དགོངས་པའི་གནད་སློང་ན། འདི་འགལ་འདུར་མི་ཚོལ་བ་ཙམ་དུ་མ་ཟད། ཞར་བྱུང་དུ་ཐེག་པ་ཐམས་ཅད་ཀུན་བགྲོད་གཅིག་གི་ལམ་དུ་འབབ་པ་རྒྱལ་གསུང་ཐམས་ཅད་གདམས་པར་ཤར་བའི་བློ་གྲོས་རྒྱ་ཆེན་པོ་ཐོབ་པ་ཡིན་ནོ། །དེ་ལྟར་རྣམ་དཔྱོད་བློ་ཡི་རྒྱ་མཚོ་ལས། །ལེགས་བཤད་ཚིག་གི་མེ་ཏོག་འཛུམ་པ་འདིས། །སྙིང་དབུས་དྲི་མེད་རིག་པའི་ངོ་བོ་ཉིད། །འཇམ་དབྱངས་རྡོ་རྗེ་རྣོན་པོ་དགྱེས་གྱུར་ཅིག །

ཅེས་པ་འདི་ཆོས་རྗེ་མི་ཕམ་རིན་པོ་ཆེ། སྐུ་ན་ཆུང་ངུའི་དུས་སུ་གསུངས་པའི་ཕྱག་བྲིས་དངོས་ལས་ཞལ་བཤུས་པ་མངྒ་ལཾ། ཤུ་བྷཾ།། །།