སྡོམ་

ཡོང་ཁུངས་Wikipedia

སྡོམ།(སྲིན་འབུ། ) Spider སྡོམ་ནི་སུག་ཚིགས་སྲོག་ཆགས་ཀྱི་རིགས་ཚོགས་ཆེན་པོ་ཞིག་ཡིན་ལ། རིགས་ཁྲི་ཚོ3.5ལྷག་ཡོད་པ་འཛམ་གླིང་ཡོངས་སུ་ཁྱབ་ཡོད་པ་དང་། ཀྲུང་གོར་ཤེས་རྟོགས་བྱུང་ཟིན་པ་རིགས1000ལྷག་ཡོད།

ངོ་སྤྲོད།[རྩོམ་སྒྲིག]

སྡོམ་ནི་སུག་ཚིགས་སྲོག་ཆགས་ཀྱི་སྒོ་ཡིན་ལ། སྡོམ་སྡེ་འདིའི་རིགས་ལ་གཟུགས་གཞིའི་རིང་ཚད་ཧའོ་སྨི0.5ནས་ལི་སྨི30སོགས་མི་འདྲ་སྣ་ཚོགས་སྣང་། ལུས་པོ་དེ་བྲང་དང་ཕོ་བ་གཉིས་སུ་དབྱེ། སྤྱི་ལོ2010ལོའི་ལོ་སྨད་དུ་བསྡོམས་རྩིས་བྱས་པ་ལྟར་ན་འཛམ་གླིང་ཡོངས་ནས་ངོས་འཛིན་ཐུབ་པའི་སྡོམ་ཚན100དང་ཁོངས5420 རིགས42055ཡོད། དེ་ལས་ཀྲུང་གོ་ན་ཚན67དང་རིགས3800ལྷག་ཡོད། སྡོམ་གྱི་ལུས་ཕུང་སྟོངས་ཆེ་བ་དང་། མགོ་དང་གསུས་པ་གཉིས་ཀར་ཚིགས་ཀྱི་དབྱེ་བ་མེད་པར་ཕྲ་ལ་རིང་བའི་གསུས་ཡུ་ཡིས་སྦྲེལ་བ་དང་། སུག་པའི་ནང་དུ་འཛིན་སུག་ཆ་གཅིག་ཡོད་ལ། དེའི་རྩ་བ་ན་དུག་རྨེན་ཡོད་པའི་དུག་སོ་ཆ་གཅིག་སྐྱེས་ཡོད། དེ་མིན་ད་དུང་སུག་རྭ་ཆ་གཅིག་དང་བགྲོད་བྱེད་སུག་པ་ཆ4སྐྱེས་ཡོད་ཅིང་། དེ་དག་གི་སྣེ་ན་སྦར་བ་ཡོད། གསུས་པའི་ཆ་ལ་འཕང་ཆས6ཡོད་པ་དེ་དག་ལས་སྡོམ་སྐུད་ཟགས་ཐོན་བྱས་ཏེ་སྡོམ་རྒྱ་འཐེན་གྱི་ཡོད། སྡོམ་གྱིས་འཛིན་སུག་དང་སུག་རྭས་རྒུམ་འབུ་འཛིན་པ་དང་དེ་ནས་དུག་རྨེན་ནང་གི་དུག་རྒྱུན་འབུའི་ལུས་ནང་དུ་རྒྱག་གི་ཡོད།

འཚོ་བའི་གོམས་གཤིས།[རྩོམ་སྒྲིག]

སྡོམ་གྱིས་འབུ་སྲིན་བཟུང་ནས་ཟ་བ་ཡིན་ལ། ཆུ་འགྲམ་ནས་སྡོམ་རིགས་ཤིག་ཡོད་པ་དེས་ཆུ་ནང་གི་ཉ་ཆུང་བ་དང་ཆུ་འབུ་གློ་ཉ་ཡང་བཟུང་ནས་ཟ་བ་ཡིན། བྱ་རིགས་འཛིན་པའི་སྡོམ་རིགས་ཀྱང་ཡོད། མེ་གླིང་ལྷོ་མའི་གཟུགས་གཞི་རིང་ཚད་ལི་སྨི7.5ཡོད་པའི་སྡོམ་རིགས་ཤིག་ཡོད་པ་དེས་དུག་སྦྲུལ་མཇུག་སྒྲ་ཅན་ཆུང་བ་དག་འཛིན་ཐུབ། སྡོམ་དྲ་འཐེན་པའི་སྡོམ་གྱིས་རྒུམ་འབུ་མ་ཟོས་གོང་ལ་སྡོམ་སྐུད་ཀྱིས་དཀྲིས་འགྲོ་བ་རེད། སྡོམ་ལ་ལའི་སུག་རྭ་ལ་སོ་མེད་པར་སུག་ཚེར་ཡོད་པ་དེ་སྤྱད་དེ་རྒྱུན་འབུའི་ལུས་བརྟོལ་ནས་འཇུ་བྱེད་རྩབས་ཉིད་ཁ་ནང་ནས་རྒྱུན་འབུའི་ལུས་ཐོག་གི་རྨ་ཁ་བརྒྱུད་དེ་བརྒྱབ་ཐོག རྒུམ་འབུ་གཤེར་གཟུགས་སུ་འཇུ་རུ་བཅུག་རྗེས་གཤེར་ཁུ་འཇིབ་ནས་འཐུང་གི་ཡོད། སྡོམ་ཕོ་མོ་སྡེབ་སྦྱོར་བྱེད་དུས་ཕོ་སྡོམ་ལ་ཉེན་ཁ་ཆེ་སྟེ། སྡེབ་སྦྱོར་བྱས་ཚར་རྗེས་ཕོ་སྡོམ་མང་ཆེ་བ་མོ་སྡོམ་གྱིས་བསད་དེ་ཟས་འགྲོ་བ་རེད།

སྡོམ་དྲ།[རྩོམ་སྒྲིག]

སྡོམ་གྱིས་འཐེན་པའི་དྲ་བའི་ཐོག་འབྱར་ཧ་ཅང་སླ་བ་ནི་ཤོག་སྤྱིན་དང་འདྲ་བ་སྟེ། ནམ་མཁར་འཕུར་བའི་འབུ་སྲིན་དག་སྡོམ་དྲའི་ཐོག་འཁེལ་བ་ཡིན་ན་ཇི་ལྟར་འཕག་འཚག་རྒྱབ་ཀྱང་ཡང་བསྐྱར་དུ་འཕུར་བའི་རེ་བ་ནི་ཡེ་ནས་མེད་དོ།། ཡ་མཚར་བ་ཞིག་ནི་སྡོམ་རང་ཉིད་སྡོམ་དྲའི་ཐོག་ཏུ་ཕར་གོག་ཚུར་གོག་ཅི་ཙམ་བྱས་ཀྱང་འབྱར་མི་སྲིད། རྒྱུ་མཚན་ནི་མ་གཞི་སྡོམ་གྱི་རྐང་པའི་ཐོག་ཏུ་སྣུམ་ཁུ་ཞིག་ཟགས་ཐོན་བྱས་ཡོང་བ་དེ་ལ་འཇམ་འདྲེད་ཀྱི་ནུས་པ་ལྡན་པ་ཡིན། དེ་འདྲ་ཡིན་སྟབས་སྡོམ་གྱི་རྐང་པ་དྲ་བའི་ཐོག་ཏུ་འབྱར་མི་སྲིད་དོ།།

རྔོན་གཟན་སྡོམ།[རྩོམ་སྒྲིག]

ཚང་མས་ཤེས་གསལ་ལྟར་ན་སྡོམ་གྱིས་དྲ་བར་བརྟེན་ནས་རྔོན་བྱ་འཛིན་གྱི་ཡོད་པ་རེད། འོན་ཀྱང་སྡོམ་རིགས་མང་པོ་ཞིག་གིས་དྲ་བ་འཐེན་མི་ཤེས། སྲོག་ཆགས་མཁས་ཅན་རྣམས་ཀྱིས་སྡོམ་རིགས་འདི་དག་ལ་རྔོན་གཟན་སྡོམ་ཞེས་འབོད། རྔོན་གཟན་སྡོམ་གྱི་ལུས་པོ་ཅུང་ཙམ་ཆེ་ཤིང་། མིག་གཉིས་རྣོ་བས་རྔོན་བྱ་རྙེད་སླ་པོ་ཡོད་པ་རེད། དེར་མ་ཟད་རྐང་ལག་སྦོམ་ཞིང་མཆོངས་ལྡིང་ལ་བྱང་བས་མཐའ་འཁོར་དུ་འབུ་སྲིན་ཡོད་པ་རྙེད་མ་ཐག་འཕྲལ་མ་མྱུར་དུ་མཆོངས་རྒོལ་བྱེད་ཐུབ། སྒོ་གླེགས་སྡོམ་ཞེས་པ་དེས་དོང་ཁ་རུ་འབྱེད་སླ་བའི་སྒོ་གླེགས་ཤིག་བཟོས་ཏེ་དེའི་ཕག་ཏུ་ཡིབ་ནས་སྒུག་སྡོད་བྱེད། དོགས་ཟོན་སྤུ་ཙམ་མེད་པའི་འབུ་སྦུར་དག་སྒོ་འགྲམ་བརྒྱུད་ནས་འགྲོ་སྐབས་སྒོ་གླེགས་སྡོམ་གྱིས་ལམ་སེང་བསྒྱེལ་ཡོང་། དེ་མིན་དུག་སྐྱུག་སྡོམ་གྱིས་སྦྲང་ནག་མཐོང་ན་དུག་སོ་ནས་དུག་སྤྱིན་འཕྲེང་མ་འཕྲེང་མ་བསྐྱུགས་ཡོང་ནས་སྦྲང་ནག་ས་ངོས་སུ་སྦྱོར་བར་བྱེད།

"https://bo.wikipedia.org/w/index.php?title=སྡོམ་&oldid=133924"ལས་སླར་རྙེད་སོང།