སྡེ་རོང་ཚེ་རིང་དོན་འགྲུབ་

ཡོང་ཁུངས་Wikipedia

འདིར་མཁས་མཆོག་ཁོང་གི་ལོ་རྒྱུས་ཤེས་མཁན་དག་གིས་ཁ་བསྐང་གནང་རོགས་

འཁྲུངས་ཡུལ[རྩོམ་སྒྲིག]

བརྩམས་ཆོས[རྩོམ་སྒྲིག]

གྲོང་ཁྱེར་ཆེ་འབྲིང་གི་བོད་རིགས་སྤུན་ཟླ་རྣམས་ལ་སྤྲིངས་པའི་འཕྲིན།[རྩོམ་སྒྲིག]

དང་བོ། སྤྱི་ཚོགས་ཡར་རྒྱས་དང་འགྲིམ་འགྲུལ་དྲྭ་འཕྲིན་སོགས་མཐུན་རྐྱེན་སྟབས་ཇེ་བདེར་སོང་བ་དང་བསྟུན། མི་དང་མིའི་བར་ལ་འབྲེལ་བ་ཇེ་མང་ནས་ཇེ་ཟབ་ཏུ་འགྲོ་བཞིན་པས་འཛམ་གླིང་གཅིག་གྱུར་གྱི་གཞིས་ཁྱིམ་དུ་འགྱུར་བཞིན་ཡོད། ཁ་བ་རི་བའི་ལྗོངས་སུ་འཚར་ལོངས་བྱུང་ཞིང་གཉོམ་ལག་རྒྱས་པའི་བོད་མི་དག་ཀྱང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་ལྟད་མོར་འགྲོ་མཁན། ལོ་རེ་ནས་ཇེ་མང་ཡིན་པར་མ་ཟད་གཞན་ཡུལ་དུ་རྒྱུན་སྡོད་འཚོ་བ་རོལ་མཁན་ཡང་ཇེ་མང་རེད། རྒྱལ་ཁབ་ཕྱི་ནང་དང་གྲོང་ཁྱེར་ཆེ་ཆུང་གང་རུང་ན་སློབ་སྦྱོང་དང་། ཚོང་གཉེར། ལས་གཉེར། གནས་སྐོར། བཅའ་སྡོད་སོགས་རིག་གནས་དར་སྤེལ་དང་ཤེས་ཡོན་གླེང་མོལ་གྱི་འབྲེལ་འདྲིས་གནང་མཁན་གྱི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ལ། རང་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་གི་གོམས་གཤིས་རྒྱུན་འཛིན་དང་། ཡུལ་གཞན་གྱི་མི་རིགས་དག་གིས་གུས་བཀུར་བྱ་བར་རང་ཉིད་ ཀྱི་ལྟ་ཚུལ་མདོ་ལྔ་ཡི་སྒོ་ནས་བགྲོ་གླེང་གི་ཚུལ་དུ་བཤད་པར་བྱའོ།།

མི་རིགས་རང་རྩིས་རང་རྟོན་ཡོད་པ་ནི་བག་ཆགས་ལེགས་པོ་འཇོག་པའི་གཞི་རྩའི་འབྱུང་ཁུངས་རེད།[རྩོམ་སྒྲིག]

མི་ལ་རང་རྩིས་མེད་པ་ན།། འཇིག་རྟེན་འདི་ལས་གནས་པར་དཀའ།།དམངས་ལ་རང་རྟོན་མེད་པ་ན།། འཚོ་བའི་གཞི་རྟེན་སྟོང་བར་འགྱུར།། གལ་ཏེ་མི་ཞིག་ལ་རང་རྩིས་མེད་པར་རང་ཉིད་རང་གིས་ཀྱང་རྩིས་མཐོང་མེད་ན་གཞན་གྱིས་མི་བརྩི་བ་ནི་སྨྲས་མི་དགོས་ལ། མི་རིགས་ཀྱང་དེ་བཞིན་ཡིན།དེ་བས་མི་ཞིག་ཡིན་ན་འདྲ། མི་རིགས་ཤིག་ཡིན་ན་འདྲ། རྒྱལ་ཁབ་ཅིག་ཡིན་ནའང་འདྲ་སྟེ། རང་རྩིས་རང་རྟོན་ནི་རང་ཉིད་མདུན་སྐྱོད་ཀྱི་དར་རྒུད་དང་འབྲལ་ཐབས་མེད་པ་ཞིག་རེད། བོད་མི་རིགས་ཞེས་འཛམ་གླིང་གི་ཡང་རྩེའམ་ས་སྒང་གི་སྣེ་གསུམ་པ་རུ་གྲགས་པའི་གངས་ལྗོངས་ཀྱི་མཐོ་སྒང་འདིར། རང་ཉིད་ཀྱི་ངལ་རྩོལ་དང་། ཤེས་རབ་ཀྱི་སྟོབས། རྣམ་དཔྱོད་ཀྱི་རྩལ་སོགས་ལ་བརྟེན་ནས་མིའི་རིགས་ཀྱི་དཔལ་ཡོན་ལ་ངོ་མཚར་བའི་མཛད་རྗེས་བསྐྲུན་ཡོད། མི་ལོ་ཁྲི་ཕྲག་ཡས་མས་ཀྱི་ཡར་སྔོན་རྡོ་ཆས་དུས་རབས་ནས་བཟུང་། བོད་མི་རིགས་ཀྱི་མེས་པོ་དག་གིས་ཡར་ལུང་ཁོག་ནས་ཕྱོགས་བཞིར་གནས་སྤོར་གྱི་དབུ་ཚུགས་པ་དང་། ཤར་ཕྱོགས་སུ་གྱེས་པའི་བོད་མི་དག་ལ་རྒྱའི་ཡིག་ཚང་འགའ་ལས་ཆང་ཞེས་འབོད་པ་དང་། དེ་དག་གིས་འབྲོག་ལས་ཤེས་བྱ་དང་། རྡོ་ཆས་དང་རྫ་ཆས། རུས་ཆས། བཙོ་སྦྱོང་རིག་པ། གསོ་བ་རིག་པ། བཟོ་སྐྲུན་རིག་པ་སོགས་དབུས་རྒྱུད་དུ་སྤེལ་བ་ལ་བརྟེན་ནས་རྨ་ཆུའི་སྨད་རྒྱུད་དུ་འཚོ་སྡོད་བྱེད་པའི་རྒྱ་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་། དབུས་རྒྱུད་དམ་ཀྲུང་གོའི་རིག་གནས་གྲུབ་པ་ལ་སྐུལ་ལྕགས་ཐེབས་ཡོད། ཡུལ་མཐའ་འཁོབ་ཀྱི་ལྷོ་ནུབ་ཕྱོགས་སུ་གྱེས་པ་དག་ནི། གནས་དེ་གའི་རུས་རྒྱུད་ཚོ་བ་རྣམས་ཀྱི་ཡབ་མེས་གཅིག་ཏུ་གྱུར་ཡོད། དེ་མིན་ལྷོ་རུ་གྱེས་པས་ཡར་ལུང་ཁོག་དང་། བྱང་དུ་གྱེས་པས་ཞང་ཞུང་། ནུབ་ཏུ་གྱེས་པས་ཨེ་ཤ་ཡའི་དབུས་རྒྱུད་སོགས་ཀྱི་དཔལ་ཡོན་བསྐྲུན་ཡོད། བོད་མི་རིགས་ནི་རྒྱུན་རིང་བའི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས་སོགས་ཀྱིས་བསྐྱངས་པའི་ཕུན་སུམ་ཚོགས་པའི་རླབས་ཆེན་གྱི་མི་རིགས་ཤིག་རེད། བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་དཔལ་ཡོན་གྱི་འབྱུང་ཁུངས་ཅིག་ཡིན་པ་མ་ཟད། ད་དུང་གནའ་བོའི་དཔལ་ཡོན་དར་བའི་རྒྱལ་ཁབ་རྒྱ་གར་དང་། ཨེ་ཇིབ། བྷ་བྷེ་ལོན་གྱི་དཔལ་ཡོན་ལའང་འགྲན་པའི་དོ་ཟླ་ཚུད་ཡོད། གནའ་བོའི་བོད་པ་དང་རྒྱ་གར། སྟག་གཟིག་གི་དཔལ་ཡོན་བར་ན་ཟམ་མ་ཆད་པའི་རྟེན་དང་བརྟེན་པའི་འབྲེལ་བ་ཟབ་མོ་ཆགས་ཡོད་པ་དང་།དེ་དག་གི་འབྱུང་ཁུངས་ནི་གནའ་བོའི་ཞང་ཞུང་གི་དཔལ་ཡོན་ཡིན་པར་འདོད་དོ།།

སྤྲེའུ་བྱང་ཆུབ་སེམས་དཔའ་དང་ཇོ་མོ་ཁྲོ་གཉེར་མ་ལས་བྱུང་བའི་ངག་རྒྱུན་དུས་སྐབས་ལ། ལོ་ངོ་ས་ཡ་བྱེ་བར་ཁུངས་གཏུགས་རྒྱུ་ཡོད་པར་མ་ཟད། རྡོ་ཆས་དང་རྫ་ཆས། རུས་ཆས། ཤིང་ཆས། གསེར་དངུལ་ཟངས་ལྕགས་ཀྱི་མཁོ་ཆས་བཀོལ་བའི་དུས་སྐབས་ཀྱང་ལོ་ངོ་དྲུག་སྟོང་ཡས་མས་ལ་དེད་ཆོག བོད་མི་རིགས་ཀྱིས་རང་གི་སྐད་ཡིག་ལས་བརྩམས་ཡོད་པའི་གྲངས་ཀྱིས་མི་ལོན་པའི་གསུང་རབ་བརྩམས་ཆོས་འབོར་ཆེན་དེ་གྲངས་ཉུང་མི་རིགས་གཞན་དག་ལས་དང་པོ་ཡིན་པར་མ་ཟད། མི་གྲངས་ཀྱི་ཆ་ནས་བགོས་ན་འཛམ་གླིང་གི་དང་པོར་ཆགས་ཡོད། སྔོན་དུས་རབས་བདུན་པ་ནས་བཟུང་གཞུང་ཕྱོགས་ནས་ཕྱི་འབྲེལ་སློབ་མ་དང་ཤེས་ཡོན་མིང་བཏགས། ཡོན་ཚད་དང་ཐོབ་ཐང་སོགས་དོ་དམ་རང་བཞིན་གྱི་སྒྲིག་གཞི་ལེགས་པོ་ཞིག་བྱུང་ཡོད།དགོན་པ་ནི་བོད་མི་རིགས་ཀྱི་ཆོས་ལུགས་ཆོ་ག་དང་། མི་སྣ་གསོ་སྐྱོང་། ཤེས་ཡོན་རྒྱུན་འཛིན། གསུང་རབས་ཉར་ཚགས་སོགས་མདོར་ན་བོད་ཀྱི་རིག་གནས་སློབ་གསོའི་རྒྱུད་འཛིན་དང་དར་སྤེལ་གྱི་འབྱུང་རྩའམ་གཏེར་གནས་ལྟ་བུར་གྱུར་ཡོད། སྡོམ་རྩིས་བྱས་པ་ལྟར་ན་དུས་རབས་སྔ་མའི་ལོ་རབས་ལྔ་བཅུ་བའི་མཚམས་སུ་དགོན་པ་ཆེ་ཆུང་ལྔ་སྟོང་ཉིས་བརྒྱ་ལྷག་དང་། དེ་ལས་གྲྭ་བཙུན་གྱིས་བརྒྱ་ཆའི་ཉེར་ལྔ་ཟིན་ཡོད། ད་དུང་ཁྱིམ་པ་བའི་མཁས་པའང་མང་བོ་ཡོད་དོ།། ཡང་གཅིག་བཤད་ན་བོད་མི་རིགས་ནི་འཛམ་གླིང་མིའི་རིགས་ལས་རིག་གནས་སློབ་གསོ་ཡི་ཐོན་ཁུངས་ཕྱུག་པོ་ཞིག་ཡིན་པར་མ་ཟད། མི་གྲངས་ཀྱི་ཆ་ནས་བཤད་ན་ཆེས་ཤེས་ཡོན་ལྡན་པ་ཞིག་ཡིན།

བོད་པའི་ཤུལ་བཞག་རིག་གནས་ནི་རྒྱལ་ཁབ་རང་བཞིན་ཅན་གྱི་འཛམ་གླིང་གི་ནོར་བུ་མཆོག་ཏུ་གྱུར་བ་ཞིག་ཡིན་ལ། ལྷག་པར་དུ་བཟོ་རིག་པ་དང་གསོ་བ་རིག་པ། རི་མོ། རྒྱན་ཆ། ཆོས་ལུགས། མཆོད་ཆས། གླུ་ལེན་གར་རྩེད། མེ་ཏོག་མཆོད་པ་སོགས་མིའི་རིགས་ཀྱི་བཟོ་ལས་ལག་རྩལ་གྱི་སྐྱེད་ཚལ་ལས་རྣམ་པར་བཀྲ་བའི་མེ་ཏོག་རྐང་གཅིག་ཡིན།

བོད་པའི་རིག་གནས་ཀྱི་རིན་ཐང་ལྟ་ཚུལ་ནི། ཆོག་ཤེས་པ་དང་། སེམས་པ་བཟང་བ། རང་བཞིན་དྲང་ཞིང་གཡོ་སྒྱུ་མེད་པ། བཟོད་བསྲན་ཆེ་ལ་རྒྱུ་འབྲས་སྲུང་བ། དམན་པར་སྦྱིན་གཏོང་དང་བྱམས་ཀྱིས་སྐྱོང་བ། ཕྱིའི་རྣམ་པའི་མཐུན་རྐྱེན་ལས་ནང་བསམ་པའི་དཔལ་ཡོན་གཙིགས་སུ་འཛིན་པ་དང་། རིག་གནས་དེ་ཡི་ཉིང་དགོས་སམ་༼སྙིང་སྟོབས༽ནི་བྱམས་དང་སྙིང་རྗེ།ཚོགས་གསོག་སྒྲིབ་སྦྱོང་། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་བཅས་ཡིན། བོད་པའི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པར་མ་ཟད། མིའི་རིགས་ཀྱི་ཤེས་ཡོན་ལ་རྣམ་པར་བཀྲ་བའི་བཀྲག་མདངས་ཤིག་སྦྱིན་ཡོད། ཐུན་མོང་མ་ཡིན་པའི་རིག་གནས་ལས་བསྐྱེད་པའི་སྲོལ་རྒྱུན་དང་། གོང་བུ་གཅིག་ཏུ་སྒྲིལ་བའི་དད་པ། འབྱོར་ཕྱུག་ལྡན་པའི་ཕུན་ཚོགས། མཛེས་ཤིང་ལྟ་ན་སྡུག་པའི་གཞིས་ཁྱིམ་སྟེ་བོད་མི་རིགས་ཀྱི་མི་རབས་ནས་མི་རབས་སུ་འཚོ་གནས་སུ་གྱུར་ཡོད་པ་དང་། གོང་བུ་གཅིག་ཏུ་བསྒྲིལ་ནས་སྟོབས་འབྱོར་མངའ་ཐང་དར་བའི་འཕེལ་རྒྱས་ཀྱི་གཞི་རྩའི་རྟེན་སའང་ཡིན། མི་གྲངས་ཀྱི་ཆ་ནས་བོད་མི་རིགས་ནི་ཀྲུང་གོ་བའི་༠·༠༤%དང་འཛམ་གླིང་གི་༠·༠༠༨%ཙམ་ལས་ཟིན་མེད་ཀྱང་བོད་ཀྱི་རིག་གནས་ལ་འཛམ་གླིང་གི་མི་རིགས་མང་པོས་འགྲམ་ཆུ་ལྡང་བའང་དེ་བས་ཡིན་ནོ།།

ད་ལྟའི་མིའི་རིགས་ཀྱིས་ཤེས་ཡོན་ལ་བརྟེན་ནས་ནམ་མཁའི་དབྱིངས་སུ་བསྐྱོད་པར་མ་ཟད། ཚན་རིག་ལག་རྩལ་ཀྱང་ཉིན་རེ་ནས་ཉིན་རེར་གསར་རྟོགས་དང་འཕེལ་རྒྱས་འགྲོ་བཞིན་པའི་དུས་རབས་ཉེར་གཅིག་པ་འདིར་བོད་ཀྱི་རིག་གནས་ལ་རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རུས་རྒྱུད་མི་འདྲ་མང་བོས་དགའ་བསུ་དང་ཞིབ་འཇུག་གིས་དོ་སྣང་བྱ་དོན། བོད་ཀྱི་རིག་གཞུང་འདི་ཡིས་མིའི་རིགས་ལ་བླ་ན་མེད་པའི་ཁ་ཕྱོགས་སྟོན་ཐུབ་པ་དང་ཕྱོགས་སྟོན་མཁན་ཏུ་གྱུར་ཡོད་པས་ཡིན།

བོད་མི་རིགས་ནི་རླབས་ཆེ་བའི་ཀྲུང་གོ་སྐྲུན་མཁན་གྱི་ནང་གསེས་གཅིག་སྟེ། ཀྲུང་གོའི་འདས་མ་ད་གསུམ་གྱི་ཆབ་སྲིད་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། ཚན་རྩལ། སློབ་གསོ། སྐྱེ་ཁམས། རྒྱལ་སྲུང་སྟེ་མེས་རྒྱལ་གྱི་མངའ་ཁོངས་ཆ་ཚང་བ་དང་མཐའ་མཚམས་སུ་བདེ་འཇགས་སོགས་མདོར་ན་ཀྲུང་ཧྭ་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ལ་རིན་ཐང་བྲལ་བའི་མཛད་རྗེས་རླབས་པོ་ཆེ་བཞག་ཡོད། ལྷག་པར་དུ་བོད་པའི་ཆོས་པ་དག་གིས་བོད་པ་ཙམ་མ་ཟད། རྒྱ་དང་སོག་པོ་ལ་སོགས་པའི་སེམས་ཅན་མང་པོར་དམ་ཆོས་ཀྱི་བདུད་རྩི་མྱོང་ཐུབ་པའི་ཆེད་དུ། ཡོན་དང་མིང་ཆིང་རྒྱལ་རབས་སྐབས་སུ་དབང་བསྒྱུར་གྲལ་རིམ་ལ་ངོ་སྲུང་སྟེ་རྒྱལ་ཁབ་གཅིག་གྱུར་དང་མཐའ་མཚམས་བདེ་འཇགས་ལ་དྲག་པོའི་དམག་བཤམས་པ་ལས་ཀྱང་བྱས་རྗེས་ཆེན་པོ་བཞག་ཡོད། དེར་བསྟུན་བོད་མི་རིགས་ཀྱི་ཆོས་ལུགས་ཆོ་ག་དང་། རིག་གནས་སྣ་ཚོགས་རྒྱལ་ས་པེ་ཅིན་སོགས་གྲོང་ཁྱེར་གཞན་དང་གཞན་དུ་སྤེལ་ཡོད་པ་ནི་ད་ལྟ་མཐོང་ཆོས་སུ་གྱུར་བ་མ་ཟད་ལོ་རྒྱུས་ཀྱི་དྲན་ཤིང་དང་ཚབ་མཚོན་ལྟ་བུར་གྱུར་ཡོད།

གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་ཁྲི་ལྔ་སྟོང་ལྡན་པའི་གངས་ཅན་ཁ་བའི་ལྗོངས་ནི་ཀྲུང་གོ་ཙམ་དུ་མ་ཟད། ཨེ་ཤ་ཡའི་རིག་གནས་ཁྱད་པར་ཅན་འབྱུང་ས་དང་། ཆུ་སྣ་མང་པོའི་གཏེར་མཛོད། གཏེར་ཁ་དངོས་རྫས་ཀྱིས་ཕྱུག་པ། སྐྱེ་ཁམས་ལ་གནོད་པ་ཐེབས་མེད་པའི་རང་བྱུང་གི་ཁོར་ཡུག་ལྟ་ན་སྡུག་ཅིང་མེས་རྒྱལ་གྱི་མཐའ་མཚམས་སུ་གནས་ཡོད།

ས་ཕྱོགས་གཞན་ན་གནས་པའི་བོད་རིགས་སྤུན་ཟླ་རྣམ་པས། རང་མི་རིགས་ཀྱི་སྔོན་བྱོན་སྐྱེས་བུ་དག་གི་འོད་སྟོང་འབར་བའི་མཛད་རྗེས་དེས་རང་ཉིད་ལ་དཔའ་ངར་དང་སྙིང་སྟོབས་ཀྱི་སྐུལ་མ་བཏང་སྟེ། རང་ཉིད་རང་གིས་ངོས་ཟིན་པ་དང་། དཔྱོད་ཤེས་ལྡན་པའི་སྒོ་ནས་རང་རྟོན་རང་རྩིས་བྱ་བ།འཛམ་གླིང་གི་མི་རིགས་མང་པོར་བོད་པའི་རིག་གནས་ཀྱི་བག་ཆགས་ཟབ་མོ་འཇོག་དགོས་པར་མ་ཟད། མེས་རྒྱལ་གྱི་དཔལ་འབྱོར་དང་། མཐུན་སྒྲིལ།སྤྱི་ཚོགས་བརྟན་འཇགས་སོགས་ལ་སྔར་བཞིན་ལག་རྗེས་འཇོག་ཅི་ཐུབ་བྱ་དགོས།

གཉིས། ཡུལ་གཞན་ན་གནས་པའི་བོད་མི་རིགས་དག་གིས་མི་རིགས་ཕན་ཚུན་བར་འགྲོགས་འདྲིས་བྱེད་སྐབས་ཁེངས་ཆུང་བག་ཡོད་དང་གཞུང་དྲང་བྱམས་ལྡན་བྱ་རྒྱུ།[རྩོམ་སྒྲིག]

མི་དམངས་དང་། མི་རིགས། རྒྱལ་ཁབ་ཕན་ཚུན་བར་གཟི་བརྗིད་དང་བརྙས་བཅོས་སོགས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གྲུབ་ཡོད། ང་ཚོ་ཚང་མ་བོད་ཡིན་པར་མ་ཟད་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་རེད། སྤྱི་ཚོགས་ཀྱི་གཞི་རྩའི་མི་དམངས་དཀྱུས་མ་རེ་རེ་ཡིན་ཞིང་། རྒྱལ་ཁབ་ནི་མི་དང་མི་རིགས་མང་པོ་ལས་གྲུབ་པའི་ཁྱིམ་ཚང་ཆེན་པོ་ཞིག་དང་མཚུངས་པས་ཕན་ཚུན་བར་འགལ་ཟླ་དང་དམའ་འབེབ། མི་མཐུན་པ་སོགས་ཡེ་ནས་བྱ་རྒྱུ་མེད་ལ་བྱའང་མི་རུང་། མི་དམངས་ཡོངས་རྫོགས་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པ་དང་། སྤྱི་དམངས་དང་མི་རིགས་སུ་དང་གང་ཞིག་ཡིན་རུང་རྩ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ཐོབ་ཐང་དང་འགན་འཁུར་རང་དབང་བཅས་ཡོད། དེར་དབང་བའི་ཐོབ་ཐང་ལ་བརྩི་འཇོག་དང་རྒྱུན་འཁྱོངས་བྱ་རྒྱུའི་འགན་འཁུར་ཡོད། མི་རིགས་གང་དང་གང་ཞིག་ཡིན་རུང་རང་མི་རིགས་ཀྱི་མཚན་སྙན་སྲུང་བ་དང་ཁེ་ཕན་བསྐྲུན་པར་འགན་འཁུར་ཡོད་པར་མ་ཟད། དོན་གྱིས་རྒྱལ་ཁབ་ཀྱི་མཚན་སྙན་དང་། ཁེ་ཕན་སྲུང་བ་གཅིག་མཚུངས་ཡིན་པས་དེ་ལ་རྒྱལ་གཅེས་པར་འབོད། རྒྱུ་མཚན་ནི་མི་རིགས་མང་པོ་ལས་གྲུབ་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་མི་དམངས་དང་། མི་རིགས་ལས་བྲལ་བའི་རྒྱལ་གཅེས་པ་ཞིག་གཞི་མི་གྲུབ་པ་དང་མི་སྲིད་པ་ཞིག་རེད།གལ་ཏེ་ཡོད་ན་དེ་འདྲའི་རྒྱལ་གཅེས་པ་དེ་ནི་ལྟག་ཆུ་ཆད་པའི་རྫིང་བུ་དང་རྩ་བ་མེད་པའི་སྡོང་བོ་དང་མཚུངས་པའི་བརྩེ་བ་སྐྱོན་ཅན་ཞིག་རེད། ཡུལ་གཞན་ན་བྱེས་པའི་སྤུན་ཟླ་རྣམ་པས་གནས་བབ་གང་དང་གང་ཡིན་རུང་ཁེངས་སྐྱུངས་ཚུལ་མཐུན་དང་གཞུང་རྒྱུད་དྲང་མོར་འཚོ་བ་སྐྱེལ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ། མི་རིགས་གཞན་ལ་བོད་ཆེན་པོའི་དར་རྒུད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་བྱུང་འཕེལ་སོགས་ངོ་སྤྲོད་བྱེད་སྐབས་མི་ཤེས་ཤེས་ཁུལ་གྱིས་སངས་རྒྱས་ལ་ཀ་ཁ་དང་། མཛོ་བདག་ལ་མཛོ་རྒྱུས་ལྟ་བུའི་ཉ་དང་ཉུང་མ་བསྲེས་ནས་རང་བསྟོད་དང་འུར་སྒྲོག་གིས་རང་མཚང་མི་སྟོན་པ། རང་ཉིད་ཀྱི་ཁེ་ཕན་ཙམ་གྱི་ཆེད་དུ་མི་རིགས་དང་དེའི་རིག་གནས་སོགས་ལ་དགག་པ་དང་འཁྱོག་བཤད། དམའ་འབེབ་སོགས་འདྲེ་གདོན་གྱི་ལས་ལྟ་བུ་བྱ་མི་རུང་། ལྷག་པར་དུ་སྒྲོ་འདོགས་དང་སྐུར་འདེབས། མགོ་བཙོང་སོགས་མི་རིགས་ཀྱི་ཁེ་ཕན་དང་མཚན་སྙན་ལ་གནོད་པའི་བྱ་སྤྱོད་གཏན་ནས་སྤེལ་མི་རུང་། དེ་འདྲའི་འཛད་སྤྱོད་པ་ཉུང་ཉུང་ཡིན་ཀྱང་ང་ཚོས་དུས་ནམ་ཡིན་ཡང་རིམས་ནད་བཞིན་དུ་འཛེམ་དགོས། དེ་འདྲའི་སྤྱོད་ངན་དེ་བོད་མི་རིགས་ཀྱི་མི་གཞིའི་ཀུན་སྤྱོད་དང་རིན་ཐང་ལྟ་ཚུལ་ལས་འགོངས་པར་མ་ཟད། ཡུལ་མི་སྤུན་ཟླ་དག་གིས་གོ་ན་ཡིད་སྐྱོ་བའི་གནས་དང་མི་རིགས་གཞན་གྱིས་ཀྱང་མཐོང་ཆུང་བྱ་ངེས་པའི་གནས་སོ། ། ཡུལ་གཞན་དུ་བྱེས་པའི་བོད་མི་སུ་ཞིག་ཡིན་རུང་གཏན་དུ་སེམས་ལ་འཛིན་རྒྱུ་གཅིག་ཡོད་པ་ནི། ཁྱེད་ལ་རང་མི་རིགས་ཀྱི་ལ་རྒྱ་དང་གཟི་བརྗིད་བསྐྲུན་པའི་འགན་འཁུར་ཡོད་པ་ལས་རང་མི་རིགས་ལ་དཀའ་ལས་གཏོར་ཞིག་སོགས་བྱེད་པའི་ཁུར་ནི་སྤུ་ཙམ་ཡང་མེད།

གསུམ་པ། ཡར་ལུང་ཁོག་པར་གནས་ན་ཡར་ལྷ་ཤམ་པོར་མཆོད་དགོས་ཟེེར་བ་ནང་བཞིན་གྲོང་ཁྱེར་ནས་བསྡད་ན་འགྲིམ་འགྲུལ་དོ་དམ་སོགས་ལ་ཉམས་བཞག་ནས་གྲོང་ཁྱེར་གྱི་འཚོ་བར་བསྟུན་དགོས་པ་རེད།[རྩོམ་སྒྲིག]

ཁོད་ཡངས་པའི་ཕ་ཡུལ་གྱི་རྩྭ་ཐང་དུ་མི་ཉུང་བར་མ་ཟད། ཁྱིམ་ཚང་རྣམས་ཀྱང་ཁ་ཐོར་ཏེ་གནས་པ་ཡིན་པས་ཁྱིམ་རེ་ལ་ཁང་ས་རེ་བྱས་ནས་ཕན་ཚུན་ལ་མི་གནོད་པར་གནས། རང་ཉིད་ཁྱིམ་ནས་ཇི་འདྲའི་དགའ་དགའ་སྤྲོ་སྤྲོའི་ངང་རྩེད་འཇོ་རོལ་ཡང་གཞན་གྱིས་བར་ཆད་བྱེད་མཁན་མེད་ལ། གཞན་ལའང་བར་ཆད་ཨེ་འབྱུང་བསམ་ནས་དོགས་མི་དགོས། ནངས་སྔ་ལངས་དང་དགུང་ཕྱི་ལོག་ཡིན། འགྲོན་པོ་སོགས་གང་འདོད་དུ་རུ་སྡེ་ཁྱིམ་ཚང་ལ་འགྲོ་ཆོག་པ། ཁང་བའི་མདུན་རྒྱབ་སོགས་ལ་དམིགས་ཀྱིས་གཙང་སྦྲ་མེད་པ། གད་སྙིགས་དག་ཀྱང་ཟུར་སྣེ་གང་རུང་དང་ལྷས་ར་ནང་དུ་གཏོར་ཆོག་པ་མ་ཟད་དེ་དག་ལུད་དུ་གྱུར་འགྲོ། གཅིན་སྐྱག་དང་གད་སྙིགས་སོགས་སྒོའི་ཕྱིར་བུད་པ་དང་མཉམ་དུ་གང་འདོད་དུ་གཏོར་ཀྱང་དེ་མ་ཐག་ཏུ་ས་གཞི་ཆེན་པོས་འཇུ་ནས་རྩི་ཤིང་མེ་ཏོག་གི་ལུད་དུ་འགྱུར་འགྲོ། ལམ་དུ་འགྲོ་སྐབས་མི་དང་ནོར་ལུག་སོགས་གང་ཟག་ཕན་ཚུན་བར་ལམ་གཡོལ་མི་དགོས། ཁྲོམ་ར་སོགས་ནས་འཛོམས་ཀྱང་དགོད་དགོད་གཏམ་དང་སྤྲོ་སྤྲོ་གླུ་སོགས་བྲོ་དང་གླུ་ཡིས་རྩེད་འཇོ་རོལ་བ་ནི་ང་ཚོའི་བོད་པའི་གོམས་གཤིས་ཡིན། གྲོགས་པོ་དང་ངོ་མི་ཤེས་པའི་འགྲོན་པོ་སུ་ཡིན་ཀྱང་འཇམ་པོའི་ཚིག་དང་སྤྲོ་བའི་འཛུམ་གྱིས་བསུ་བ་ནི་ང་ཚོ་བོད་པ་ཚང་གི་ཡ་རབས་སྤྱོད་པ་ཡིན། འདི་དག་ནི་གྲོང་ཁྱེར་ནང་དུ་ཅིས་ཀྱང་མི་འཚམ། གྲོང་ཁྱེར་ནས་ཁང་བརྩེགས་གཅིག་དང་ར་སྐོར་གཅིག་ཏུ་ཁྱིམ་ཚང་ཉུང་ན་བཅུ་ཕྲག་དང་མང་ན་བརྒྱ་ཕྲག་ཁ་ཤས་མཉམ་དུ་སྡོད་དགོས་པ་ཡིན། རླངས་འཁོར་དང་མིའི་འགྲོ་ལམ་གཅིག་ལས་མེད་ཅིང་།སྒོར་འབུད་པ་དང་ཕྱིར་ལོག་པའི་དུས་ཚོད་རྒྱུན་ལྡན་ཡིན་པ་དང་། ར་སྐོར་གྱི་སྒོ་ཁར་སྒོ་སྲུང་ཡོད། ཁྱེད་ཀྱིས་འདི་དག་ལ་མཉམ་འཇོག་དང་བརྩི་སྲུང་བྱ་དགོས། གླུ་ལེན་གར་རྩེད་དང་། ས་མཆོང་གནམ་ལྡིང་སོགས་འ་འུར་ཟང་ཟིང་གིས་ཁྱིམ་མཚེས་གཡས་གཡོན་དང་གོང་འོག་གི་ལྷིང་འཇགས་དཀྲོག་མི་རུང་། གད་སྙིགས་དག་གང་དགར་མི་གཏོར་བར་སྙིགས་སྒམ་དུ་འཕེན་དགོས། སྒོར་འབུད་པ་དང་ཕྱིར་ལོག་སྐབས་དུས་ལྟར་དུ་ཕེབས་པ། གལ་ཏེ་ཁྱེད་ཉིད་འགོར་འགྱངས་ཐེབས་ན་སྒོར་མོ་སྤྲོད་དགོས་པ་དང་ཐོ་འགོད་པ།གཅིན་སྐྱག་གཙང་སྤྱོད་ལས་གཞན་དུ་མི་གཏང་བ། མི་ཚོགས་མང་དུས་གླུ་ལེན་གར་རྩེད་སོགས་འུར་བརྒྱབ་ནས་གཞན་གྱི་ལྷིང་འཇགས་དཀྲོགས་མི་ཆོག རྒྱུས་མེད་པའི་མི་ལ་ཐུག་ན་ཁ་ཡ་བྱེད་པར་མི་སྤྲོ་བ། ལམ་དུ་བགྲོད་སྐབས་ཀྱང་གཙོ་བོ་ཁྱེད་ཉིད་ཀྱི་བདེ་འཇགས་དང་འགྲིམ་འགྲུལ་རྣམས་བདེ་ལེགས་འགྲོ་ཆེད་གློག་ལྗང་ཁུ་ལས་དམར་པོ་ཡིན་དུས་འགྲོ་མི་རུང་།

ང་ཚོའི་ཕ་ཡུལ་ལ་མཚོན་ན་ཁྱིམ་དང་སྦྲ་གུར་གྱི་སྒོ་གཏན་ནས་མི་རྒྱག་པ་དང་། བརྒྱབ་ཀྱང་ནོར་ལུག་སོགས་ནང་དུ་སོང་ནས་བཅའ་དངོས་མི་གཅོག་པ་དང་བྲུན་རྟུག་གིས་རྫབ་མི་བྱེད་པའི་ཆེད་མ་གཏོགས་རྐུན་མ་སོགས་འགོག་པའི་ནུས་པ་མེད། རྒྱུ་མཚན་ང་ཚོའི་ཕ་ཡུལ་དུ་རྐུན་མ་ཧ་ཅང་ཉུང་བས་ཡིན། ནང་མི་ཡོད་མེད་གང་ཡིན་ཀྱང་ཁྱིམ་མཚེས་སོགས་ཀྱིས་ཅ་དངོས་གཡར་འདོད་པ་དང་བསླང་འདོད་པ་དེ་ཅི་དགར་ལེན་ཆོག ཁྱིམ་མཚེས་ཕན་ཚུན་ཕར་འགྲོ་ཚུར་འོང་གིས་ཇ་མཉམ་འཐུང་དང་ཟས་མཉམ་ཟ། གཏམ་དྲང་མོ་དང་ལག་ལས་ཀ་མཉམ་ལས། ཁྱེད་མེད་ན་ངས་སྲུང་བ་དང་ང་མེད་ན་ཁྱེད་ཀྱིས་ལས་པ་སོགས་གཅིག་ལ་གཅིག་བརྟེན་གྱིས་ལོ་ངོ་སྟོང་ཕྲག་མང་བོའི་རིང་ལ་ཡ་རབས་སྤྱོད་བཟང་གི་འཚོ་སྟངས་འདི་འདྲ་དར་ཡོད་ལ། ཡིན་ཡང་གྲོང་ཁྱེར་ནང་དུ་དེ་འདྲའི་གོམས་སྲོལ་མེད་པར་མ་ཟད། ཁྱིམ་མཚེས་ཕན་ཚུན་བར་ལ་ཅ་དངོས་སོགས་ཕན་ཚུན་ལ་གཡར་བའི་སྲོལ་ཧ་ཅང་ཉུང་ཉུང་རེད། ཁང་བརྩེགས་ཤིག་གི་ཁྱིམ་མཚེས་ཕན་ཚུན་བར་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཁྱིམ་མཚེས་ཡིན་ཀྱང་ཕན་ཚུན་ངོ་མི་ཤེས་པ་དང་། འབྲེལ་འདྲིས་མེད་པ། ཐ་ན་མིང་ཙམ་ཡང་མི་ཤེས་པར་བསྡད་ཡོད། ཕན་ཚུན་ཁ་ཡ་མི་བྱེད་པ་ནི་རྒྱུན་ལྡན་ལས་ཀྱང་རྒྱུན་ལྡན་ཞིག་ཡིན། ཁྱིམ་མཚེས་ཚང་དུ་མི་མེད་ན་ནང་དུ་གཏན་ནས་འགྲོ་མི་ཉན་ཞིང་། ཁྱིམ་བདག་གིས་ནང་དུ་ཕེབས་བསུ་ཡོད་ན་ད་གཟོད་འགྲོ་བ་དང་། འགྲོ་སྐབས་ཀྱང་ལྷམ་ཕུད་དེ་གདན་སོགས་མི་སྣོགས་པར་བྱ་དགོས་པ་ཡིན།

བོད་པ་རྣམས་མགྲོན་པོར་ཤིན་ཏུ་དགའ་བར་མ་ཟད། མགྲོན་ལ་ཅ་དངོས་གཡར་བ་དང་། གནས་ཚང་གཡར་བ། ཟ་མ་ཟ་བ་སོགས་ལ་རིན་སྤྲོད་མི་དགོས་ལ། ཁོ་ར་ཁོར་ཡུག་ཀུན་ནས་སིལ་ཏོག་སོགས་གང་འདོད་ལྟར་དུ་ཟ་ཡང་ཆོག ཡིན་ཡང་ཁྱེད་རང་ད་ལྟ་ཕ་ཡུལ་དང་ཁ་གྱེས་ནས་གྲོང་ཁྱེར་ནང་དུ་བསྡད་པ་ན་འདི་དག་ཡོད་ཚད་ལ་རིན་སྤྲོད་དགོས་པ་རེད། ཐ་ན་ཆུ་ཁམ་གང་འཐུང་ནའང་རིན་དངུལ་སྤྲོད་དགོས། ཕ་ཡུལ་གྱི་རིན་མེད་དངོས་པོ་དེ་དག་གྲོང་ཁྱེར་དུ་མཐོང་རྒྱུ་མི་འདུག རླངས་འཁོར་འདུག་པ། ཟ་མ་ཟ་བ། ཇ་འཐུང་བ། སྤྲོ་གསེང་ལ་འགྲོ་བ། འཁྲབ་སྟོན་ལ་ལྟ་བ་སོགས་རང་ཉིད་ཀྱི་སྒོ་ཁྱིམ་ལས་བུད་པ་ནས་བཟུང་ཐམས་ཅད་ལ་རང་འགུལ་གྱིས་དངུལ་སྤྲད་རྒྱུ་སེམས་སུ་འཇགས་པར་གྱིས།

ཕྱི་རོལ་ཏུ་བུད་པས་ཐོག་མར་ཁང་བ་གླ་རྒྱུ་དང་། དེ་ལ་དུས་ལྟར་གླ་ཆ་སྤྲོད་རྒྱུ། ཁང་བདག་འཐད་པ་མ་བྱུང་བར་གང་འདོད་ཀྱིས་གཞན་ལ་མི་སྐོར་བ། སྒོ་དྲྭ་མ་སོགས་ཁྱིམ་ཆས་ལ་གཅེས་སྤྲས་བྱ་བ། གླུ་ལེན་གར་རྩེད་སོགས་སྐད་གསེང་མཐོན་པོས་འུར་མི་རྒྱག་པ། སྒོ་འགྲམ་སོགས་བགྲོད་ལམ་ནས་གད་སྙིགས་མི་སྤུངས་པར་གད་སྙིགས་སྒམ་དུ་འཕེན་པ་དང་སྤྱི་གཞུང་ཁོར་ཡུག་ལ་གཅེས་སྤྲས་བྱ་བའོ། །

བཞི་བ། བོད་རིགས་སྤུན་ཟླ་རྣམས་གནས་གཞན་དུ་འགྲོ་སྐབས། སྒྲུབ་དགོས་པ་དང་སྒྲུབ་མི་འོས་པ་ངོ་ཤེས་པའི་སྒོ་ནས་ཡུལ་གཞན་གྱི་མི་དག་གིས་ང་ཚོ་དང་ལེན་དང་བརྩི་བཀུར་བཅས་ཕན་ཚུན་འཆམ་མཐུན་ངང་ནས་འདྲིས་པར་བྱ་དགོས།[རྩོམ་སྒྲིག]

སྒྲུབ་དགོས་པ་ནི་ང་ཚོའི་ཤ་གསེང་རུས་གསེང་དུ་འཇགས་ཡོད་པའི་ལྷག་བསམ་དང་། རྒྱུ་ནོར་གྱི་ཁེ་ཕན་ལས་བརྩེ་འདང་གཙོ་བོར་འཛིན་པའི་བཟང་སྤྱོད། གཞན་ཕན་གྱི་སེམས། བྱམས་དང་སྙིང་རྗེ། ལས་རྒྱུ་འབྲས་བསྲུང་བ་སོགས་རིན་ཐང་གི་ལྟ་ཚུལ་དེ་དག་དང་། མགྲོན་ལ་དགའ་བ། གུས་ཞབས་ལྡན་པ། མཐུན་སྒྲིལ་ཆེ་བ་སོགས་ཡ་རབས་སྤྱོད་བཟང་དེ་དག་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་ཡུལ་གཞན་ནས་ངོམ་པ་དང་དར་སྤེལ་བཏང་སྟེ། གྲོང་ཁྱེར་ནང་གི་མི་ལེགས་པ་དང་མི་གཙང་བའི་ཁོར་ཡུག་དང་ཀུན་སྤྱོད་ངན་པ་ལ་མིག་དཔེ་ཡག་པོ་འཇོག་ཅི་ཐུབ་ཀྱིས་སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་ཟེར་བ་ནང་བཞིན་རང་རིགས་ཀྱི་ཡ་རབས་སྤྱོད་བཟང་གི་བག་ཆགས་ཀྱིས་ཁོ་ཚོའི་ཡིད་དབང་གཏིང་ནས་དྲངས་ཏེ་རང་བཞིན་གྱིས་ང་ཚོར་སེམས་འགུལ་ཐེབས་སུ་འཇུག་དགོས།

སྒྲུབ་མི་འོས་པ་ནི། ང་ཚོའི་སྤུན་ཟླ་དག་ལས་སྲོལ་རྒྱུན་གྱི་ཡ་རབས་སྤྱོད་བཟང་དང་བསམ་པ་ཡར་སྐུལ་གྱི་ཤུགས་རྐྱེན་ཐེབས་མེད་པའི་མི་འགའ་ཤས་དང་། གཞན་མི་རིགས་ཀྱི་རིག་གནས་སྙིགས་རོ་ལས་ལྷག་པའི་བྱ་སྤྱོད་དང་བསམ་བློ་དག་འཁྱེར་ནས་ཁང་གླ་དུས་ལྟར་མི་སྤྲོད་པ། གླ་གཏོང་དང་ཟ་མ་ལ་རིན་མི་སྤྲོད་པ། སྤྱི་གཞུང་ཁོར་ཡུག་ནས་གང་འདོད་ཀྱིས་གླུ་ལེན་གར་རྩེད་དང་ཆང་འཐུང་དུ་འཐེན་གྱིས་འུར་རྒྱག་པ་དང་གཅེས་སྤྲས་མི་བྱ་བ།ཚོང་ཟོག་རྫུན་མ་དང་གཞན་གྱི་མི་ངན་ནག་ཚོགས་ཀྱི་གཡོ་སྒྱུའི་འོག་ནས་ཇག་རྐུན་ཁྲམ་པ་སོགས་ཀྱི་ལས་བྱེད་པ། གྲྭ་ཆས་གྱོན་ནས་བཙུན་པའི་ལས་མི་བྱེད་པར་བག་ཆགས་ངན་པ་འཇོག་པ་སོགས་ཀྱིས་བོད་མི་ནི་བླུན་པོ་དང་ཁྲམ་པ། རྫུན་རྐྱལ། གནས་ལུགས་མི་བརྩི་བ། ཀུན་སྤྱོད་མི་ལེགས་པ། དམུ་རྒོད་ཀླ་ཀློ་ཤ་སྟག་ཡིན་པའི་ལྟ་སྟངས་ཀྱིས་བོད་མི་རིགས་ཀྱི་མཚན་སྙན་ལ་རྨ་འབྱིན་པའི་མི་འདི་དག་ནི་མི་རིགས་ཀྱི་ཞབས་འདྲེན་ཁོ་ཐག་ཡིན་པས་ཁྱིམ་ཚང་དང་སྡེ་བ། དགོན་པ་དང་ས་གནས་སྲིད་གཞུང་སོགས་སུ་དང་གང་ཡིན་རུང་གཏན་ནས་རྒྱབ་སྐྱོར་དང་ཉེས་འགེབ་ཀྱིས་རྒྱ་ཡན་དུ་མི་གཏོང་བར་སྤྱི་ཚོགས་དང་དཔལ་འབྱོར་སོགས་ལས་ལེ་བདའ་དང་ཆད་པ་ནན་མོ་བཅད་ནས་དཀར་ཐུག་ནང་དུ་ཁྲག་ཐིག་འཕེན་དུ་འཇུག་མི་ཉན།

རྒྱ་བོད་གཉིས་གནའ་སྔ་མོ་ནས་བཟུང་ཟམ་མ་ཆད་པར་འབྲེལ་བ་ཟབ་མོ་བྱུང་ཡོད། བོད་མི་རིགས་ཀྱིས་རྣམ་པ་ཀུན་ཏུ་རྒྱ་རིགས་སྤུན་ཟླ་རྣམས་བོད་ཁུལ་ནས་འཚོང་གཉེར་དང་ལས་གཉེར་གསར་སྐྲུན། གནས་སྡོད་དང་ཡུལ་སྐོར་ལྗོངས་རྒྱུ་སོགས་གང་བྱས་ཀྱང་དགའ་བསུ་དང་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྦྱར་དང་སྦྱོར་བཞིན་ཡོད། རྒྱ་རིགས་སྤུན་ཟླ་ཤིན་ཏུ་མང་པོ་ཞིག་བོད་ཡུལ་ན་བདེ་ཞིང་སྐྱིད་པའི་ངང་གཞིས་ཁྱིམ་བཟུང་ཡོད་པ་དང་། བོད་ཁུལ་གྱི་ཏང་དང་སྲིད་གཞུང་། དམག་སྒར། ཞིབ་འཇུག སློབ་གསོ་སོགས་སྡེ་ཁག་སོ་སོའི་འགོ་གཙོ་དང་ལས་གཉེར་རྐང་འཛིན་པ་གྱུར་ཡོད་པ་མ་ཟད་དེ་དག་ལ་བརྩི་བཀུར་དང་དགའ་བསུ་ཞུ་བཞིན་ཡོད།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ཙམ་ནས་བཟུང་བོད་མི་འབོར་ཆེན་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་ལ་གཞིས་སྡོད་བྱེད་པ་མ་ཟད་ཉེ་བའི་ལོ་འདི་ག་ལ་ཇེ་མང་ནས་ཇེ་མང་རེད། ཡིན་ནའང་འུ་ཚོས་རྒྱ་རིགས་བོད་ཡུལ་ན་ཡོད་པའི་བརྒྱ་ཆའི་ལྔ་ཙམ་ཡང་མི་ཟིན། གྲོང་ཁྱེར་དེ་དག་ལས་གཞིས་སྡོད་ཡོང་བ་ལ་དེ་ཙམ་གྱིས་དགའ་བསུ་མེད་པར་མ་ཟད་རྣམ་འགྱུར་ཅུང་ཙམ་སྡུག་པོ་བསྟན་པའི་གནས་ཚུལ་འདྲ་ཆགས་ཡོད། ཁོང་ཚོའི་རྒྱ་མི་རྣམས་བོད་ཡུལ་ནས་ལས་གཉེར་གང་བྱས་ཀྱང་དགའ་བསུ་དང་རང་དབང་ལྡན་པ་མ་ཟད་གང་ལ་གང་འཚམ་གྱིས་མཐུན་རྐྱེན་སྦྱར་དང་སྦྱོར་བཞིན་པ་ལྟོས་ས་ལྟོས་འཇོག་གིས་ཤེས་མཁན་དང་བསམ་བློ་གཏོང་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་། རྒྱ་མི་དེ་དག་ལས་ཁོང་ཚོ་ནི་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོ་འདི་ཡི་ཁྱིམ་བདག་ལྟ་བུར་ཡིན་པས་གྲངས་ཉུང་མི་རིགས་གཞན་དག་ཚོགས་ལ་བདག་སྐྱོང་བྱ་རྒྱུའི་བསམ་བློ་འདུ་ཤེས་ཡོད་མཁན་དེ་བས་ཀྱང་ཉུང་ཉུང་རེད། དེ་བཞིན་དུ་གྲོང་ཁྱེར་གྱི་བོད་མི་གཞིས་སྡོད་དག་ལ་འབྲེལ་བ་མི་བྱེད་པ་དང་བདག་སྐྱོང་མི་བྱ་བ། ཁ་ཡ་མི་བྱེད་པ། ཐ་ན་མཐོང་ཆུང་དང་དམའ་འབེབས། བརྙས་བཅོས་སོགས་མྱངས་དང་མྱོང་བཞིན་ཡོད། དེ་དག་ལ་གཙོ་འཛིན་ཞིན་ཅིན་ཕིང་གིས་ཀྱང་༢༠༡༤ལོའི་ཟླ་༩པར་ཀྲུང་དབྱང་མི་རིགས་ལས་དོན་གྱི་ཚོགས་ཐོག་ནས་“གྲངས་ཉུང་མི་རིགས་དག་གྲོང་ཁྱེར་དུ་ཡོང་སྐབས་རྣམ་པ་ཀུན་ཏུ་དགའ་བསུ་བྱ་དགོས་པ་ལས་ཡོང་མཁན་ཇི་ཙམ་ཉུང་ན་དེ་ཙམ་བཟང་བ་དང་འགྲོ་བ་ཇི་ཙམ་མགྱོགས་ན་དེ་ཙམ་ཕན་པའི་བསམ་བློ་སྐྱེ་མི་རིགས། འཛམ་གླིང་གི་ས་སྒང་རིལ་མོ་འདི་ཁྱིམ་ཚང་གཅིག་ཏུ་གྱུར་དང་འགྱུར་བཞིན་པའི་སྐབས་འདིར་རྒྱལ་ཁབ་གཅིག་གི་མངའ་ཁོངས་ན་རང་ལ་ཁེར་འདུག་རྭ་བ་སྐོར་བའི་གནས་མ་མཆིས་སོ”ཞེས་གསུངས།

ལྔ་བ། ཡུལ་གཞན་དུ་ཡོད་པའི་བོད་རིགས་སྤུན་ཟླ་དག་ལ་ཞུ་བའི་རེ་བ་ཁ་ཤས་ཡོད་པ་ནི།[རྩོམ་སྒྲིག]

ཡུལ་གཞན་ནས་སློབ་སྦྱོང་བ་ཚོས་ཐོག་མར་མི་ཚད་ལྡན་ཞིག་བྱས་ཏེ་ཤེས་ཡོན་ལ་འབད་རྒྱུ་ནི་གཞི་རྩའི་ཆ་རྐྱེན་ཡིན་པ་དང་། དེ་བས་ཕ་མའི་གསུང་རྩི་བ། བོད་མི་རིགས་ཀྱི་ཞུམ་པ་མེད་པའི་སྤོབས་པ་དང་ཕུལ་དུ་བྱུང་བའི་རྣམ་དཔྱོད། དཀའ་སྤྱད་ཀྱི་སྙིང་སྟོབས། བསླུ་བ་མེད་པའི་གཞུང་རྒྱུད། ཁ་དོན་ཚིག་ལ་གནས་པ་སོགས་རླབས་ཆེན་གྱི་སྲོལ་རྒྱུན་དེ་དག་དང་། སློབ་ལ་བརྩོན་ཞིང་ལེ་ལོ་མེད་པ། དགེན་ལ་བཀུར་ཞིང་གྲོགས་ལ་བྱམས་པ་སོགས་ཁྲིམས་མཐུན་ལུགས་མཐུན་གྱིས་སློབ་སྦྱོང་ལ་འབད་འབུངས་བྱ་དགོས།

ཕ་མས་ཁར་མ་འདང་རྒྱབ་མ་ཁེབས་ཀྱིས་ཁྱེད་ལ་སློབ་ཡོན་སོགས་སྤྲོད་ཀྱིན་ཡོད་པ་ཤེས་དགོས་པས་རྒྱུ་ནོར་ལ་གྲོན་ཆུང་བྱ་དགོས། སྤྱིར་ཡིན་ན་བསམ་པའི་འཁོར་ས་སློབ་སྦྱོང་ཡིན་པ་ལས་གོམས་པ་གྱོན་སྟངས་སོགས་ཕྱིའི་མཛེས་ཆས་སྟོན་རྒྱུ་མ་ཡིན་ལ། བུ་ཕྲུག་ཡ་རབས་ཅིག་ཡིན་ན་ཕ་མས་དཀའ་སྡུག་ལས་བསགས་པའི་སྒོར་མོས་ཕྱིའི་མཛེས་ཆས་སྟོན་བྱེད་སོགས་ཆུད་ཟོས་སུ་མི་གཏོང་བ། བོད་པའི་བྱིས་པ་དང་སློབ་མ་རྣམས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བྱིས་པ་ཚོ་ཇི་བཞིན་རང་ཉིད་རང་གིས་ཁ་གསོ་བའི་ལས་སློབ་གཉིས་བརྩོན་གྱི་སློབ་གསོའི་སྙིང་བཅུད་དེ་ལེན་དགོས། རྒྱུན་པར་ཕ་མ་ལ་ཁ་པར་དང་འཕྲིན་ཡིག་སོགས་འབྲེལ་བ་ཟམ་མ་ཆད་པར་འཚམས་འདྲི་དང་ཁ་བརྡ་བྱ་རྒྱུ་ལས་དངུལ་སྒོར་མེད་ཚེ། ཕ་མ་སོགས་དྲན་པ་ནི་ཧ་ཅང་སྐྱོ་བའི་གནས་རེད། དཔེ་མཛོད་ཁང་སོགས་སློབ་སྦྱོང་ལ་ཕན་པ་དང་རོགས་འདེགས་བྱེད་སར་རྒྱུན་པར་འགྲོ་རྒྱུ་གོམས་དགོས་པ་ལས། སློབ་རའི་ཕྱིའི་ཆང་ཁང་དང་དྲྭ་ཁང་ཇ་ཁང་ནང་དུ་མི་འགྲོའམ་འགྲོ་བ་ཉུང་ཉུང་བྱ་རྒྱུ། རྒྱལ་ཁབ་དང་མི་རིགས། སྤྱི་ཚོགས་དང་སློབ་གྲྭ། ཁྱིམ་ཚང་དག་གིས་ཁྱེད་ལ་ཤེས་ཡོན་གྱི་འཇོན་ཐང་སོགས་སྐྱེས་སྲུང་བྱ་རྒྱུའི་གོ་སྐབས་སྤྲད་ཡོད་པ་དེ་དམ་འཛིན་ནན་མོ་བྱ་དགོས།

ཡུལ་གཞན་དུ་སྡོད་པའི་སློབ་སྦྱོང་བ་སོ་སོས་རང་ཉིད་བོད་པ་ཞིག་ཏུ་སྐྱེ་བ་བླངས་པར་ང་རྒྱལ་དང་གཟི་བརྗིད་དུ་བརྩི་ཆོག་ཆོག་ཡིན་པ་མ་གཏོགས། ངོ་ཚ་དང་སྣང་ཆུང་བྱ་དགོས་དོན་གང་ཡང་མེད། བོད་མི་རིགས་ནི་འཛམ་གླིང་གི་མི་རིགས་ཁག་ལས་འོད་སྟོང་འབར་བའི་ལོ་རྒྱུས་དང་། ངོ་མཚར་བའི་རིག་གནས། མཚར་སྡུག་ལྡན་པའི་ཤུལ་བཞག་སོགས་ཡོད་པའི་མི་རིགས་ཤིག་ཡིན་པ་མ་ཟད། མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་ལ་ཤེས་ཡོན་དར་སྤེལ་སོགས་གསུབ་ཏུ་མེད་པའི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། ང་ཚོ་བོད་པ་སུ་ཡིན་རུང་སྤོབས་པ་ལྡན་པའི་སྒོ་ནས་རང་ཉིད་ཀྱི་མི་རིགས་ལོ་རྒྱུས། རིག་གནས། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་རང་ཤེས་རང་རྟོགས་ངང་མི་རིགས་རང་གི་རིག་གནས་ཀྱི་མཁའ་དབུགས་གཙང་མའི་ཁྱིམ་གཞིས་ཤིག་བསྐྲུན་རྒྱུ་གལ་ཆེ། མར་གྱུར་སེམས་ཅན་ཐམས་ཅད་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་འབྲས་ཀྱི་ལྟ་བ་དེ་རང་ཉིད་ཀྱི་མི་ཚེའི་རིན་ཐང་ལྟ་ཚུལ་དང་ཁ་ཕྱོགས་སུ་འཇོག་དགོས། ཕ་མ་སྤུན་མཆེད་དང་སྤྱི་ཚོགས། གྲོགས་པོ་སོགས་ཀྱི་རྒྱབ་སྐྱོར་དང་རམ་འདེགས་ཀྱིས་ཁྱེད་རང་གཉོམ་ལག་རྒྱས་ཤིང་། ཤེས་ཡོན་ཅན་ཞིག་ཏུ་བཏང་ནས་མ་འོངས་པར་ཁྱེད་ཀྱིས་ཀྱང་ཕ་མ་སྤུན་མཆེད་དང་སྤྱི་ཚོགས། གྲོགས་པོ་སོགས་ཀྱི་རེ་བ་དང་མིག་ལྟོས་སུ་རང་ཉིད་ཀྱི་ཕ་ས་ཕ་ཡུལ་འདིར་ཞབས་འདེགས་དང་རོགས་རམ་བྱ་རྒྱུ་ནི་ཁྱེད་ཀྱི་འོས་འགན་ཡིན་པར་མ་ཟད་ཐབས་ལམ་ཀྱང་ཡིན་པ་ཤེས་དགོས།

དེང་སང་འཛམ་གླིང་ཡོངས་ན་རྒྱུགས་ཆེ་ཞིང་སྟོབས་ལྡན་པའི་ནུབ་ཕྱོགས་རིག་གནས་སམ་ཕྱི་ཡོང་གི་རིག་གནས་འདིས་ང་ཚོའི་ལྟ་སྒོམ་སྤྱོད་གསུམ་ལ་ལྡོག་ཏུ་མེད་པའི་འགྱུར་བ་ཆེན་པོ་ཐེབས་དང་ཐེབས་བཞིན་ཡོད། ང་ཚོས་སྟོབས་ལྡན་གྱི་རིག་གནས་འདི་ལས་མི་ལེགས་པ་དང་མི་འཚམ་པ་དོར་ཏེ་ཕན་པ་དང་ཉིང་བཅུད་ལེན་ཐབས་བྱེད་དགོས་པ་རེད་མ་གཏོགས། རང་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱང་མི་ཤེས། གཞན་གྱི་རིག་གནས་ཀྱང་ཡང་དག་པ་སྦྱངས་མ་ཐུབ། ཡོངས་རྫོགས་གཞན་གྱི་རིག་གནས་ཀྱི་ཕྱི་ཚུལ་ཙམ་ལ་ཆུ་སྣ་གར་འཁྲིད་ཀྱིས་ལག་འཁྱེར་དང་དཔང་ཡིག་གིས་རང་བསོར་རང་སྣང་གིས་བཟི་ནས་མཐའ་རྔ་མ་ཕ་མའི་སྐད་ཆ་ཙམ་ཡང་མི་གོ་བའི་བོད་པ་ཡ་མ་གཟུགས་ཀྱི་སྐྱོན་ཅན་ཞིག་ཏུ་མི་འགྱུར་བའི་རེ་བ་ཆེན་པོ་ཞུ་བཞིན་ཡོད།

ཚོང་གཉེར་བ་ཡིན་ན་རྒྱུ་རྫས་ལ་ལྷད་མེད་པ། རྣམ་དག་ཟོལ་མེད་ཀྱིས་ཉོ་འཚོང་བྱ་བ། ངན་རྫུན་གཡོ་ལྷད་ཀྱིས་ངན་ཚོང་ནག་ཚོང་མི་བྱ་བ། མ་རྩ་ཆུང་བའི་ཉོ་ཚོང་ལ་སྣང་མེད་མི་བྱེད་པར་གཙོ་བོ་ཚོང་ཟོག་གང་དང་གང་ཡིན་རུང་རྒྱུན་སྐྱོང་བཞིན་རིམ་གྱིས་ཆེན་པོར་གཏོང་རྒྱུ་གལ་ཆེའོ།།

ཕ་ཡུལ་དང་ཁ་བྲལ་ནས་གྲོང་ཁྱེར་ན་ལས་རིགས་གསར་གཉེར་བྱེད་སྐབས་ངེས་པར་དུ་དཀའ་ངལ་གང་དང་གང་ལ་འཕྲད་ཀྱང་ཕྱི་བཤོལ་དང་ལེ་ལོ་ཅུང་ཙམ་ཡང་མི་བྱ་བར་སྔར་བཞིན་བརྩོན་པ་དང་སྙིང་སྟོབས་བརྟན་དགོས། རང་ཉིད་ཀྱིས་ལས་ཞུགས་དུས་ཚོད་དང་སྒྲིག་གཞི་སོགས་ངེས་པར་དུ་སྲུང་རྩི་བྱ་དགོས། དེ་ནི་ལས་གཉེར་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཡིན་པར་མ་ཟད་འཚོ་བའི་སྒུལ་ཤུགས་ཀྱང་ཡིན། དངོས་སྦྱོང་སྐབས་སུ་དགེ་རྒན་ལ་བཀུར་བ་དང་། ལས་ཞུགས་སྐབས་སྦྱིན་བདག་གམ་འགོ་ཁྲིད་ལ་བཀུར་བ། ཁ་དཔེར། དགེ་རྒན་བྱ་འདོད་མེད་པའི་སློབ་མ་ནི་སློབ་མ་བཟང་པོ་མིན་ལ། སྦྱིན་བདག་བྱ་འདོད་མེད་པའི་ལས་གཉེར་བ་ནི་ལས་བཟོ་བ་བཟང་པོ་ཞིག་མིན་ཟེར་བ་དེ་རིན་ཐང་ཆེ་བར་འདོད་དེ། ལས་གཉེར་གསར་སྤེལ་བྱེད་མཁན་ཚོར་ཁ་ཕྱོགས་སྟོན་ཐུབ་པའི་མན་ངག་ཅིག་ཏུ་འདོད་ནའང་ཆོག་པར་སེམས།

ཡུལ་ཕྱོགས་གཞན་གྱི་གྲོང་ཁྱེར་ཆེ་འབྲིང་ནས་བོད་ཀྱི་རིག་གནས་དར་སྤེལ་དང་རྒྱུད་འཛིན་གནང་མཁན་ཇེ་མང་རེད། ཁོང་ཚོས་ཟབ་ཅིང་རྒྱ་ཆེ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས། བྱམས་དང་སྙིང་རྗེ། ཤེས་རབ་སོགས་མི་རིགས་མི་འདྲ་བ་དང་། ས་གནས་མི་འདྲ་བ། རྒྱལ་ཁབ་མི་འདྲ་བའི་མི་མང་ལ་ངོ་སྤྲོད་ཀྱི་བྱས་རྗེས་ཆེན་པོ་བཞག་ཡོད། ཆོས་སྤེལ་བ་དང་སྤྲོ་གཞས་འཁྲབ་སྟོན་གྱི་སྤུན་ཟླ་རྣམ་པ། ཁྱེད་ཚོ་ནི་བོད་པའི་རིག་གནས་ཕྱིར་སྤེལ་གྱི་ཕོ་ཉ་ལྟ་བུ་ཡིན། ཁྱེད་ཚོས་ཡུལ་ཕྱོགས་གཞན་གྱི་གྲོང་ཁྱེར་སོགས་ནས་གནས་ལུགས་དང་བརྩེ་བ་ཡིས་བརྒྱན་པའི་སངས་རྒྱས་ཀྱི་བསྟན་པ་དང་། སྙན་འཇེབས་ལྡན་པའི་གླུ་གཞས། སྟངས་སྟབས་ལྡན་པའི་བྲོ་གར་སོགས་ང་ཚོའི་ཆོས་ལུགས་རིག་གནས་དང་། སྲོལ་རྒྱུན་རིག་གནས། དད་པའི་སྟོབས་ཤུགས། འཚོ་བའི་གོམས་གཤིས། མཛེས་དཔྱོད་ཀྱི་ལྟ་བ་རྣམས་ལ་དགའ་བ་དང་ཉན་པར་འདོད་མཁན་དག་ལ་ངོ་སྤྲོད་ཡག་པོ་རྒྱག་རྒྱུ་ནི་ཁྱེད་ཚོའི་འོས་འགན་རེད། རྒྱུ་མཚན་ནི་ཁྱེད་ཚོ་མི་རིགས་ཤིག་གི་རིག་གནས་ལོ་རྒྱུས་ཀྱི་ཚབ་མཚོན་ཞིག་ཏུ་གྱུར་ཡོད་པར་མ་ཟད། ཁྱེད་ཚོར་ཉན་མཁན་དང་ལྟ་མཁན་དེ་ཚོའང་བོད་ཀྱི་ཚབ་བྱེད་མི་སྣ་ལྟ་བུར་འགྱུར་སྲིད། ཁྱེད་ཚོའི་ཆོས་སྐད་དང་གླུ་སྐད་ཀྱིས་ཡུལ་གཞན་དུ་གྱེས་པའི་བོད་རིགས་སྤུན་ཟླ་དང་།བོད་དང་བོད་ཀྱི་རིག་གནས་ལ་དུང་བ་དང་དགའ་བ་སྒོམ་མཁན་དག་ལ་བོད་དང་བོད་ཀྱི་རིག་གནས་སེམས་ངོ་སྤྲོད་པ་ལྟ་བུའི་ནུས་པ་ཐོན་ཏེ། ཁོང་ཚོ་ལ་བྱམས་དང་སྙིང་རྗེ་བརྩེ་བ་སོགས་ཀྱིས་ཁེངས་པའི་སྲོལ་རྒྱུན་གྱི་གླུ་སྐད་སྙན་མོའི་ཁྲོད་ནས་ལས་ལ་བརྩོན་ཞིང་རྣམ་དཔྱོད་དང་ཤེས་རབ་ལྡན་པའི་བོད་པ་དང་དེས་བསྐྲུན་པའི་ཟབ་ཅིང་རྒྱ་ཆེ་བའི་རིག་གནས་ལ་བག་ཆགས་མི་དམན་པ་འཇོག་ནུས། ངས་གླུ་ལེན་གར་རྩེད་ཀྱི་ལས་ལ་བརྩོན་མཁན་གྱི་སྤུན་ཟླ་རྣམས་ལ་རྟག་པར་རེ་བ་གཅིག་བཅངས་ཡོད་པ་ནི། ཁྱེད་ཚོས་རང་ཉིད་ལ་སྔར་ཡོད་ཀྱི་ཤེས་བྱ་ཡོན་ཏན་སྟེང་ལ་རང་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས། མཛེས་དཔྱོད་ཀྱི་ལྟ་བ། སྒྱུ་རྩལ་གྱི་ཁྱད་ཆོས་སོགས་མི་རིགས་རང་གི་སྐད་དང་ཡི་གེ་སྦྱང་བ་མ་ཟད་དེའི་ཐོག་ནས་བོད་པའི་ཁམས་དང་མོས་པར་མཐུན་པའི་གསོན་ཉམས་ལྡན་པའི་ངང་ངོམ་པ་དང་། རང་ཉིད་ཀྱི་ནང་སེམས་ཀྱི་ལྟ་བ་དང་ཕྱིའི་རྣམ་པའི་མཛེས་ཆས་སོགས་ལས་ཀྱང་མི་རིགས་ལ་བསམ་པ་རྣམ་དག་ཡིན་པ་བསྟན་ན་ལེགས། དངོས་ཤུགས་བརྒྱུད་གསུམ་ནས་གཡོ་སྒྱུ་ཁྲམ་གསུམ་གྱིས་བརྫུས་པའི་ཁེ་ཕན་གང་རུང་དེས་མི་རིགས་ཀྱི་རང་གཤིས་དང་འདུ་ཤེས་འཛིན་སྟངས། སྒྱུ་རྩལ་ཁྱད་ཆོས་སོགས་ལ་བསླུ་བྲིད་ཐེབས་ཏེ་ངོ་བོ་འགྱུར་ཉེན་ཆེ་བས་རྟག་པར་གཟབ་དགོས་སོ།།

ཕ་ཡུལ་ལས་ལོགས་སུ་ཡུལ་གཞན་ནས་ཁྱེད་ཀྱི་སྒྱུ་རྩལ་སོགས་ལ་ཕན་ཐོགས་པའི་ཡང་སྙིང་ངམ་འཚོ་བཅུད་ལེན་རྒྱུ་ནི་དོན་གྱིས་དབེན། གལ་ཏེ་ཅུང་ཙམ་ཡོད་པའི་དབང་དུ་བཏང་ཡང་། མ་དག་པ་དང་མི་ལེགས་པ་སོགས་མི་རིགས་རང་གི་ཐུན་མིན་ཁྱད་ཆོས་དང་ལྟ་བ་འགལ་བ་མ་ཟད། ངོ་མཚར་བའི་འཛིན་བྱང་ཇེ་མང་དུ་བཏང་བ་ཙམ་ལས། རང་རིགས་ལ་ཕན་ཐོགས་མེད་པའི་དྲི་མ་ཅན་གྱི་བསླུ་བྲིད་ཉག་གཅིག་ལས་མེད། ཁྱེད་ལ་སྒྱུ་རྩལ་གྱི་ཉིང་བཅུད་དྭངས་མ་དེ་དགོས་ན། རང་ཉིད་འཚར་ལོངས་བྱུང་ཞིང་གཉོམ་ལག་རྒྱས་སའི་ཕ་ས་ཕ་ཡུལ་དེར་ཕྱིར་འཁོར་དང་། ཕྱི་ཡི་འདུ་འཛི་ལས་བརྒལ་ནས་ཡིད་སེམས་ལྷོད་ལ་བབས་ཏེ་རྣ་བས་མཉན། མིག་གིས་འཚོས། སེམས་ཀྱིས་མྱང་བ་མ་ཟད་དར་སྤེལ་དང་རྒྱུན་འཛིན་བྱེད་རོགས།མི་རིགས་ཀྱི་ཁྱད་ཆོས་ཅི་ཙམ་ལྡན་ན་འཛམ་གླིང་དུ་ད་གཟོད་རིན་ཐང་དེ་ལྟར་ཆེ། ཁྱེད་ཚོས་འཁྲབ་སྟོན་བྱེད་པ་འབྱོར་བ་ཙམ་གྱི་ཆེད་དུ་མ་ཡིན་པར། གླུ་ལེན་གར་རྩེད་ཀྱི་སྒྱུ་རྩལ་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་འགངས་ཆེན་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བར་འབོད་སྐུལ་ཞུ་དགོས་པ་དེ་ཡིན། དེ་ལྟར་བྱས་ན་ད་གཟོད་ཁྱེད་ཚོས་བོད་མི་རིགས་ལ་རང་ས་ནས་བྱས་རྗེས་བཞག་ཡོད་པ་རེད། ང་ཚོའི་ཆོས་པ་དག་གིས་བོད་ཀྱི་ཆོས་ལུགས་རིག་གནས་དང་ཀུན་སྤྱོད་རིན་ཐང་སོགས་གནའ་སྔ་མོ་ནས་ཡུལ་གཞན་གྱི་གྲོང་ཁྱེར་ནས་ངོ་སྤྲོད་དང་དར་སྤེལ་བཏང་བ་ཡིན། དེ་ལ་ལོ་ངོ་བརྒྱད་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན། ཡོན་རྒྱལ་རབས་ནས་བཟུང་ཏཱ་མིང་དང་ཏཱ་ཆིན་ཀྲུང་ཧྭ་སྟེ་རྒྱལ་རབས་བཞིའི་རིང་ལ་ཆོས་ལུང་དབང་ཁྲིད་དང་། ལྷ་ཁང་འདུ་ཁང་། རྒྱལ་བོའི་རྒྱལ་སྲིད་བཅས་ལ་འཛུགས་སྐྲུན་དང་མཐུན་སྒྲིལ། རྒྱལ་སྲིད་བརྟན་འཇགས་དང་མཐའ་མཚམས་བདེ་འཇགས་སོགས་ལ་བསུབ་ཏུ་མེད་པའི་བྱས་རྗེས་ཆེན་པོ་འཇོག་མཁན་གྱི་བླ་མ་དགེ་བཤེས་གྲངས་ཀྱིས་མི་ལོང་བ་རྒྱལ་ས་པེ་ཅིན་དང་ས་གནས་སོ་སོའི་དཔོན་རྒྱུད་དག་གི་དབུ་བླར་བཞུགས་ཡོད། རིག་གནས་ཀྱི་ཕྱོགས་ནས་བཤད་ནའང་བོད་ཀྱི་ཆོས་ལུགས་དང་སྒྱུ་རྩལ་གྱི་ཤེས་བྱ་རྒྱལ་ས་པེ་ཅིན་དང་འབྲི་ཆུའི་ལྷོ་བྱང་སྟེ་ནང་ལོག་གི་ས་གནས་སོ་སོར་ཁྱབ་ཡོད།བོད་ཀྱི་ཆོས་པ་དང་བླ་མ་དགེ་བཤེས་དེ་ཚོ་གཙོས་བསྒྲུབས་པའི་ལྷ་ཁང་འདུ་ཁང་དེ་དག་ས་གནས་དེ་གའི་ལོ་རྒྱུས་རིག་གནས་དང་རྗེས་དྲན་གྱི་ཚབ་མཚོན་ལྟ་བུར་གྱུར་ཡོད། བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་མི་སྣ་ཁ་ཤས་ཀྱིས་རྒྱལ་བློན་ལ་གནང་བའི་ཆོས་དཔེ་དང་ཐང་ག་སོགས་ད་ལྟ་རྒྱལ་ཁབ་རིམ་པའི་དངོས་རྫས་རིན་ཐང་ཅན་དང་རྒྱལ་ཁབ་ཀྱི་དངོས་རྫས་རིན་ཐང་ཅན་ཤ་སྟག་གྱུར་ཡོད། དེང་སྐབས་གྲོང་ཁྱེར་དུ་འགྲོ་བའི་བླ་མ་དང་གྲྭ་བ་ཇེ་མང་ནས་ཇེ་མང་རེད། ཁྱེད་ཚོས་གྲོང་ཁྱེར་དུ་གནས་པའི་མི་རིགས་སྣ་ཚོགས་ཀྱི་དད་ལྡན་སྐྱ་སེར་ཕོ་མོ་ཡོངས་ལ་བྱམས་དང་སྙིང་རྗེ། ཚོགས་བསགས་སྒྲིབ་སྦྱོང་སོགས་སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། ཅེས་གསུངས་པ་བཞིན་དུ་བྱང་ཆུབ་སེམས་ཀྱིས་ཁོང་ཚོའི་བྱམས་དང་སྙིང་རྗེ། མིའི་གཤིས་རྒྱུད་ཀྱི་རང་བཞིན་དྲང་མོ་དེ་ཕྱིར་མངོན་དུ་འཇུག་ཅི་ཐུབ་བྱ་དགོས། ཁོང་ཚོའི་མི་གཞི་ཀུན་སྤྱོད་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རིན་ཐང་། སྤྱི་ཚོགས་བདེ་འཇགས་དང་ཡར་རྒྱས་ལ་བྱས་རྗེས་འཇོག་དགོས་པར་མ་ཟད། དེ་སྔོན་མི་རེ་འགས་བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་རིག་གནས། བླ་མ་དགེ་བཤེས་སོགས་ཀྱི་མཚན་སྙན་ལ་གནོད་པའི་བག་ཆགས་ངན་པ་དེ་དག་ཕྱིར་ཡང་དག་པར་ངོ་སྤྲོད་བྱ་དགོས་སོ།།