སྡེ་དགེའི་ལྔ་བརྒྱ་ཞིང་ཁམས་
མདོ་ཁམས་སྡེ་དགེའི་རྒྱལ་པོ་ནི་མགར་གནམ་ཚ་འབྲུག་ནས་གདུང་རབས་ལྔ་བཅུ་ང་བརྒྱད་དང་། བོ་ཐར་བཀྲ་ཤིས་སེངྒེ་ནས་བཟུང་ནང་ཆེན་རྒྱལ་པོའི་སྲས་མོ་འཇམ་དབྱངས་དཔལ་མོའི་བར་རྒྱལ་རབས་ཉེར་བཞི། བླ་ཆེན་བྱམས་པ་ཕུན་ཚོགས་ནས་བཟུང་ལྷ་སྲས་ཚེ་དབང་བདུད་འདུལ་བར་ཁྲི་རབས་བཅོ་ལྔ། གཉེར་ཕྱག་ལྷན་རྒྱས་ཁང་དུ་གཉེར་ཆེན་གསུམ། ཕྱག་མཛོད་གཉིས། དྲུང་སྐྱ་སེར་གཉིས་བཅས་རྒྱུན་བཞུགས་དགོས།
མགོ་ལོག་དང་། ཉག་རོང་། ལི་ཐང་། ཆབ་མདོ། ནང་ཆེན་ཏེ་མཐའ་མཚམས་ལ་ཕྱོགས་བཞིར་སྲུང་བའི་དཔོན་མགོ་ཆེན་པོ་ཁག་བཞི་སྟེ། ཤར་ཡིད་ལྷུང་ལྷ་རི་དཔོན། ལྷོ་སྒ་རྗེ་བྲག་དམར་དཔོན། ནུབ་འབྲོང་པ་དཔོན། བྱང་ལ་རྫ་སེར་ཤུལ་དཔོན་བཅས་ལ་གཉེར་ཆེན་གྱི་གོ་གནས་ཀྱང་ཡོད་ལ་དགྲ་མགོ་བརྡུང་བའི་ཐོ་བ་ཞེས་ཀྱང་འབོད།
མདུན་སྐོར་སུམ་ཅུ་ལ་མདུན་སྐོར་རེ་ལ་དུད་ཁྱིམ་ལྔ་བཅུ་ནས་ཉིས་བརྒྱ་མན་ཆད་ཅི་རིགས་པ་ཡོད། མདུན་སྐོར་ཆེ་ཁག་ལ་ནམ་རྒྱུན་དམག་མི་བརྒྱ་རེ་ཡོད་པ་ཡང་ཡོད་དེ། དཔེར་ན་བྱ་རྒོད་མི་བརྒྱ་རྟ་བརྒྱ། ར་རུའི་མི་བརྒྱ་རྟ་བརྒྱ་སོགས་ཡོད། བྱ་རྒོད་ཚང་གི་མངའ་ཞབས་སུ་གནའ་རོང་དང་ཨོ་གུར་སོགས་ཤོག་ཆེན་བརྒྱད་ལ་དཔོན་མགོ་བརྒྱད། གྱད་རུ་བརྒྱད། དམག་དཔོན་བརྒྱད། བསམ་གནས་བརྒྱད། དམག་ཤོག་བརྒྱད་ཀྱི་དམག་སྤྱི་གཅིག་དང་བཅས་སོགས་ཡོད་པས་མཚོན།
ཕྱིའི་དམག་དཔོན་ཁག་གསུམ་སྟེ། སྡེ་དགེ་རྔ་སྣ་སོག་མོ་ཚང་དང་། སྡེ་དགེ་འཇོ་མདའ་སེ་ཚ་ཚང་། གོ་འཇོ་བསམ་འགྲུབ་གཞུང་ནས་བསམ་འགྲུབ་ཚང་བཅས་ཡིན།
ཧོར་འདྲ་བརྒྱད་ཅུ་ལ་ཧོར་འདྲ་རེ་ལ་དུད་ཁྱིམ་གཉིས་ནས་བཞི་བར་ཡོད། ཧོར་འདྲ་ལ་ཡང་ཆེ་ཆུང་དང་རིམ་པ་ཡོད་ལ་དཔེར་ན་ཧོར་རྗེས་ཚ་ཚང་དང་། སྡེ་དགེ་སྤོམ་ཁ་ཚང་སོགས་དཔོན་སྐྱ་གཡོག་ཁྲིད་ཅེས་པ་ཡིན།
རོང་ཤིང་སྒོ་ཅན་གྱི་རྫོང་གཞིས་སོ་གསུམ། རྫོང་ཆེན་རེ་ལ་དུད་ཁྱིམ་སུམ་བརྒྱ་ཙམ་དང་རྫོང་ཆུང་རེ་ལ་དུད་ཁྱིམ་ཉིས་བརྒྱ་ཙམ་ཡོད། རྫོང་དཔོན་ནི་མདུན་སྐོར་རྣམས་ཀྱིས་བྱེད་དགོས།
གཞིས་གཉེར་ནི་གྲོང་ཚོ་རེའི་དཔོན་པོ་ཡིན་ལ་དུད་ཁྱིམ་བཞི་བཅུ་ལྔ་བཅུ་མན་ཆད་ཅི་རིགས་པ་ཡོད། གཞིས་གཉེར་ནི་ཧོར་འདྲ་རེས་བྱེད་དགོས།
འབྲོག་སྦྲ་སྒོ་ཅན་གྱི་དཔོན་ཁག་སོ་དྲུག་སྟེ་དཔོན་ཁག་རེ་ལ་དུད་ཁྱིམ་བརྒྱ་ལྷག་དང་སུམ་བརྒྱ་མན་ཆད་ཅི་རིགས་པ་ཡོད།
ཁྲོམ་རྒན་ཆེ་བཞི་སྟེ། ཨ་འཛི་ཤོག་ཆེན། འབར་ཆུང་ཤོག་ཆེན། རྒྱ་ཤོད་ཤོག་ཆེན། ནག་ཐར་ཤོག་ཆེན་ཏེ་ལྷོ་ནུབ་ཉག་རོང་དང་འབའ་ཐང་གི་མཚམས་སུ་གནས་པའི་མངའ་སྡེ་དེ་དག་གི་དཔོན་པོ་རང་འཇགས་ཡིན་པས་བརྗེ་བསྐོ་བྱ་རྒྱུ་མེད།
ད་དུང་འབྲོག་པའི་ས་ཁུལ་དུ་གྱད་རུ། གཙོ་ཤོག །རུ་དཔོན། བཅུ་དཔོན་སོགས་ཡོད།
ཁྱིམ་དུད་བདུན་ཁྲི་བདུན་སྟོང་ཙམ་ཡོད་པར་བཤད།
གོ་གནས་འཕར་ཚུལ་ནི་ཕྱི་ལ་དམག་བརྒྱག་སྐབས་དང་ནང་ནས་འཇོན་ཐང་ལ་བལྟ་ནས་བྱས་རྗེས་ཅན་རྣམས་ལ་རིམ་བཞིན་ཧོར་འདྲ་དང་མདུན་སྐོར་སོགས་གོ་གནས་གསར་སྤྲད་གནང་གི་ཡོད།
རྒྱལ་པོའི་དབུ་བླ་ཁག་ལྔ་སྟེ། ཀ:་ཐོག་དགོན་པ། དཔལ་ཡུལ་དགོན་པ། ཞེ་ཆེན་དགོན་པ། རྫོགས་ཆེན་དགོན་པ། དཔལ་སྤུངས་དགོན་པ་བཅས་སོ། །
དགོན་པ་ཁག་ལ་ས་སྐྱའི་དགོན་པ་ལ་སྡེ་དགེ་དགོན་ཆེན་དགོན་པ། ལྕགས་ར་དགོན་པ། རྫོང་སར་དགོན་པ། ཝ་ར་དགོན་པ། ལྷ་རྒྱལ་དགོན་པ། སེང་འགྱིང་དགོན། འབར་ཆུང་དགོན། མཁར་མདོ་དགོན་པ། ཁྲོཾ་རྡོ་ཁོ་དགོན་པ། འདན་ཤུག་ར་དགོན་པ། འཇོ་མདའ་ཁྲི་ཚོ་དགོན་པ། ཝཾ་པ་དགོན་པ། མདོ་སྲིབ་དགོན། དུང་མདོ་དགོན། གསེར་ལྗོངས་དགོན་པ། ཁྲི་འདུ་སྐལ་བཟང་དགོན་པ་སོགས་ས་སྐྱའི་དགོན་པ་ལྔ་བཅུ་ང་གཅིག་༥༡ཡོད།
རྙིང་མའི་དགོན་པ་ལ་ཀ:ཐོག་དགོན་པ། དཔལ་ཡུལ། རྫོགས་ཆེན། ཞེ་ཆེན། ཡ་ཆེན། ཨ་འཛོམས་དགོན་པ། སྨྱོ་ཤུལ་ལྗོན་པ་ལུང་དགོན་པ། ཁྲོམ་དགེ་དགོན་པ། དགེ་མང་དགོན། རྒྱལ་རོང་སོགས་སྔ་འགྱུར་རྙིང་མའི་དགོན་པ་དྲུག་ཅུ་རེ་བརྒྱད་་་༦༨ ་་ཡོད།
བཀའ་བརྒྱུད་དགོན་པ་ལ་དཔལ་སྤུངས་དགོན་པ། ཚ་ཚ་དགོན་པ། རྟགས་འཕེལ་དགོན། ཇ་ཆུ་དགོན། འཇོ་ཕུ་དགོན། འཛི་སྒར་དགོན། སྐྱབས་ཆེ་དགོན། སྟག་ལུང་དགོན། ལྗོངས་གནས་དགོན། དྲུང་རམ་དགོན་སོགས་རྒྱལ་བ་བཀའ་བརྒྱུད་པའི་དགོན་པ་ཞེ་དགུ་་་༤༩ ་་ཡོད།
དགེ་ལུགས་པའི་དགོན་པ་རྫ་སེར་ཤུལ་དགོན་པ། ཀ་བཞི་དགོན་པ། དབོན་པོ་དགོན་པ། བོད་རོག་དགོན། འཇུ་མང་དགོན། འདན་ཀ་ཕུ་དགོན། འདན་ཆོས་འཁོར་དགོན་སོགས་རི་བོ་དགེ་ལུགས་པའི་དགོན་པ་སོ་གཅིག་་་་༣༡ ་་ཡོད།
གཡུང་དྲུང་བོན་གྱི་དགོན་པ་ལ་རྫ་སྟེང་ཆེན་དགོན། ཁྲོ་ཚང་དགོན། འབུམ་སྨད་དགོན། ཐར་བདེ་དགོན། གཙུག་འོད་དགོན། ཁ་རག་དགོན་སོགས་གཡུང་དྲུང་བོན་གྱི་དགོན་པ་ཉེར་གཅིག་་་༢༡་་ཡོད། ཁྱོན་བསྡོམས་ན་རྒྱལ་རབས་ལོ་རྒྱུས་ནང་ལ་རིས་སུ་མ་ཆད་པའི་དགོན་པ་ཉིས་བརྒྱ་ཉི་ཤུ་་་་༢༢༠་ཡོད།
མདོར་ན་སྡེ་དགེའི་ཆོས་ཀྱི་རྒྱལ་པོ་དང་དབུ་བླ་ཁག་ལྔ། དཔོན་མགོ་ཁག་བཞི། དགོན་ཁག་ཉིས་བརྒྱ་ཉི་ཤུ། མདུན་སྐོར་སུམ་ཅུ། དམག་དཔོན་ཁག་གསུམ། ཧོར་འདྲ་བརྒྱད་ཅུ། དཔོན་སྐྱ་དྲུག་ཅུ། རྫོང་ཆེན་རྫོང་ཆུང་དོན་དགུ །འབྲོག་དཔོན་སོ་དྲུག །ཤར་སྡེ་ཡིད་ལྷུང་ཁོག །ལྷོ་སྡེ་དཔལ་ཡུལ་དང་ས་ངན། འབྲི་ཆུ་ནུབ་རྒྱུད་སྟོད་སྨད། ལྷོ་སྡེ་ཕྱི་འབྲོག་ཁག །ཉག་ཤིས་ཤོག་ཁ་བཅུ་གཅིག །ནུབ་སྡེ་འདན་མ་ལུང་པ། བྱང་སྡེ་ཉི་མ་རྫ་ཆུ་ཁ། ཁྱིམ་དུད་བདུན་ཁྲི་བདུན་སྟོང་ལྷག་ཡོད་པའི་ཆོས་ལྡན་གྱི་རྒྱལ་ཁབ་གཅིག་ཡིན།
དེང་གི་ས་གནས་ལྟར་ན་སྡེ་དགེ་རྫོང་དང་། དཔལ་ཡུལ་རྫོང་དང་ས་ངན། ཁྲོམ་ཐར། སེར་ཤུལ་རྫོང་དང་རྫ་ཆུ་ཁ་སྟོད་སྨད་བར་གསུམ། འདན་ཁོག་ཆུ་ཉིན་སྲིབ་སྟོད་སྨད། འཇོ་མདའ་རྫོང་སྟོད་སྨད་དེ་ཐམས་ཅད་ནི་སྔོན་གྱི་སྡེ་དགེ་རྒྱལ་པོའི་མངའ་ཁུལ་ཡིན་པས་ཚང་མས་རང་ཉིད་སྡེ་དགེ་ཡིན་པའི་འདུ་ཤེས་བརྟན་པོར་དགོས། དཔེར་ན་སྡེ་དགེ་འཇོ་མདའ་དང་སྡེ་དགེ་དཔལ་ཡུལ། སྡེ་དགེ་འདན་མ། སྡེ་དགེ་རྫ་ཆུ་ཁ་བཅས་འབོད་དགོས།