སྡིངས་ཁ་དགོན
མཚན་རྒྱས་པར་བྱང་ཕྱོགས་འོད་ཟེར་དཔལ་ལྡན་སྡིངས་ཁ་དགོན་ཞེས་ཞུ། ཆུ་བཟང་གྲོང་ནས་ནུབ་བྱང་མཚམས་ཀྱི་རི་ལྡེབས་སུ་སྤྱི་ལེ་གསུམ་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན། མགར་རོང་ཞེས་པའི་གྲོང་གི་བྱང་ངོས་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། སྡིངས་ཁ་ཞེས་པ་ནི། དགོན་དེ་ཆགས་ཡུལ་དུ་སྡིངས་ཁ་ཞིག་ཡོད་སྟབས་དེ་ལྟར་དང་། མགར་རོང་ཞེས་པ་ནི། བློན་པོ་མགར་གྱི་དབྱར་ཁའི་བཞུགས་གནས་དང་། དེར་དཔལ་སྡིང་གྲོང་ཞེས་པར་སྐུ་འབུམ་མཆོད་རྟེན་ཞེས་པ་ཞིག་ཡོད་པ་དེའི་འོག་ཏུ་བློན་པོ་མགར་གྱི་བཟོ་ཆས་ཀྱང་ཡོད་ཅེས་གསུང་པར་གྲགས་ལ་རིག་གནས་གསར་བརྗེའི་སྐབས་མཆོད་རྟེན་སློག་དུས་དེའི་འོག་ནས་བཟོ་ཆས་ཁ་ཤས་ཐོན་པ་སོགས་བྱུང་། ཐོག་མར་གནས་དེར་བློན་པོ་མགར་གྱི་བཞུགས་གནས་ཡིན་སྐད་ལ་དེས་རྗེས། སྤྱི་ལོའི་དུས་རབས་བཅུ་གཉིས་པར་གསང་ཕུའི་བླ་མ་ཡར་ཀླུངས་པ་གྲགས་པ་རྒྱལ་མཚན་གྱིས་ས་སྐྱའི་དགོན་པ་ཞིག་ཕྱག་བཏབ་གནང་བ་ལ་དེ་རྗེས་བླ་རབས་གསུམ་གྱི་རྗེས་སུ་དགེ་ལྡན་ལུགས་ཕྱག་བཞེད་གནང་བ་དང་གནས་དེར་བཞུགས་ཞེས་གསུངས། དེ་རྗེས་ཟངས་མཁར་སྒང་ཞེས་པར་ཡང་བཞུགས། སྨན་གླིང་ཐར་པ་གླིང་ཞེས་པའང་གཡུ་ཐོག་དང་ཉེ་བར་ཡོད། ཟངས་མཁར་ལོ་ཙཱ་བའང་གནས་དེར་བཞུགས་པ་དང་དེའི་སྐུ་སྐྱེ་ངག་དབང་བློ་བཟང་འཇིགས་མེད་བྱམས་པ་བསྟན་འཛིན་བར་སྐུ་ཕྲེང་བཅུ་གསུམ་ཙམ་བྱུང་། རྒྱུད་སྨད་དང་ཕྱག་བཞེད་མཚུངས། དགེ་འདུན་ཞལ་གྲངས་བརྒྱ་དང་ཉི་ཤུ་ཙམ་ཡོད། གཞི་གསུམ་གྱི་ཕྱག་ལེན་མི་ཉམས་པ་ཡོད། སྔོན་འདུ་ཁང་ཀ་བ་སུམ་ཅུའི་ནང་རྟེན་གཙོ་སྨན་འདམ་གྱི་བྱམས་པའི་སྐུ་བརྙན་ཐོག་སོ་གཅིག་ལྡན་དང་དེའི་གཡས་སུ་ཙན་དན་གྱི་ཇོ་བོ་ལོ་ཀེ་ཤཱ་ར་མི་ཚད་མ། གཡོན་དུ་རྗེ་ཞབས་སྙུན་མ་ཞེས་རྗེ་ཙོང་ཁ་པ་ཙ་རི་ནས་ཞབས་སྙུན་ཏེ་ཆུ་ཚན་དུ་ཕེབས་རྗེས་གནས་དེར་བཞུགས་པའི་འདྲ་སྐུ། རྒྱལ་བ་སྐལ་བཟང་རྒྱ་མཚོའང་གནས་དེར་བཞུགས་མྱོང་ཞིང་སྐབས་དེར་བཞེངས་པའི་དབུ་ཤོག་གསེར་རིས་ལ་གཞན་ནག་བྲིས་ཡིན་པའི་བཀའ་འགྱུར་དང་། བསྟན་འགྱུར་དཔར་མ་སོགས་བཞུགས་སོ་གསོལ་བ་དང་། ལྟག་ཏུ་འདུ་ཁང་གི་འོག་ཏུ་ཤུག་པ་སྤུན་གསུམ་ཞེས་ཤུག་སྡོང་ཤིན་ཏུ་ཆེན་པོ་གསུམ་ཡོད་པ་དེ་ནི་སྔོན་ཆོས་རྒྱལ་སྲོང་བཙན་གྱིས་བློན་པོ་མགར་ལ་རྒྱ་བཟའ་བསུ་བར་ཕེབས་དགོས་ཞེས་བཀའ་ཕེབས་པས་མགར་གྱིས་རྒྱ་བཟའ་གདན་འདྲོང་མིན་བརྟག་ཆེད་ཤུག་འབྲུ་གསུམ་ནུབ་གཅིག་ལ་བཏབ་པར་སང་ཉིན་གསུམ་ག་སྐྱེས་ཡོད་སྟབས་རྒྱ་བཟའ་འདྲོང་པའི་བརྡ་རུ་གོ་སྟེ་མགར་བ་རྒྱ་ནག་ཏུ་ཕེབས་རྒྱུ་བྱས་ཞེས་གསུངས་པའི་ཤུག་སྡོང་གསུམ་བཅས་བཞུགས་སུ་གསོལ་ཡོད། ད་ལྟ་སྔོན་གྱི་གྱང་གོག་སྟེང་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་སུམ་ཅུའི་ནང་སྨན་འདམ་གྱི་དུས་གསུམ་སངས་རྒྱས་མི་ཚད་ལྷག་དང་། དེའི་གཡས་སུ་གུ་རུའི་སྐུ་བརྙན། གཡོན་དུ་འཇམ་དབྱངས། ཡར་ཀླུངས་གྲགས་པ་རྒྱལ་མཚན་གྱི་སྐུ་བརྙན་སོགས་གསར་བཞེངས་གནང་བ་དང་བཀའ་འགྱུར་དཔར་མ་གསར་བླུས་གནང་བ་སོགས་མཇལ་རྒྱུ་ཡོད། ཡང་དགོན་དེའི་རྒྱབ་ཏུ་ཆོས་རྒྱལ་སྲོང་བཙན་བཞུགས་མྱོང་བའི་བྲག་ཕུག་ཀྱང་ཡོད།