Jump to content

སྡིག་པའི་གྲོགས་

ཡོང་ཁུངས་Wikipedia

སྡིག་པའི་གྲོགས་པོ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྐོར་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བཅུ་གསུམ་གྱི་ནང་ཚན་དུ་གཏོགས་པའི་སྦྱོར་ལམ་གྱི་ཡོངས་འཛིན་འཆད་སྐབས་སུ་འཁོད་པའི་ཆོས་ཐ་སྙད་ཅིག་ཡིན། དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཞེས་རབ་ཀྱི་ཆོས་ལ་ཉེན་ཁ་དང་སྡང་བ་སྐྱེད་པའི་མི་དགེ་བའི་གྲོགས་པོ་དང་། ཐེག་པ་ཆེན་པོའི་དོན་ལ་སྨོད་པ་སྤེལ་བའི་གཞན་གྱི་སེམས་ཅན་ལ་གོ་དགོས། འོན་ཀྱང་སྡིག་པའི་གྲོགས་པོ་དེ་དག་དང་འགྲོགས་པའི་གང་ཟག་ལ་ཡང་སྡིག་པའི་གྲོགས་ཞེས་ཟེར་བ་ཡིན།

ཚིག་འགྲེལ།

[རྩོམ་སྒྲིག]

སྡིག་པ་ཞེས་པ་ནི་སྒྲ་སྦྱོར་གྱི་ཆ་ནས་བཏང་ན་མི་དགེ་བ་དང་། ཉེས་པ། ལྟུང་བ་བཅས་པའི་ལས་སམ་འདུ་ཤེས་ལ་གོ "དེ་ནི་སྟོང་པ་ཉིད་ཀྱི་ཆོས་ཐོས་ན་སྐྲག་པར་འགྱུར་བའི་ཕྱིར་རོ། །"[]ཞེས་འཁོད་པ་ལྟར་ན། འདིར་སྡིག་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ཟབ་མོའི་ཆོས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ལ་ཤ་ཞེན་སྐྱེད་པ་དང་སྐྲག་པ་སྐྱེད་པ་ལ་ཟེར་བ་ཡིན། གྲོགས་པོ་ཞེས་པ་ནི་མཛའ་བཤེས་སམ་རོགས་པ་ལ་ཟེར།

སྒྲ་བཤད།

[རྩོམ་སྒྲིག]

སྡིག་པའི་གྲོགས་པོ་ཞེས་པའི་ཚིག་གི་བཤད་པ་ལ། སྡིག་པ་ཞེས་པ་ནི་སྒྲའི་དོན་དམ་པར་སྒྲུབ་པའི་ལོག་ལྟ་དང་མི་དགེ་བའི་ལས་དག་ལ་ཟེར། གྲོགས་པོ་ཞེས་པ་ནི་ཕན་ཚུན་འགྲོགས་མཇལ་བ་དང་། གྲོགས་འདེབས་བྱེད་པའི་དམ་ཚིག་ཅན་ལ་གོ གང་ཞིག་དེ་ལྟ་བུའི་ལྟ་ངན་དང་། ཡིད་ཆེས་ལོག་པ་བཟུང་བ་དང་འགྲོགས་པའི་མི་དེ་ལ་སྡིག་པའི་གྲོགས་པོ་ཞེས་བྱའོ། །

འགྲེལ་བཤད།

[རྩོམ་སྒྲིག]

ཐེག་པ་ཆེན་པོའི་སྒོ་ནས་བཤད་པ། ཐེག་པ་ཆེན་པོའི་ལམ་ལ་འཇུག་པའི་སྐབས་སུ་སྦྱོར་ལམ་གྱི་ཡོངས་འཛིན་ཞེས་པའི་ཆ་ལག་འཆད་སྐབས། དགེ་བའི་བཤེས་གཉེན་དང་ལྡན་པར་གྱུར་པ་དེས་ཆོས་ཐོས་པ་ན་སྐྲག་པར་མི་འགྱུར་བར་བཤད་པའི་ལྡོག་ཕྱོགས་སུ་སྡིག་པའི་གྲོགས་པོ་ལ་བརྟེན་པའི་གང་ཟག་གི་སྐོར་འཆད་པ་ཡིན། "ཡང་གང་ལ་ལ་རྒྱུ་དེ་གཉིས་དང་བྲལ་བ་ཞིག་སྡིག་པའི་གྲོགས་པོ་དང་ལྡན་པ་དང༌། རང་གི་བློ་ཞན་པས་འདྲེན་པ་གཞན་གྱི་དྲིང་ལ་འཇོག་པ་དེ་ཉམས་སླ་བས། དཔེར་ན་དེ་ཉིད་སྣོད་སོ་མ་བཏང་པ་ལ་ཆུས་རེག་མ་ཐག་ཏུ་ཞིག་པ་བཞིན་དུ་མྱུར་དུ་ཉམས་པར་འགྱུར་རོ། །"[]ཞེས་གསུངས།

འདིས་སྡིག་པའི་གྲོགས་པོ་དང་ལྡན་པའི་གང་ཟག་ལ་ཐེག་པ་ཆེན་པོའི་ལམ་ལས་ཉམས་ཤིང་འགྱུར་བ་དང་། ཟབ་མོའི་ཆོས་ལ་མི་མོས་པའི་སྐྱོན་ཡོད་པར་གསུངས་འདུག "གཞན་གང་ཞིག་སྡིག་པའི་གྲོགས་དང་ལྡན་ཞིང་གཞན་གྱི་དབང་དུ་སོང་བའི་དྲིང་འཇོག་པ་དེ་ནི། ཡུམ་འདི་ཉན་པའི་སྣོད་དུ་མི་རུང་སྟེ་དེ་ནི་སྟོང་པ་ཉིད་ཀྱི་ཆོས་ཐོས་ན་སྐྲག་པར་འགྱུར་བའི་ཕྱིར་རོ། །"[]ཞེས་གསུངས་ཡོད། ཁྱད་པར་དུ་འབྱེད་པ། འཇུ་མི་ཕམ་རིན་པོ་ཆེས་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་གཉིས་ཀྱི་ཁྱད་པར་ཞིབ་ཕྲར་བཤད་ཡོད། "གང་ཞིག་ཐེག་པ་མཆོག་གི་དོན་ལ་སྨོད་པའི་སྡིག་པའི་གྲོགས་དང་ལྡན་ལ། རང་ཉིད་བློ་གྲོས་མ་སྨིན་པས་གཞན་གྱི་དྲིང་ལ་འཇོག་པ་སྟེ་གཞན་ལ་ལྟོས་པ་ཅན་དེ་ནི། དཔེར་ན་སྣོད་སོ་མ་བཏང་བ་ཆུས་རེག་པའི་མོད་ལ་ཞིག་པ་བཞིན་དུ་ཐེག་པ་མཆོག་གི་ལམ་ལས་ཉམས་པར་འགྱུར་རོ། །"[]ཞེས་པས། སྡིག་པའི་གྲོགས་པོ་དེ་འདྲ་དང་འགྲོགས་པའི་གང་ཟག་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཞེས་རབ་ཀྱི་ཆོས་མཉན་པའི་སྣོད་དུ་མི་རུང་ཞིང་། སྐྲག་པ་སྐྱེ་ཡི་ཡོད་པ་དང་། ཐེག་པ་ཆེན་པོའི་ལམ་ལས་ཉམས་པ་ཡོང་བར་གསུངས།

དཔེ་མཚོན།

[རྩོམ་སྒྲིག]

དཔེ་མཚོན་གྱི་ཆ་ནས་བཤད་ན། རྒྱལ་བ་རྣམས་ཀྱིས་སྣོད་སོ་མ་བཏང་བའི་དཔེ་བརྟེན་ནས་བཤད་འདུག "དེས་ན་ཐེག་པ་ཆེན་པོ་ལས་ཉམས་ཤིང་ཟབ་མོའི་ཆོས་ལ་མ་མོས་པས་ཉམས་པར་འགྱུར་ཏེ། བུམ་པ་སོ་མ་བཏང་བ་ཆུས་རེག་པས་ཞིག་པ་བཞིན་ནོ། །"[]ཞེས་གསུངས་པ་ལྟར། སྣོད་སོ་མ་བཏང་བ་ཆུས་རེག་པས་འཇིག་པ་དང་འདྲ་བར། སྡིག་པའི་གྲོགས་པོ་དང་ལྡན་པའི་གང་ཟག་ལ་ཡང་དེ་བཞིན་དུ་ཆོས་ཀྱི་རིགས་པ་འཇིག་པར་འགྱུར་བ་ཡིན་པར་གདོན་མི་ཟའོ། །

ངེས་ཚིག

[རྩོམ་སྒྲིག]

སྡིག་པའི་གྲོགས་པོ་ཞེས་པ་ནི་དམིགས་བསལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྐོར་དང་། སྟོང་པ་ཉིད་ཀྱི་ལྟ་བ་ལ་ཕྱིར་རྒོལ་བྱེད་པ་དང་། སྐྲག་པ་སྐྱེད་པར་འདུ་ཤེས་པ་བཟུང་བའི་གནམ་ཟག་རྣམས་ལ་ཟེར་བ་ཡིན་ལ། དེ་འདྲའི་གྲོགས་པོ་དང་འགྲོགས་པའི་གང་ཟག་གིས་ཆོས་དེ་དག་ལ་ཡིད་ཆེས་མི་སྐྱེ་ཞིང་། ཐེག་པ་ཆེན་པོའི་ལམ་ལས་ཉམས་པར་འགྱུར་བར་འདོད་དོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།༨a
  2. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།༢༥
  3. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།8a
  4. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན། ལག་བྲིས།10b
  5. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། སྡེ་དགེ་དཔར་མ།༢༨