Jump to content

སྡང་སེམས་

ཡོང་ཁུངས་Wikipedia

སྡང་སེམས་ཞེས་པ་ནི་གཞན་ལ་གནོད་པ་བྱ་བའི་འདོད་པ་དང་ལྡན་པའི་སེམས་སམ་ཞེ་སྡང་གི་སེམས་ལ་གོ་དགོས། འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཟོད་པའི་ལེའུ་ནང་དུ་བཟོད་པའི་ཡུལ་དང་སྦྲགས་ཏེ་གལ་ཆེན་པོ་ཞིག་ཏུ་བཤད་ཡོད།

སྡང་སེམས་ཀྱི་ནང་དོན།

[རྩོམ་སྒྲིག]

རབ་ཏུ་སྡང་བའི་སེམས་དང་ལྡན་པའི་དགྲ་བོ། "རབ་ཏུ་སྣང་བའི་སེམས་མ་རུངས་པ་དང་ལྡན་ཞིང་སྦྱོར་བའི་ཁྱད་པར་དྲག་ཅིང་རྩུབ་མོས་གནོད་པ་མི་བཟད་པ་བྱེད་པ་ལ་ཞུགས་པ་དེ་འདྲ་བ་ལ་བརྟེན་ནས་གནོད་བྱེད་ལ་མི་མཇེད་པའི་བཟོད་པ་སྐྱེ་ཞིང་རྫོགས་པར་འགྱུར་བས་ན་དེ་ལྟའི་གནོད་བྱེད་དེ་ཉིད་བཟོད་པའི་དཀའ་ཐུབ་དམ་པ་དེ་འགྲུབ་བྱེད་ཀྱི་རྒྱུ་མེད་དུ་མི་རུང་བ་ཡིན་པས་བྱང་སེམས་བདག་ལ་བཟོད་པ་བསྒྲུབ་པར་བྱའོ་སྙམ་དུ་ཕན་པའི་བསམ་པ་མེད་ཀྱང་དམ་པའི་ཆོས་བཞིན་དུ་མཆོད་པར་འོས་སོ། །"[]ཞེས་གསུངས་པ་ལྟར། སྡང་སེམས་ཞེས་པ་ནི་ཤིན་ཏུ་དྲག་པོའི་ཞེ་སྡང་གི་སེམས་ལ་གོ་ཞིང་། དེ་དང་ལྡན་པའི་དགྲ་བོ་དེ་བདག་ལ་གནོད་པ་བྱེད་པའི་སྐབས་སུ་བཟོད་པ་སྒོམ་པའི་གྲོགས་པོར་འགྱུར་ཞེས་པ་ཡིན། སྡང་སེམས་ཅན་གྱི་དགྲ་དང་སྨན་པའི་ཁྱད་པར། "གལ་ཏེ་དགྲ་འདི་བདག་ལ་གནོད་པ་བྱ་བའི་བསམ་པ་ཡོད་པས་མཆོད་བྱ་མིན་ནོ་ཞེ་ན། སྨན་པ་བཞིན་དུ་ཕན་བདེ་བསྒྲུབ་པ་ལ་བརྩོན་ན་བཟོད་པའི་ཡུལ་མ་ཡིན་ཏེ། བདག་གིས་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ཇི་ལྟར་གྲུབ། དེས་ན་གནོད་བྱེད་ལ་དགའ་བར་རིགས་སོ། །"[]ཞེས་གསུངས་པ་ནི། སྨན་པ་ནི་ཕན་པའི་བསམ་པས་ཡུངས་འདྲུག་གིས་ན་བཟོད་པའི་ཡུལ་མ་ཡིན་ལ། སྡང་སེམས་ཅན་གྱི་དགྲ་བོ་དེས་ནི་གནོད་སེམས་ཀྱིས་གནོད་པ་བྱེད་པས་བཟོད་པའི་ཡུལ་དུ་འགྱུར་ཞེས་པའི་དོན་ཡིན། ཕན་འདོགས་དང་གནོད་འདོགས་ཀྱི་ཁྱད་པར། "གལ་ཏེ་མི་མཚུངས་ཏེ་ཆོས་ལ་གནོད་སེམས་མེད་ལ་དགྲ་འདི་གནོད་པར་བྱ་བའི་བསམ་པ་ཡོད་པས་མཆོད་པར་བྱ་བ་མིན་ནོ་ཞེ་ན། སྨན་པ་བཞིན་དུ་ཕན་བརྩོན་ན་མི་བཟོད་པའི་གནས་མ་ཡིན་པས་དེ་ལ་བརྟེན་ནས་བདག་གིས་བཟོད་པ་ཇི་ལྟར་འགྲུབ།"[] ཞེས་པ་ལྟར་རོ། །

སྡང་སེམས་ཀྱི་རྒྱུ་འབྲས།

[རྩོམ་སྒྲིག]

བཟོད་པ་སྐྱེ་བའི་རྒྱུ། "ཕན་པར་བརྩོན་པ་ལས་བཟོད་པ་མི་འགྲུབ་པ་དེ་བས་ན་རབ་ཏུ་སྡང་བའི་སེམས་དང་ལྡན་པས་གནོད་པར་བྱེད་པའི་དགྲའི་མཚན་ཉིད་ཡོད་པ་ལ་བརྟེན་ནས་བདག་རྒྱུད་ལ་བཟོད་པ་སྐྱེ་བར་འགྱུར་བས་ན་དགྲ་བོ་དེ་ཉིད་བཟོད་པ་འགྲུབ་པའི་རྒྱུ་ཡིན་པས་བདག་ལ་བཟོད་པ་བསྒྲུབ་པའི་བསམ་པ་མེད་ཀྱང་དམ་པའི་ཆོས་བཞིན་དུ་མཆོད་པར་འོས་ཏེ་དགེ་བ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །"[]ཞེས་གསུངས་པ་ནི། སྡང་སེམས་ཅན་གྱི་དགྲ་བོ་དེས་བདག་ལ་གནོད་པ་བྱེད་པ་ལ་བརྟེན་ནས་བདག་གིས་བཟོད་པ་སྒོམ་ཐུབ་པས། དེ་ནི་བཟོད་པ་སྐྱེ་བའི་རྒྱུ་ཡིན་ཞེས་པའི་དོན་ཡིན། ཞེ་སྡང་ལས་ལྡོག་པའི་བཟོད་པ། "ཞེ་སྡང་གི་སེམས་ལོག་པ་ལས་ནི་བཟོད་པ་ཞེས་བརྗོད་དེ། དེ་ལྟ་བས་ན་གནོད་པ་བྱེད་པ་ཉིད་ལ་ཁོང་ཁྲོ་བའི་སེམས་བཟློག་ན་བཟོད་པ་ཡིན་ནོ་ཞེས་དེ་ཉིད་བསྟན་པ་དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སྨན་པ་ཕན་པར་བརྩོན་པ་ལ་བཟོད་པ་མི་རིགས་པ་དེ་བས་ན་སྟེ། གཏན་ཚིགས་འདི་ལས་སྡང་བའི་བསམ་པ་ཅན་དེ་ལ་བསྟན་ནས་རྒྱུ་མཚན་དུ་བྱས་ཏེ་བཟོད་པ་ཡང་དག་པར་སྐྱེ་བ་ཡིན་གྱི། དགེ་བའི་བསམ་པ་ལས་ནི་མ་ཡིན་ནོ། །"[]ཞེས་གསུངས་པ་ནི། བཟོད་པ་སྒོམ་པ་ཞེས་པ་ནི་སྡང་སེམས་ལ་མི་རུང་བ་སྟེ། སྡང་སེམས་ལོག་པ་དེ་ལ་གོ་དགོས་ཞེས་པའི་དོན་ཡིན། གནོད་པ་བྱེད་པའི་སྡང་སེམས། "གནོད་པ་བྱེད་པ་ནི་ཆེས་དཀོན་ན་བདག་ཉིད་ཀྱིས་ཉེས་སམ་མ་ཉེས་ཀྱང་རུང་སྟེ་ངལ་བས་སྒྲུབ་པའི་དཀའ་བ་མེད་པར་ཁྱིམ་ནང་དུ་རིན་པོ་ཆེའི་གཏེར་བྱུང་བ་ལྟར་བྱང་ཆུབ་ཀྱི་སྤྱོད་པ་མཆོག་བཟོད་པའི་གྲོགས་གནོད་བྱེད་བྱུང་བ་འདི་ནི་ཆེས་དགའ་བར་རིགས་ཏེ།"[] ཞེས་གསུངས་པ་ལྟར། སྡང་སེམས་ཅན་གྱིས་གནོད་པ་བཏང་བ་ནི་བཟོད་པའི་སྒོམ་ཡུལ་ལེགས་པ་ཞིག་ཡིན་པར་བཤད།

བསྡུས་དོན།

[རྩོམ་སྒྲིག]

སྡང་སེམས་ཞེས་པའི་ཐ་སྙད་ནི་གལ་ཆེ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཁྲིད་ཡིག་གི་ནང་དུ་བེད་སྤྱོད་གཏོང་ཡོད། འདི་ནི་གཞན་ལ་གནོད་པ་བྱ་བའི་སེམས་ཏེ་ཞེ་སྡང་གི་སེམས་ལ་གོ་ཞིང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཟོད་པའི་ཕར་ཕྱིན་སྒོམ་པའི་སྐབས་སུ་དེ་འདྲའི་སྡང་སེམས་ཅན་གྱི་དགྲ་བོ་དེ་མཆོད་འོས་སུ་བལྟ་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། སྡང་སེམས་ཅན་གྱི་དགྲ་བོ་དེས་བདག་ལ་གནོད་པ་བྱེད་པ་ལ་བརྟེན་ནས་བདག་གིས་བཟོད་པ་སྒོམ་ཐུབ་པའི་ཕྱིར་རོ། །ཞེ་སྡང་གི་སེམས་ལོག་པ་དེ་ལ་བཟོད་པ་ཞེས་ཀྱང་བརྗོད་པས། སྡང་སེམས་ཅན་ལ་བཟོད་པ་སྒོམ་པ་ནི་སྡང་སེམས་ལས་ལྡོག་པའི་ཐབས་ཡིན་པར་མངོན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  5. ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
  6. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།