སྟོན་པའི་དུས་ཆེན་བཞི་འཛོམས་ཀྱི་ཉིན་མོ་

ཡོང་ཁུངས་Wikipedia

སྟོན་པའི་དུས་ཆེན་བཞི་འཛོམས་ཀྱི་ཉིན་མོ། བདག་ཅག་འགྲོ་བ་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུར་གྱུར་པའི་༧སྟོན་པ་ཐུགས་རྗེ་ཅན་གྱི་འཁྲུངས་འདས་ཀྱི་དུས་ཚིགས་སོགས། ནང་པའི་དམིགས་བསལ་གྱི་དུས་ཆེན་ཁག་གཅིག་གྱུར་གྱིས་སྲུང་བརྩི་དགོས་ཚུལ་གླེང་མཁན་བོད་ཕྱི་ནང་གཉིས་ཀར་མཁྱེན་ལྡན་པ་མང་དག་ཅིག་འདུག་ལ། དེ་ཚོར་སྙིང་ནས་རྗེས་སུ་ཡི་རང་དང་ཕྱར་བ་གྲུ་འདེགས་ཚུལ་གྱིས་རྒྱབ་སྐྱོར་དང་དོ་སྣང་དགོས་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་མོད། འོན་ཀྱང་དུས་ཆེན་རྣམས་ཀྱི་ཟླ་ཚེས་སོགས་རབ་ན་མདོ་ལུང་དང་། མིན་ནའང་རྒྱ་བོད་པཎ་གྲུབ་ཚད་ལྡན་རྣམས་ཀྱི་གསུང་གཞིར་བཞག་གིས་སྲུང་བརྩི་དགོས་པ་ནི་གལ་ཆེན་དོན་ཆེན་ཞིག་ཏུ་སྣང་ངོ་། ནང་པའི་རྗེས་འཇུག་ཡོངས་ནས་ད་ཐེངས་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བའི་ནང་དུ་༧ སྟོན་པའི་དུས་ཆེན་མང་དག་ཅིག་སྲུང་བརྩི་བྱེད་ཀྱིན་ཡོད་པ་རེད་མོད། ཡིན་ཡང་མདོ་བསྟན་སོགས་ལ་ཁུངས་གཞི་བཅོལ་གྱིས་ཚད་ལྡན་སྲུང་བརྩི་ཞུ་མཁན་ནི་ཅུང་དཀོན་པར་སྣང་། དེ་བས་སྐབས་འདིར་གནམ་འོག་གི་ནང་པ་ཡོངས་དང་། ལྷག་ཏུ་རང་རེ་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ལ་ཅུང་ཟད་ཕན་དུ་རེ་ནས་ས་ཟླའི་ཚེས་པ་བཅོ་ལྔ་ནི་ཁུངས་ཡོད་ལུང་ཡོད་ཀྱི་སྟོན་པའི་དུས་ཆེན་བཞི་འཛོམས་ཀྱི་ཉིན་མོ་ཞིག་ཡིན་ཚུལ་ཅུང་ཟད་གླེང་ན་སྙམ།


དང་པོ། ས་ཟླའི་ཚེས་བཅོ་ལྔར་ལྷུམས་སུ་ཞུགས་པ།

དེ་ཡང་འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས། དགེ་སློང་དག་དེ་ལྟར་དགུན་འདས་ཏེ། ༼དཔྱིད་ཀྱི་དུས་ལ་དཔྱིད་ཟླ་ཐ་ཆུང་གི་ཚེ་སྐར་མ་ས་ག་ལ་བབ་པ་དུས་ཀྱི་དམ་པ་ལ།༽ཞེས་སོགས་དང་། ༼ཚེས་བཅོ་ལྔའི་ཟླ་བ་ཉ་ལ་སྐར་མ་རྒྱལ་གྱི་དུས་སུ། ཡུམ་གསོ་སྦྱོང་བླངས་པའི་རུམ་དུ་བྱང་ཆུབ་སེམས་པ་དགའ་ལྡན་གྱི་གནས་དམ་པ་ནས་འཕོས་ཏེ་༽ཞེས་སོགས་དང་། གཞན་ཡང་འབྲུག་ཀུན་མཁྱེན་པདྨ་དཀར་པོས་ཀྱང་། དགུན་འདས་ཏེ་དཔྱིད་ཟླ་ཐ་ཆུང་གི་སྐར་མ་ས་ག་ལ་བབ་པའི་ཚེས་བཅོ་ལྔ་ཟླ་བ་ཉ། སོགས་མང་དུ་གསུངས་ཤིང་། ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་དང་འགོས་ལོ་གཞོན་ནུ་དཔལ་སོགས་ཀྱིས་ཀྱང་དེ་དང་མཐུན་པར་གསུངས་ལ། དཔྱིད་ཟླ་ཐ་ཆུང་ས་ག་ཟླ་བ་ཡིན་པ་ནི་མདོ་ན་གསལ་བས་ལྷུམས་ཞུགས་ཀྱི་དུས་དེ་ས་ཟླའི་ཚེས་པ་བཅོ་ལྔ་ལ་ཁེལ་བ་ཧ་ཅང་གསལ་པོ་རེད།


གཉིས་པ། ས་ཟླའི་ཚེས་བཅོ་ལྔར་སྐུ་བལྟམས་པ།

དེ་ཡང་འདུལ་བ་གཞུང་དམ་པ་ལས། ༼བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བཅོམ་ལྡན་འདས་ཟླ་བ་གང་ལ་བཙས་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག །དཔྱིད་ཟླ་ཐ་ཆུང་ལ་བཙས་སོ།།༽ ཞེས་དང་། འབྲུག་ཀུན་མཁྱེན་པདྨ་དཀར་པོས་ཀྱང་། ༼དེ་ནས་ལྷུམས་དེར་རྒྱལ་སྲས་རྣམས་ཀྱིས་ཉེ་བར་སྤྱད་པ་རིན་པོ་ཆེའི་བཀོད་པ་ཞེས་བྱ་བའི་གཞལ་མེད་ཁང་རང་བྱུང་བར་ཟླ་བ་བཅུ་གཉིས་ལྷ་དང་མི་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་སྨིན་པར་མཛད་དོ།།༽ ཞེས་དང་། ༼ས་གའི་ཉ་ལ་ལུམྦི་ནིའི་ཚལ་དུ་ཡུམ་གྱི་རྩིབ་ལོགས་གཡས་ནས་ཡུམ་ལ་གནོད་པ་མེད་པར་བཙས་ཏེ།༽ སོགས་གསུངས་པས་སྐུ་བལྟམས་པའི་དུས་དེ་ཡང་ས་ཟླའི་ཚེས་པ་བཅོ་ལྔ་ལ་ཡིན་པ་གསལ་པོ་ཆགས་པ་རེད།


གསུམ་པ། ས་ཟླའི་ཚེས་བཅོ་ལྔར་སངས་རྒྱས་པ།

དེ་ཡང་། རྒྱུད་ལས། ༼ཡང་དག་སངས་རྒྱས་དེར་སངས་རྒྱས། །སྐལ་མེད་སྐྱེ་བོ་འདུལ་བའི་ཕྱིར། །སྤྲུལ་པ་པོ་ནི་འདིར་སངས་རྒྱས།།༽ ཞེས་གསུངས་པ་ལྟར་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་གཟུགས་ཀྱི་སྤྲུལ་པའི་སྐུ་ཞིག་སངས་རྒྱས་པའི་ཚུལ་བསྟན་པ་ཡང་། འབྲུག་ཀུན་མཁྱེན་པདྨ་དཀར་པོའི་ཆོས་འབྱུང་ལས། ༼དེ་ནས་བྱང་ཆུབ་སེམས་དཔའ་ས་གའི་ཉ་ལ་ཆོས་ཀྱི་གཡེའི་དགོན་པ་མ་ག་དྷ་རྡོ་རྗེ་གདན་བྱང་ཆུབ་ཀྱི་སྙིང་པོའི་སྤོ་ཨ་ཤྭཏྠའི་ཤིང་གི་དྲུང་དུ་གཤེགས་པའི་ཚེ།༽ སོགས་དང་། ༼ནམ་གྱི་ཆ་སྨད་རྔ་བརྡུང་བ་ཙམ་གྱི་ཚེ་ལ་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ།།༽ ཞེས་གསུངས་པས་ས་གའི་ཉ་སྟེ་ས་ཟླའི་ཚེས་བཅོ་ལྔ་ཉིན་མངོན་པར་རྫོགས་པ་སངས་རྒྱས་པར་གསལ་བ་འདི་ནི་དེང་སང་ཡོངས་གྲགས་གཅིག་གྱུར་དུ་ཞལ་མཐུན་བཞིན་པ་ཉིད་ཡིན་ནོ།།


བཞི་པ། ས་ཟླའི་ཚེས་བཅོ་ལྔར་སྐུ་མྱ་ངན་ལས་འདས་པ།

༼སཱ་ལའི་ཚལ་དུ་མྱ་ངན་འདས་བསྟན་ནས།།༽ ཞེས་གསུངས་པ་ལྟར་སྟོན་པ་ཐུགས་རྗེ་ཅན་མཆོག་རྟག་འཛིན་ཅན་གྱི་གདུལ་བྱའི་བློ་སྣ་ལྡོག་ཕྱིར་རེ་ཞིག་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཡང་ས་ཟླའི་ཚེས་པ་བཅོ་ལྔ་ལ་ཡིན་པར་སྣང་སྟེ། འབྲུག་པ་པདྨ་དཀར་པོའི་ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་ལས། ༼མྱ་ངན་ལས་འདས་ཆེན་རྒྱ་གར་འགྱུར་ལས། དཔྱིད་ཟླ་ཐ་ཆུང་ས་གའི་ཚེས་བཅོ་ལྔའི་མཚན་མོའི་དགུང་ཐུན་ལ་འདས་པར་བཤད་དོ།།༽ ཅེས་གསུངས་པ་འདི་ཉིད་ཚད་མར་འཛིན་པ་ལྟར། འདི་ཡང་དེང་སང་ཡོངས་ཁྱབ་ཀྱི་ཚུལ་དུ་དགོངས་པ་མཐུན་ནོ།། དེ་ལྟར་མདོ་དང་བསྟན་བཅོས་ཁུངས་བཙན་པར་བྱས་པའི་ས་ཟླའི་ཚེས་པ་བཅོ་ལྔ་ནི། དུས་ཆེན་བཞི་འཛོམས་དང་མཆོད་པ་བཞི་ལྡན་ཞིག་ཡིན་ཚུལ་ཅུང་ཟད་གླེང་བ་ཡིན་ལ། མཁྱེན་ལྡན་རྣམ་པས་མདོ་ལུང་འདི་ཚོ་ལས་ཁ་གསལ་བའམ། ཡང་ན་འདི་རུ་མ་གསལ་བ་འདྲ་མཁོ་སྤྲོད་གནང་རྒྱུ་ཡོད་ན་དགའ་བསུ་ལས་མེད་མོད། འོན་ཀྱང་དོན་མེད་ཀྱི་ཀླན་ཀ་ནི་རང་གཞན་ངལ་བའི་རྒྱུ་དང་། མཁས་པའི་མདུན་ས་ནས་ངོ་ཚ་ཉོ་སྤྱད་ལས་མེད་པས། ཡོམ་བཤད་མང་པོ་མི་དགོས་པར་མདོ་བསྟན་འདི་ཚོར་གཞི་བཅོལ་གྱིས་ས་ཟླའི་ཚེས་པ་བཅོ་ལྔ་དུས་ཆེན་བཞི་འཛོམས་ཀྱི་ཉིན་མོ་ཉིད་དུ་ཐག་གཅོད་བྱས་ན་ནོར་འཆུགས་མེད་ཅིང་དགེ་མཚན་ཅི་བས་ཀྱང་ཆེ་བར་སྣང་ངོ་།།