སྟོན་པའི་གསུང་གི་གནད་འགའ་ལ་ངེས་པ་སྐྱེད་ཚུལ་

ཡོང་ཁུངས་Wikipedia

༄༅། །སྟོན་པའི་གསུང་གི་གནད་འགའ་ལ་ངེས་པ་སྐྱེད་ཚུལ་མདུད་བརྒྱའི་འགག་བཀྲོལ་བཞུགས།


རལ་བ་གདན་དུ་བཏིང་པའི་མཆོད་བཀུར་དང་། ། མདའ་མདུང་རྣོ་སོ་འདེབས་པའི་གནོད་བྱེད་ལ། ། ཁྱད་མེད་ཐུགས་བརྩེ་མཉམ་པས་འཇིག་རྟེན་འདིའི། ། ལྷ་མིའི་སྟོན་པར་གྱུར་ལ་གུས་པས་འདུད། །

དེ་ལ་འདིར་བདག་ཅག་གི་སྟོན་པ་མཆོག་གི་གསུང་གི་བརྗོད་བྱ་རང་ཅག་ཕལ་བའི་སྐྱེ་བོ་དག་གི་བློ་ཡུལ་ལས་འདས་པ་ལྷ་དང་འདྲེ་དམྱལ་བ་དང་ཞིང་ཁམས་འཇིག་རྟེན་འདིར་ཡང་རི་རབ་གླིང་བཞིའི་བཀོད་པ་ཟངས་མདོག་དཔལ་རི་ཤམ་བྷ་ལའི་གནས་ཡུལ་དང་སྐྱེ་བ་སྔ་ཕྱི་སོགས་ལ་ཡིད་ཆེས་དང་ངེས་པ་སྐྱེད་ཚུལ་ལ་རྒྱུ་མཚན་ཅི་འདྲའི་སྒོ་ནས་བསམ་དགོས་སྙམ་ན།   འདིར་ལྟར་ལགས་ཏེ། སངས་རྒྱས་ཞེས་པ་ཐམས་ཅད་མཁྱེན་པ་ཡིན་པ་དང་འགྲོ་བ་ཀུན་ལ་བརྩེ་བ་དང་ལྡན་པ་ཡིན་པས་གསུང་དེ་དག་ཀྱང་བདེན་པ་ཁོ་ན་ཡིན་པར་བཤད་ཀྱང་སངས་རྒྱས་དེས་ཤེས་བྱ་ཐམས་ཅད་མཁྱེན་པ་ཡིན་པ་སོགས་ལ་རྒྱུ་མཚན་ཡང་དག་ཅིག་མ་རྙེད་ན་དེ་ལྟར་ཡིན་ལས་ཆེ་སྙམ་པ་ཙམ་རེ་ལས་ཡིད་ཆེས་བརྟན་པོ་ཞིག་སྐྱེ་དཀའ་ལ།  མ་ཟད་སངས་རྒྱས་ཀྱི་གསུང་གི་ནང་དོན་ལ་བརྟག་དཔྱད་བྱས་ཚེ་རང་ཅག་གིས་ཤེས་ཐུབ་རྒྱུའི་སྐོར་རྣམས་ནི་ཤིན་ཏུ་བདེན་པ་དང་རྒྱུ་མཚན་དང་ལྡན་པ་ཤ་སྟག་ཡིན་ཡང་།  ཤེས་མི་ནུས་པའི་ལྐོག་གྱུར་གྱི་སྐོར་གསུངས་པ་དག་ལ་འདི་མི་འཐད་སྙམ་པའི་རང་ཚིག་དང་འགལ་བ་དང་རིགས་པས་གནོད་པ་སོགས་གང་ཡང་སྟོན་རྒྱུ་མེད་ཀྱང་དེ་ལྟར་ཡིན་པའི་སྒྲུབ་བྱེད་ཀྱི་རྒྱུ་མཚན་ཡང་དག་ཅིག་ལ་རྟེན་ས་མེད་ན་ད་དུང་དེ་ལྟར་ཡིན་ངེས་ཀྱི་ངེས་པ་བརྟན་པོ་སྐྱེ་མི་ཐུབ།  དེ་ནི་སངས་རྒྱས་ཀྱི་གསུང་ཁོ་ནའི་དཀའ་གནད་ཅིག་མ་ཡིན་པར་རང་གི་བློ་ཡུལ་དུ་མ་གྱུར་པའི་ལྐོག་གྱུར་གྱི་ཆོས་གང་ལ་དཔྱད་པ་བྱས་ཀྱང་འདྲ་སྟེ།  འབྲོག་པ་རྒན་པོ་ཞིག་གིས་ཟོག་ཅིག་བོར་ན་ཡང་རི་འདིའི་ཕར་རྒྱབ་ན་ཡོད་ཤས་ཤིན་ཏུ་ཆེ་སྙམ་པའི་གདེང་ཙམ་རེ་ཡོད་ཀྱང་རྒྱུ་མཚན་ངེས་ཅན་ཞིག་མ་རྙེད་ན་ཡོད་ངེས་ཀྱི་ཐག་མི་ཆོད་པ་བཞིན་ནོ། །དེས་ན་སངས་རྒྱས་ཀྱི་གསུང་དེ་དག་གི་དོན་དེ་ལྟར་བདེན་མི་བདེན་དེ་དེའི་དོན་ཅི་བཞིན་དུ་བསྒྲུབས་ཤིང་ལག་ཏུ་བླངས་བའི་གང་ཟག་དག་གིས་ཅི་མཐོང་ཅི་ཤེས་རྒྱུད་ལ་གང་སྐྱེས་སོགས་ལ་དཔྱད་ན།   གལ་ཏེ་དེ་དག་གིས་ཀྱང་སངས་རྒྱས་ཀྱི་གསུང་གི་ནང་བཞིན་ས་ལམ་གྱི་ཡོན་ཏན་སྤྱན་དང་མངོན་ཤེས་ཞིང་ཁམས་དང་ངན་སོང་སོགས་ཇི་མ་ཇི་བཞིན་དུ་གསལ་བོར་མངོན་དུ་གྱུར་ཅིང་མཐོང་བ་ཞིག་བྱུང་ན་ནི་གསུང་དེ་དག་བདེན་པའི་རྟགས་མཐར་ཐུག་པ་དང་།  གལ་ཏེ་མ་བྱུང་ན་ནི་གསུང་དེ་དག་ཀྱང་མ་བདེན་པར་སོང་བ་ཡིན་པས།  འདི་འདྲའི་སྒོ་ནས་དཔྱད་པ་བྱེད་ཚུལ་དེ་གོ་སླ་ཞིང་ཆོད་ཆེ་བའི་རྒྱུ་མཚན་ནམ་རིགས་པ་ཤིན་ཏུ་སྟོབས་ལྡན་ཞིག་ཡིན་ལ། དེ་ལས་ལྷག་པའི་རྒྱུ་མཚན་གཞན་བཙལ་རྒྱུའང་མེད་ལ་དགོས་ཀྱང་མི་དགོས་པ་ནི།  དཔེར་ན་མི་མཁས་པ་དྲང་པོ་བསམ་དཀར་ཞིག་གིས་ལྷ་ས་ལ་འགྲོ་མ་མྱོང་བའི་མི་མང་པོ་ཞིག་ལ་ལྷ་སར་ཇི་ལྟར་འགྲོ་ཚུལ་གྱི་ལམ་དང་།  ལམ་དུ་ཡོད་པའི་གྲོང་དག་གི་ཆགས་ཚུལ་སོགས་ཞིབ་མོར་བཤད་པ་ན།  མི་དེ་དག་གི་གཏམ་དེ་རྣམས་ལ་མི་བདེན་པའི་ཆ་གང་ཡང་མ་མཐོང་བར་མ་ཟད་མི་དེ་སྤྱིར་མཁས་པ་ཡ་རབ་བདེན་པ་ཞིག་ཡིན་པར་ཤེས་ཀྱང་དེ་ཙམ་གྱིས་ཁོས་བཤད་པའི་ལྷ་སའི་ལམ་གྱི་གནས་ཚུལ་དེ་དག་མཐའ་གཅིག་ཏུ་དེ་ལྟར་ཡིན་ངེས་སྙམ་དུ་ཐག་གཅོད་མི་ཐུབ་པ་ཡིན་ལ།  འོན་ཀྱང་མི་འགའ་ཞིག་ཁོས་བཤད་པ་ནང་བཞིན་ལམ་དེར་སོང་བ་ན་ལམ་གྱི་ཡུལ་གྲོང་སོགས་བཤད་པ་ཇི་ལྟ་བ་བཞིན་དུ་ཡོད་ཅིང་ལྷ་སར་སླེབས་ཐུབ་པ་བྱུང་ན་གཞན་རྒྱུ་མཚན་མང་པོ་ཅི་ཡང་མི་དགོས་པར་དེ་ཁོ་ནས་མི་དེས་བཤད་པ་དེ་བདེན་པ་ཡིན་པར་ཐག་གསལ་བོར་ཆོད་པ་བཞིན་ཡིན་ནོ། །སངས་རྒྱས་ཀྱི་གསུང་དེ་དག་ཀྱང་སྔོན་ནས་ད་ལྟའི་བར་དུ་བདེན་ནམ་མི་བདེན་ཞེས་དཔྱད་པ་རེ་བྱས་ནས་རང་གར་བོར་ནས་བཞག་པ་ཞིག་མིན་པར་ལྷོ་ཕྱོགས་སིངྒ་ལ་ནས་བྱང་ཨུ་རུ་སུའི་བར་གྱི་ཡུལ་གྲུ་དུ་མར་དར་ནས།  ཚེ་འདི་རྒྱབ་ཏུ་བོར་ལུས་སྲོག་འབེན་དུ་བཙུགས་ཏེ་དམ་པའི་ཆོས་ཁོ་ན་ལ་ཉམས་ལེན་གྱིས་མི་ཚེ་བསྐྱལ་མཁན་མི་གྲངས་མ་མཐའ་ཡང་བྱེ་བ་འགའ་རེ་ངེས་པར་བྱུང་ཡོད་པ་ཡིན།  ཆོས་ཉམས་ལེན་བྱེད་མཁན་དེ་རྣམས་ཀྱི་ནང་ནས་ཀྱང་རྗེ་བཙུན་མི་ལ་རས་པ་ལྟ་བུ་སོགས་སངས་རྒྱས་ཀྱི་གོ་འཕང་དངོས་སུ་ཐོབ་པ་ཡང་མང་པོ་དང་།  གཞན་ཡང་རང་རང་གི་སྐལ་བ་དང་མཐུན་པར་ས་ལམ་གྱི་ཡོན་ཏན་སྤྱན་དང་མངོན་ཤེས་རྫུ་འཕྲུལ་དང་གྲུབ་རྟགས་སོགས་ཐོབ་པ་ནི་དེ་ལས་ཀྱང་མང་བ་ཞིག་བྱུང་བ་ཡིན།  དེ་དག་གིས་ཀྱང་སྤྱན་དང་མངོན་ཤེས་ལ་བརྟེན་ནས་རང་གཞན་གྱི་སྐྱེ་བ་དུ་མ་ཤེས་པ་དང་།  ངན་སོང་གི་གནས་རྣམས་དང་ཞིང་ཁམས་སྣ་ཚོགས་ཀྱང་མཐོང་ཐུབ་པ་བྱུང་ཞིང་།  གཞན་ཡང་རྨི་ལམ་དང་སྒྱུ་ལུས་ལ་དབང་འབྱོར་ཏེ་ཐ་མལ་གྱི་ལུས་དེ་ཤུལ་དུ་བཞག་ནས་སྤྲུལ་བའི་ལུས་ལ་བརྟེན་ཏེ་རང་ཅག་གི་ཡུལ་རྒྱ་ནག་རི་བོ་རྩེ་ལྔ་དང་ལྷ་ས་བལ་ཡུལ་སོགས་སུ་ཕྱིན་ཅིང་ལྷ་རྟེན་གནས་རི་སོགས་མཇལ་བ་རྣམས་ནི་དེ་དག་གི་མཐོང་སྣང་བཞིན་དོན་ལ་ཡང་དེ་ལྟར་ཡོད་པ་དང་།  གཞན་ཡང་རིགས་ལྔའི་ཞིང་དང་ཟངས་མདོག་དཔལ་རི་ཤམ་བྷ་ལ་སོགས་སུ་ཡང་བྱོན་ནས་ཆོས་མཉན་པ་དང་།  རི་རབ་གླིང་བཞི་དང་བཅས་པ་མངོན་ན་སུམ་དུ་མཐོང་ཞིང་ལྷ་དང་ཀླུའི་གནས་དུ་མར་བྱོན་པའི་གཟིགས་སྣང་རྣམས་ནི་རང་ཅག་གིས་ད་ལྟ་མཐོང་མི་ནུས་ཀྱང་དོན་ལ་ཡང་དེ་ལྟར་ཡོད་པར་ཁས་ལེན་དགོས་ཏེ། གལ་ཏེ་དེ་དག་དོན་ལ་མེད་ན་བཤད་མ་ཐག་པའི་རྒྱ་ནག་རི་བོ་རྩེ་ལྔ་སོགས་ཀྱི་མཐོང་སྣང་རྣམས་ཀྱང་རྫུན་པར་འགྱུར་བར་སྒོ་ཀུན་ནས་མཚུངས་ཀྱང་དེ་དག་ནི་དོན་ལ་ཡོད་པར་ཐམས་ཅད་ལ་གྲུབ་པས་སོ། །འདི་དག་གི་སྐོར་རྣམས་ནི་སྔོན་ནས་ད་ལྟའི་བར་བྱོན་པའི་སྐྱེས་ཆེན་དམ་པ་དག་གི་རང་རང་གི་ཉམས་རྟོགས་དང་ཡོན་ཏན་གྱི་སྐོར་རྣམས་ཇི་བཞིན་དུ་བཀོད་པའི་གསང་བའི་རྣམ་ཐར་དག་ཏུ་བྲིས་པ་ལྟར་ཡིན་ནོ། །   འོ་ན་གཏམ་དེ་དག་བདེན་པར་ཡིད་ཆེས་ཆོག་པའི་རྒྱུ་མཚན་ཅི་ཡོད་ཅེ་ན།  འདི་ལྟར་ལགས་ཏེ།  གལ་ཏེ་ཁོང་རྣམས་ལ་དེ་འདྲའི་ཡོན་ཏན་དང་གཟིགས་སྣང་སོགས་མེད་བཞིན་དུ་ཡོད་པར་སྨྲས་པ་ཡིན་ན་ནི་མི་ཆོས་བླ་མའི་རྫུན་ཟེར་བ་དེ་ཡིན་པས་སྡིག་པ་ཤིན་ཏུ་ཆེ་ཞིང་སྡོམ་པ་རྩ་བ་ནས་ཉམས་པའི་ལས་ཤིག་ཡིན་པས་དམ་པའི་སྐྱེས་བུ་དེ་དག་ནི་ཕྱི་མ་ཁོ་ན་དོན་དུ་གཉེར་ཞིང་ཐ་ན་ཕྱི་དྲོའི་ཁ་ཟས་ཙམ་ལའང་འཛེམ་བག་བྱས་ཏེ་ལས་འབྲས་མིག་བཞིན་དུ་སྲུང་མཁན་ཤ་སྟག་ཡིན་པས་དོན་མེད་དུ་དེ་འདྲའི་སྡོམ་པ་དང་རྩ་བ་ནས་འགལ་བའི་སྡིག་པ་མི་བྱེད་པ་ནི་གཏམ་དེ་དག་ལ་ཡིད་ཆེས་ཆོག་པའི་རྒྱུ་མཚན་གཙོ་བོ་ཞིག་ཡིན།  འདི་ནི་འདི་ཙམ་དུ་མ་ཟད་སངས་རྒྱས་ཀྱིས་རྫུན་མི་གསུང་པའི་རྒྱུ་མཚན་དུ་ཡང་སྦྱར་ཆོག་སྟེ། གལ་ཏེ་དམྱལ་བ་དང་ཞིང་ཁམས་སོགས་མ་མཐོང་མ་ཤེས་བཞིན་དུ་མཐོང་ངོ་ཤེས་སོ་ཞེས་སྨྲས་པ་ཡིན་ན་ནི་སངས་རྒྱས་ཡིན་ཡང་རང་རྒྱུད་ཀྱི་སྡོམ་པ་དང་རྩ་བ་ནས་འགལ་བར་སོང་བ་ཡིན་པས་སོ། །དེ་ལ་སྤྱིར་སངས་རྒྱས་ཀྱིས་རྫུན་མི་གསུང་པའི་རྒྱུ་མཚན་ལ་གཞུང་དག་ན་ཐམས་ཅད་མཁྱེན་པ་ཡིན་པ་དང་། རྫུན་སྨྲ་བའི་རྒྱུ་ཉེས་པ་མཐའ་དག་ཟད་པ་ཡིན་པ་སོགས་བཀོད་ཡོད་ཀྱང་། སངས་རྒྱས་དེས་ཤེས་བྱ་ཐམས་ཅད་མཁྱེན་མི་མཁྱེན་དང་སྒྲིབ་པ་མཐའ་དག་སྤངས་མ་སྤངས་ནི་རང་ཅག་ལ་ལྟོས་ན་ཅུང་ཟད་རྟོགས་དཀའ་བ་ཞིག་ཡིན་ལ།  འོན་ཀྱང་ཤཱཀྱའི་སྲས་མཆོག་དེས་ནི་མི་ཆོས་བླ་མའི་རྫུན་སྨྲ་མི་ཆོག་ཅེས་རང་གིས་རྩ་བའི་བཅས་ཁྲིམས་ཤིག་ཏུ་བཞག་བཞིན་དུ་སླར་ཡང་རང་ཉིད་ཀྱིས་རྫུན་ཆེན་པོ་དེ་འདྲ་ཅི་འདོད་འདོད་དུ་སྨྲ་མཁན་དེ་འདྲ་ཞིག་ཡིན་མིན་ཙམ་ནི་སུས་ཀྱང་དཔྱད་མི་ཤེས་པ་ཅི་ཡང་མེད།  དེ་ལྟར་བསམ་བློ་ཞིབ་མོ་བཏང་ཚེ་སངས་རྒྱས་ཞེས་པ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་འཇིག་རྟེན་ལས་འདས་པའི་སྐྱེས་བུ་ཁྱད་འཕགས་ཤིག་ཡིན་པའི་ངེས་པ་སྐྱེད་མ་ཤེས་ཀྱང་།  གཞན་ལ་རྫུན་བཤད་མི་རུང་ཟེར་བཞིན་དུ་རང་གིས་ལྷ་མཐོང་འདྲེ་མཐོང་སོགས་རྫུན་འབའ་ཞིག་སྨྲ་མཁན་དེ་འདྲ་ཞིག་མིན་པའི་ངེས་པ་ཐག་ཆོད་ཅིག་སྐྱེས་ཐུབ་ན་ཡང་དོན་དུ་སངས་རྒྱས་ཀྱི་གསུང་གི་གནད་ལས་འབྲས་སོགས་ཀྱི་གནས་དུ་མ་ཞིག་ཁས་མི་ལེན་ཀ་མེད་བྱུང་བ་ཡིན་ནོ། །འདི་དག་གི་སྐོར་ལ་བསམ་བློ་ཡང་ཡང་བཏང་ནས་སངས་རྒྱས་ཀྱི་གསུང་དང་མཆོག་གསུམ་ལ་ཡིད་ཆེས་ཀྱི་དད་པ་གཏིང་ཚུགས་པ་རེ་ཨེ་སྐྱེ་ལྟ་རྒྱུ་ཤིན་ཏུ་གལ་ཆེ་སྟེ།  དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་མཆོག་གསུམ་དང་ལས་འབྲས་ལ་ཡིད་ཆེས་ཁྱད་པར་ཅན་ཞིག་ཡོད་ན་ནི་མཚམས་མེད་ཀྱི་ལས་བྱས་པ་ཡང་དད་པ་དང་འགྱོད་པའི་སྟོབས་ཀྱིས་དག་ནུས་པ་དང་། དད་པ་དང་ཡིད་ཆེས་བརྟན་པོ་ཞིག་མེད་ན་ནི་ཁྲིམས་ལྡན་གྱི་དགེ་སློང་དུ་ཁས་འཆེ་བ་ཡང་ཀུན་སློང་ངན་པ་རེས་དབང་གིས་ངན་འགྲོར་འཁྱམ་པ་ཡང་མང་བ་དེས་ན།  དམ་པའི་ཆོས་ལ་བརྟེན་ནས་འགལ་རྐྱེན་ཞི་བ་དང་མཐུན་རྐྱེན་སྒྲུབ་པ་སོགས་ཚེ་འདི་ཕྱིའི་རེ་འདོད་གང་ཞིག་འགྲུབ་དགོས་ཀྱང་རྩ་བ་ཡིད་ཆེས་ཀྱི་དད་པ་འདི་ཁོ་ན་ལ་རག་ལས་པ་ཡིན་པས་གལ་ཏེ་ཡིད་ཆེས་ཡང་དག་ཅིག་མེད་ན་ཅི་ཙམ་འདོན་ཁུལ་སྒྲུབ་ཁུལ་བྱས་ཀྱང་སྙིང་པོ་གང་ཡང་མེད་པས་སོ། །དེ་ལྟར་སངས་རྒྱས་ཁོ་ན་ཙམ་དུ་མ་ཟད་པར་གཞན་ཡང་དེ་ཡི་གསུང་གི་ནང་བཞིན་དུ་རང་ཅག་གི་བློའི་ཡུལ་དུ་མ་གྱུར་པ་ཤིན་ཏུ་ལྐོག་གྱུར་གྱི་ཆོས་དག་མངོན་དུ་གྱུར་པའི་སྐྱེས་བུ་དམ་པ་དག་གི་རྣམ་ཐར་ཤིན་ཏུ་མང་པོ་ཡོད་པས་ཞིབ་པར་དེ་དག་ལས་ཤེས་པར་བྱ་ལ། འདིར་མཚོན་བྱེད་ཙམ་རེ་བཀོད་ན་ཤར་ཀཿཐོག་པའི་སྐྱེས་བུ་དམ་པ་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་རྣམ་ཐར་དུ།  རང་ཉིད་རིག་པ་ཚད་ཕེབས་པ་ཞིག་སླར་ཡང་སྐྱེ་བ་བླང་ཚུལ་དང་སྐབས་སུ་ཏིང་ངེ་འཛིན་གྱི་ཤར་ཆ་ལ་སྤྱན་རས་གཟིགས་དང་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་མཇལ་ཞིང་གཞན་ཡང་འགྲོ་བ་རིགས་དྲུག་གི་གནས་ཐམས་ཅད་གསལ་སྒྲིབ་མེད་པར་མཐོང་ཚུལ་དང་།  མཚོ་ཕུ་གྲུབ་ཆེན་རྡོ་རྗེ་བདུད་འདུལ་ཉིད་དགུང་གྲངས་རེ་གཅིག་སྐབས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གསུང་བཞིན་ངན་སོང་དུ་བྱོན་ཏེ་ངན་འགྲོའི་སྐྱེ་གནས་དུ་མ་མཐོང་ཚུལ་རྗེ་དེ་ཉིད་ཀྱི་གསུང་དུ་བཞུགས་པ་ལྟར་དང་། འདུལ་འཛིན་གྲུབ་པའི་སྐྱེས་བུ་རིག་འཛིན་འཇའ་ཚོན་སྙིང་པོའི་དཔལ་རིའི་མཐོང་སྣང་དུ་རྨི་ལམ་སྤྲུལ་བསྒྱུར་ལ་བརྟེན་ཏེ་ཟངས་མདོག་དཔལ་རིའི་ཞིང་དུ་བྱོན་ནས་དེའི་སྣོད་བཅུད་ཀྱི་བཀོད་པ་རྣམས་ཞིབ་པར་མཇལ་ཞིང་ཨུ་རྒྱན་ཆེན་པོའི་མདུན་ནས་སྨིན་གྲོལ་གྱི་གདམ་པ་ཞུས་ཚུལ་དང་། དེ་དང་མཐུན་པར་རིག་འཛིན་སྟག་ཤམ་པ་ཡང་ཐོག་མར་དཀོར་སྒྲིབ་ཅན་རྣམས་ཀྱིས་སྡུག་བསྔལ་མྱོང་བའི་ངན་སོང་གི་གནས་སུ་སོང་ནས་སླར་ཡང་དཔལ་རིའི་ཞིང་དུ་ཕེབས་ཚུལ་སོགས་དང་།  གཏེར་ཆེན་རཏྣ་གླིང་པས་སྐུ་ཚེ་དེ་ཉིད་ལ་གུ་རུ་རིན་པོ་ཆེའི་ཞལ་ལན་ཉེར་ལྔར་མཇལ་བ་དང་། གཞན་ཡང་སྐྱེས་ཆེན་དུ་མར་དཔལ་རིའི་མཐོང་སྣང་ཤིན་ཏུ་མང་པོ་ཡོད།  གྲུབ་པའི་དབང་ཕྱུག་མན་ལུང་གུ་རུའི་ལམ་ཡིག་ཏུ།  ཁོང་མཁའ་འགྲོ་མ་ཞིག་གིས་ཁྲིད་ནས་རི་རབ་ཀྱི་རྩེར་སོང་སྟེ་གླིང་བཞིའི་གནས་རྣམས་མཐོང་བ་དང་གངས་ཏི་སེའི་ཕྱོགས་ཀྱི་དཔག་ཚད་འགའ་སོང་བའི་ཡུལ་ནས་ཤམ་བྷ་ལར་སླེབས་ཏེ་རིགས་ལྡན་ཆོས་ཀྱི་རྒྱལ་པོའི་མདུན་ནས་གདམ་ངག་གསན་ཚུལ་དང་།  ཇོ་ནང་ཏཱ་ར་ནཱ་ཐ་ཡང་དགུང་གྲངས་བཅོ་བརྒྱད་ནས་བཟུང་ཤམ་བྷ་ལར་སླེབས་པའི་གཟིགས་སྣང་ལན་དུ་མར་བྱུང་ཞིང་ཤམ་བྷ་ལའི་གྲོང་གི་ཁྱོན་ལ་ཡང་ཉིན་ལམ་བརྒྱ་ཡིས་ཀྱང་འཁོར་མི་ཐུབ་པ་ཡོད་ཚུལ་སོགས་རང་རྣམ་དུ་གསལ་བ་ལྟར་དང་། ཀུན་མཁྱེན་ཀློང་ཆེན་པ་འཕགས་མ་དབྱངས་ཅན་མས་ཕྱག་མཐིལ་དུ་བཞག་སྟེ་ནམ་མཁར་ཁྲིད་ནས་རི་རབ་གླིང་བཞི་དང་བཅས་བསྟན་པ་དང་། ཁམས་སྟོད་ཡུལ་ཤུལ་གྱི་རྟོགས་ལྡན་ཚངས་དབྱངས་རྒྱ་མཚོ་ཡང་སྤྲུལ་བའི་ལུས་ལ་བརྟེན་ཏེ་བྱོན་པས་རི་རབ་གླིང་བཞི་དང་བཅས་པ་མཐོང་ཞིང་སུམ་ཅུ་རྩ་གསུམ་སོགས་ལྷའི་གནས་རྣམས་བརྒྱུད་ནས་དགའ་ལྡན་དུ་བྱོན་ཏེ་རྒྱལ་ཚབ་བྱམས་པ་མགོན་པོའི་མདུན་ནས་ཆོས་ཞུས།  གཞན་ཡང་ལྷ་ཀླུ་སྡེ་བརྒྱད་མི་མ་ཡིན་སོགས་ཀྱི་གནས་སུ་བྱོན་ཚུལ་ཤིན་ཏུ་མང་།   དེ་བཞིན་དུ་རང་ཅག་གིས་མཐོང་ཐུབ་པའི་གནས་སུ་ཡང་དེ་ལྟར་བྱོན་ཚུལ་ཆགས་མེད་རིན་པོ་ཆེའི་རང་རྣམ་དུ།  ཁོང་གིས་རྨི་ལམ་སྤྲུལ་བསྒྱུར་ལ་བརྟེན་ནས་འཕུར་ཏེ་རྒྱ་ནག་གླང་ཆེན་མཇལ་བ་ལ་ཕྱིན་ནས་ཕྱིར་འོང་སྐབས་ལམ་གྱི་རི་གྲོང་སོགས་ཀྱང་མཐོང་བར་གསུངས་པ་ལྟར་ཏེ།  འདི་དག་ཀྱང་དེ་འདྲའི་རྨི་ལམ་ཞིག་རྨིས་པ་མ་ཡིན་པར་རྨི་ལམ་གྱི་ལུས་དེ་ལ་བརྟེན་ནས་གང་འདོད་ཀྱི་ཡུལ་དེར་དངོས་སུ་ཕྱིན་པ་ཞིག་ལགས་སོ། ། སྐྱེ་བ་སྔ་ཕྱིའི་སྐོར་ལ་གནམ་ཆོས་མི་འགྱུར་རྡོ་རྗེའི་དག་པ་ལྷ་དང་མི་མ་དག་པ་ཁྱི་དང་སྦྲུལ་ཡན་གྱི་སྐྱེ་བ་ཉིས་བརྒྱ་དྲན་པ་རེ་རེ་ནས་སྐྱེས་རབས་རྣམ་ཐར་དུ་གསལ་བ་དང་། སྤྲུལ་སྐུ་འདི་དང་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསང་རྣམ་དག་ནས་ལམ་གྱི་ཡོན་ཏན་དུ་མ་ཐོབ་ཚུལ་སྐྱེ་བ་སྔ་ཕྱི་དག་མ་དག་གི་མཐོང་སྣང་འབྲེལ་ཐོགས་སྐྱེ་བོ་དུ་མ་བདེ་བ་ཅན་སོགས་གནས་གང་དུ་སྐྱེས་ཚུལ་གྱི་གཟིགས་སྣང་མང་པོ་ཡོད་དོ། །བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱིས་སྐྱེ་བ་ཤིན་ཏུ་མང་པོ་དྲན་པ་ལས་སྐྱེ་བ་ཉེར་གཅིག་གི་ལོ་རྒྱུས་རྗེ་དེ་ཉིད་ཀྱི་སྐྱེས་རབས་ཉེར་གཅིག་ཏུ་གསལ་བ་ལྟར་རོ། །གཞན་ཡང་ཇོ་ནང་ཏཱ་ར་ནཱ་ཐའི་རང་རྣམ་དུ། རང་ཉིད་ཨུ་རྒྱན་མཁའ་འགྲོའི་གླིང་གི་རིག་པ་འཛིན་པ་བིཥྞུ་རཱ་ཛ་ཞེས་པའི་སྤྲུལ་པ་ཡིན་པ་དང་རང་ལ་ཡང་དུས་གཅིག་ཏུ་འཇིག་རྟེན་གཞན་ན་སྤྲུལ་པ་དུ་མ་དང་མི་ཡུལ་འདིར་རྒྱ་གར་དབུས་གཙང་ཨ་མདོ་རྣམས་ན་ཡང་སྤྲུལ་པ་རེ་རེ་ཡོད་པར་གསུངས་པ་དང་། ལབ་དབང་ཆེན་དགྱེས་རབ་རྡོ་རྗེའི་རང་རྣམ་དུ།  ཁོང་གིས་དཔལ་གསང་བ་འདུས་པའི་ཉམས་ལེན་ལ་བརྟེན་ནས་ཚེ་དེར་སྟོབས་བཅུ་མི་འཇིགས་པ་བཞི་སོགས་སངས་རྒྱས་ཀྱི་ཡོན་ཏན་ཆ་ཚང་བ་མངོན་དུ་གྱུར་ཚུལ་དང་། ཁམས་མི་ཉག་གི་སྦས་པའི་རྣལ་འབྱོར་པ་མདོ་མང་བླ་མ་རིག་འཛིན་དཔལ་ལྡན་གྱི་རང་རྣམ་དུ། རང་ཉིད་ས་བརྒྱད་པའི་གང་ཟག་ཅིག་ཡིན་པ་ལ་ཚེ་དེར་བླ་མའི་བཀའ་དྲིན་གྱིས་ས་གོང་མ་གསུམ་ཐོབ་སྟེ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པ་ཡིན་པར་གསུངས་ཡོད་པ་སྟེ།  གཞན་ཡང་དེ་འདྲའི་ས་ལམ་གྱི་ཡོན་ཏན་དང་རྟོགས་པ་ཁྱད་པར་ཅན་ཐོབ་པའི་རྣམ་ཐར་ཡང་མང་ངོ་། །དེ་ལྟར་དགེ་བ་རྣམ་པར་དག་པ་ཚུལ་བཞིན་དུ་སྒྲུབ་པའི་སྐྱེས་བུ་དམ་པ་དག་འཇིག་རྟེན་ལས་འདས་པའི་སྤང་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་ལ་དབང་འབྱོར་བ་དང་དག་པའི་ཞིང་ཁམས་སུ་བྱོན་པ་སོགས་ལ་བསམ་གཞིག་བྱས་ཚེ།  དེ་ལས་ལྡོག་ཕྱོགས་ཀྱི་མི་དགེ་བ་སྒྲུབ་པའི་གང་ཟག་དག་ལ་ཡང་མི་འདོད་པའི་སྡུག་བསྔལ་དུ་མ་འབྱུང་ཞིང་ངན་སོང་གསུམ་ཟེར་བའི་འགྲོ་ས་ཡ་ང་བ་རེ་ཡོད་དགོས་ངེས་ཀྱི་ཕྱོགས་ནས་བསམ་བློ་ཞིག་མི་གཏོང་ཀ་མེད་ཡིན་ཏེ། སངས་རྒྱས་ཀྱིས་གསུངས་པའི་དགེ་བ་བསྒྲུབས་ན་བདེ་བ་འབྱུང་བ་དེ་བདེན་པར་གྱུར་ཚེ་སྡིག་པ་བསྒྲུབས་ན་སྡུག་བསྔལ་འབྱུང་བ་ཡང་བདེན་དགོས་པས་སོ།།   དེང་སང་གསར་བྱུང་གི་རིག་གནས་པ་མང་པོས་སྔར་རབས་ཀྱི་ལོ་རྒྱུས་དང་རྣམ་ཐར་དུ་མ་ལྷ་སྒྲུང་དང་སྒྲོ་བཏགས་ཡིན་ཟེར་བ་ནི་འཇིག་རྟེན་འདིར་གནས་པའི་མཆོག་དམན་བར་མའི་འགྲོ་བ་མཐའ་དག་གི་མཐོང་ཚུལ་ཤེས་ཚུལ་ཐམས་ཅད་མི་གཅིག་གི་བསམ་ཚུལ་ཁོ་ན་དང་མཐུན་དགོས་པར་འདོད་པའི་རིགས་པ་ཤིན་ཏུ་གུ་དོག་པ་ཁབ་མིག་ལྟ་བུ་རེའི་བསམ་ཚུལ་ལགས་ཤིང་། གཏམ་དེ་དག་ནི་སངས་རྒྱས་ཀྱི་བསྟན་པའི་ཕྱེད་ཀ་བཤིག་པའི་སྨྲ་བ་ཡིན་པར་མ་ཟད་དངོས་པོའི་གནས་ལུགས་དང་ཡང་མི་མཐུན་ཏེ།  དཔེར་ན།   ཤ་རུལ་ལ་འཁོར་བའི་སྦྲང་བུ་ཞིག་ལ་མཚོན་ན་ནི་ཤ་རུལ་དེ་ཉིད་དྲི་ཞིམ་ཞིང་ཡིད་དུ་འོང་བར་འཛིན་པ་དང་།     ང་ཚོ་མི་རྣམས་ཀྱིས་ནི་ཤ་རུལ་དེ་ལ་སྐྱུག་བྲོ་ཞིང་ཡིད་དུ་མི་འོང་བའི་བལྟ་ཚུལ་གཉིས་ཀྱང་འདྲ་བ་མ་ཡིན་ན་བློའི་རིམ་པ་ལ་གནམ་ས་ལྟ་བུའི་ཁྱད་པར་བྱུང་བའི་སངས་རྒྱས་དང་སེམས་ཅན་ལྷ་དང་མི་རྣལ་འབྱོར་བ་དང་འཇིག་རྟེན་ཕལ་བ་དག་གི་དངོས་པོ་གཅིག་ལ་མཐོང་སྣང་དང་ལྟ་ཚུལ་མི་འདྲ་བ་དང་རང་རང་ལ་ཐུན་མིན་གྱི་མཐོང་སྣང་དུ་མ་ཡོད་པ་ནི་སྨོས་མ་དགོས་པ་ཞིག་ཡིན་པས་རང་གི་བློ་ངོར་མ་ཤར་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་ཅི་འདོད་འདོད་དུ་དགག་པ་ནི་བློ་རྒྱ་ཆུང་བའི་རྟགས་ལས་མི་འདའ་འོ། །དེ་ལྟར་གོང་དུ་བཤད་པ་དེ་དག་གི་དོན་ཐམས་ཅད་མདོར་བསྡུས་ན་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་དམྱལ་བ་དང་ཞིང་ཁམས་དགེ་སྡིག་རྒྱུ་འབྲས་ཀྱི་རྣམ་གྲངས་ཞིབ་པར་གསུངས་ཤིང་།  དེ་ནས་དམ་པའི་ཆོས་ཉམས་སུ་ལེན་པའི་སྐྱེ་བོ་མང་པོ་ཞིག་གིས་སངས་རྒྱས་ཀྱི་གསུང་གི་ནང་ཇི་མ་ཇི་བཞིན་དུ་མངོན་དུ་གྱུར་ཐུབ་པ་བྱུང་ཡོད་ལ།  དེ་དག་གིས་ཀྱང་མ་ཤེས་ན་ཡང་ཤེས་མ་ཐོབ་ན་ཡང་ཐོབ་ཅེས་རྫུན་བཤད་པ་ཞིག་ནི་གཏན་མིན་པས་དོན་འདི་ཙམ་གྱི་ཐོག་ནས་བསམ་བློ་ཞིབ་མོ་ཐོང་དང་ད་དུང་ཐག་མ་ཆོད་པ་དང་ཡིད་མ་ཆེས་ས་ཅི་ཞིག་ཡོད་དེ་མེད་དོ། །    ད་ནི་གོང་གི་གཟིགས་སྣང་འགའ་ཞིག་དང་འབྲེལ་བའི་འཕྲོས་དོན་ཅུང་ཟད་བཀོད་ན།   དེ་ལ་སྤྱིར་ཕྱི་རོལ་སྣོད་ཀྱི་སྣང་བ་མཐའ་དག་ཀྱང་ནང་སེམས་ཀྱི་རང་མདངས་ཙམ་སྟེ།   དཔེར་ན་རྨི་ལམ་གྱི་སྣང་བ་ལྟ་བུ་ལས་ཡུལ་རང་ངོས་ནས་བེམ་པོ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་མེད་པར་འདོད་པ་འདི་ནང་པ་སངས་རྒྱས་པའི་བསྟན་པའི་སྙིང་པོ་ཞིག་ཡིན་པས་དེ་འདྲའི་གོ་བ་གཞིར་བཞག་ཚེ།    ཆོས་མངོན་པ་སོགས་ལས་བཅུད་མ་གྲུབ་པའི་གོང་དུ་སྣོད་གྲུབ་ཅེས་གསུངས་པའི་དོན་ཡང་དེ་འདྲའི་སྣོད་ཀྱི་བག་ཆགས་སད་རུང་ཙམ་ལ་དགོངས་པ་ལས།    དོན་དུ་འཇིག་རྟེན་འདིར་འདྲ་མིན་གྱི་སེམས་ཅན་རང་རང་ཚོ་ནམ་ཡོད་པ་དེ་དང་དུས་མཉམ་དུ་རང་གི་ལས་སྣང་དེ་དག་ཉི་མ་དང་འོད་ཟེར་བཞིན་སྣང་བའི་གནད་དེ་མ་ཤེས་ན་སྣོད་ཀྱི་འཇིག་རྟེན་འདིའི་གྲུབ་ཚུལ་སོགས་ལ་གོ་བ་ལོག་པ་མང་པོ་འབྱུང་བ་ཡིན་པས་དེ་ལྟར་རྟོགས་པ་སྔོན་དུ་སོང་བའི་དབང་དུ་བྱས་ཏེ་བཤད་ན།  དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣལ་འབྱོར་རིག་པ་འཛིན་པ་དག་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཁྱད་པར་ཅན་ལ་དབང་འབྱོར་བའི་ཚེ་འཇིག་རྟེན་གྱི་འགྲོ་བ་རིགས་དྲུག་གི་གནས་རྣམས་སུ་བྱོན་ཞིང་སེམས་ཅན་དེ་དག་གི་ལས་སྣང་མཐའ་དག་མཁྱེན་ཅིང་གཟིགས་ཐུབ་པ་དང་། གཞན་ཡང་རང་རང་ལའང་ཐུན་མིན་གྱི་དག་པའི་སྣང་བ་དུ་མ་མཐོང་རྒྱུ་ཡོད་པ་ཞིག་ཡིན་ལ།  དེ་ཡང་དཔལ་རིའི་མཐོང་སྣང་རྣམས་སུ་ཡུལ་དེ་ན་སྲིན་པོའི་གྲོང་ཁྱེར་འབུམ་ཕྲག་དུ་མ་དང་དེའི་དབུས་ན་ཟངས་མདོག་དཔལ་གྱི་རི་བོ་རྩ་བ་ཀླུ་དང་རྩེ་མོ་ལྷའི་གནས་སུ་སླེབས་པའི་ཡུལ་གླིང་གི་བཀོད་པ་རྒྱ་ཆེ་ལ་དཔང་མཐོ་བ་དང་།  དེ་བཞིན་དུ་བྱང་ཤམ་བྷ་ལའི་ཡུལ་དེ་ན་ཡང་གྲོང་ཁྱེར་བྱེ་བ་དགུ་བཅུ་ལྷག་གངས་ཀྱི་ར་བས་བསྐོར་ཏེ་གནས་ཚུལ་སོགས་གསུངས་ཡོད།  འདི་དག་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་བྱོན་ཚུལ་ལྟར་ན་སིངྒ་ལ་དང་ཉེ་བའི་ནུབ་བྱང་གི་མཚོ་གླིང་ཞིག་དང་།   གཞན་གངས་ཏི་སེའི་ནུབ་བྱང་གི་རྒྱུད་ཀྱི་ཕྱོགས་ཏེ་འཇིག་རྟེན་མི་ཡུལ་གྱི་གནས་རེ་ཡིན་ཡང་དེ་ན་ཡོད་པའི་རིག་པ་འཛིན་པ་སོགས་ཀྱི་གང་ཟག་དག་གི་མཐོང་ཚུལ་ལྟར་གསུངས་པ་ཡིན་པས་ང་ཅག་ཕལ་བའི་མི་རྣམས་ལ་དེ་ཡི་ཆ་ཙམ་ཡང་སྣང་མི་ནུས་སོ། ། དེ་བཞིན་དུ་སངས་རྒྱས་ཀྱིས་རི་རབ་གླིང་བཞི་དང་བཅས་པའི་འཇིག་རྟེན་ཞིག་གསུངས་པའང་ས་འདིའི་སྟེང་འོག་བར་གསུམ་ལ་དབང་བྱེད་པའི་འགྲོ་བ་སོ་སོའི་རང་རང་གི་སྣང་ཚུལ་དག་མཁྱེན་ཅིང་གཟིགས་ནས་དེ་ལྟར་གསུངས་པ་ཙམ་ལས།  སངས་རྒྱས་རང་ཉིད་ལ་རི་རབ་གླིང་བཞི་སོགས་མ་དག་པའི་སྣང་བ་གང་ཡང་མི་མངའ་བའི་ཚུལ་ནི་སངས་རྒྱས་མྱ་ངན་མེད་ཀྱི་ཞིང་ནས་འོང་པའི་ཚངས་པ་རལ་པ་ཅན་གྱིས་ཞིང་འདི་ལྷའི་ཡུལ་ལྟར་མཐོང་བ་དང་ཉན་ཐོས་ཤཱ་རིའི་བུས་མིའི་ཡུལ་དུ་མཐོང་བ་མ་མཐུན་ཚེ་སངས་རྒྱས་ཀྱིས་ཞིང་འདིའི་རང་བཞིན་འཁོར་རྣམས་ལ་བསྟན་ནས་ཁྱེད་རྣམས་ཀྱིས་མ་མཐོང་བར་ཟད་ཀྱིས་ངའི་ཞིང་འདི་ནི་ཤར་ཕྱོགས་རིན་ཆེན་རྒྱན་བཀོད་ཀྱི་ཞིང་དང་འདྲ་བར་རྟག་ཏུ་དག་པའི་རང་བཞིན་འདི་ལྟ་བུ་ཞིག་ཡིན་ཞེས་མདོ་ལས་གསུངས་པ་ལྟར་རོ། །   དེས་ན་སངས་རྒྱས་ཀྱིས་འཇིག་རྟེན་འདིའི་གནས་ཚུལ་གསུངས་པའི་སྐབས་སུ་ཡང་སའི་འོག་གི་གནས་ཀྱི་ཆགས་ཚུལ་དང་རྒྱ་ཁྱོན་སོགས་ནི་དམྱལ་བ་དང་ཡི་དྭགས་ཀྱི་མཐོང་ཚུལ་ལྟར་གཟིགས་ནས་གསུངས་པ་ཡིན།  དེ་བཞིན་དུ་རྒྱ་མཚོ་ཆེན་པོའི་ནང་དང་རྒྱ་ཁྱོན་སོགས་ནི་ལྷ་མིན་དང་དུད་འགྲོ་ཀླུའི་རིགས་རྣམས་ཀྱི་མཐོང་ཚུལ་ལྟར་དང་།  ལྷོ་འཛམ་བུ་གླིང་འདི་མ་ཡིན་པའི་གླིང་གཞན་རྣམས་ཀྱི་སྣོད་བཅུད་ཀྱི་བཀོད་པ་དག་ནི་དེར་གནས་པའི་སེམས་ཅན་རྣམས་ཀྱི་མཐོང་ཚུལ་དང་།  རིའི་རྒྱལ་པོ་རི་རབ་དང་གསེར་གྱི་རི་བདུན་ཉི་ཟླ་གཟའ་སྐར་གྱི་བཀོད་པ་དང་འཁོར་ཚུལ་དག་ནི་རྒྱལ་ཆེན་རིགས་བཞི་སོགས་ལྷའི་རིས་སུ་གཏོགས་པ་དག་གི་གནས་ཡིན་པས་དེ་དག་གིས་མཐོང་ཚུལ་ལྟར་གསུངས་པ་ཡིན་ལ།  དེ་ལས་གཞན་གལ་ཏེ་འགྲོ་བ་མི་ཕལ་བ་ཞིག་ས་ཆེན་པོ་འདིའི་སྟེང་འོག་ཀུན་ལ་སོང་ནས་བལྟ་ཐུབ་པ་ཞིག་ཡིན་ན་ཇི་ལྟར་སྣང་བ་སོགས་ནི་མ་གསུངས་པ་ཡིན་ཏེ།  སྐབས་དེར་དེ་འདྲ་འགྲོ་ཐུབ་མཁན་ཞིག་ཀྱང་མེད་ལ།  དེ་ལྟར་བསམ་ཚེ་འཇིག་རྟེན་འདི་ལ་གྲུ་བཞི་གྲུ་གསུམ་སོགས་སེམས་ཅན་རིགས་མི་འདྲ་བ་དག་གི་མཐོང་ཚུལ་དུ་མ་ཞིག་བཤད་རྒྱུ་འོང་བ་ནི་དཔེར་ན་ཆུ་གཅིག་ལ་རིགས་དྲུག་གི་སེམས་ཅན་གྱིས་བལྟས་པའི་མཐོང་སྣང་བཞིན་ནོ། །  ཚན་རིག་ཟེར་བ་འདི་ལས་ནི་མི་རྣམས་ཀྱི་མཐོང་ཚུལ་ཁོ་ན་ཞིག་གླེང་བ་ལས་སེམས་ཅན་གཞན་ཐ་ན་ཤིང་སྡོང་རུལ་བ་ཞིག་གི་ནང་གི་སྲིན་བུ་དག་གིས་ཀྱང་རང་གི་སྡོད་གནས་ཤིང་སྡོང་དེ་ལ་ཇི་འདྲ་ཞིག་གི་མཐོང་ཚུལ་ཡོད་པ་སོགས་ལ་ཞིབ་འཇུག་གང་ཡང་བྱེད་ཐུབ་མེད་དོ།།   དེས་ན་ཆོས་མངོན་པ་སོགས་ནས་གསུངས་པའི་སའི་གོ་ལ་ལེབ་ལེབ་མོ་འདིའི་བཤད་སྒྲོས་དེ་ནི་འགྲོ་བ་རིགས་དྲུག་པོའི་རང་རང་གི་གནས་ཀྱི་མཐོང་ཚུལ་དག་བསྡུས་ཏེ་གསུངས་པའི་ཆགས་དབྱིབས་ཤིག་ཡིན་པས་རང་རེ་མི་རྣམས་ཀྱིས་ས་འདིའི་སྟེང་འོག་ཐམས་ཅད་ལ་སོང་ནས་བལྟས་པའི་གོ་ལ་རིལ་རིལ་བོ་རུ་སྣང་བའི་མཐོང་སྣང་ཕྱོགས་གཅིག་པ་དེ་དང་བསྒྲིག་རྒྱུ་ཅི་ཡང་མེད་ལ་རང་ཅག་གི་མཐོང་ཚུལ་དང་མ་མཐུན་པས་དགག་པར་ཡང་མི་ནུས་ཏེ།  རང་རེ་ཁོ་ན་དང་བསྟུན་ནས་གསུངས་པའང་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དགག་ན་ང་ཅག་གིས་མཐོང་བའི་སའི་གོ་ལ་རིལ་པོ་འདིའི་སྟེང་དུ་ཉི་ཟླ་གཟའ་སྐར་གྱིས་བསྐོར་ཏེ་འགྲོ་བའི་རི་རབ་དང་གསེར་གྱི་རི་བདུན་སོགས་ལྷ་རྣམས་ཀྱིས་མཐོང་བ་མི་འཐད།  བར་དུ་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བའི་ནང་དུ་རོལ་བའི་མཚོ་བདུན་ཡོད་པ་ཞིག་ཀླུ་རྣམས་ལ་སྣང་བ་མི་འཐད།  འོག་ཏུ་དབང་ཆེན་གསེར་གྱི་ས་གཞི་ལེབ་ལེབ་མོ་དཔག་ཚད་འབུམ་ཕྲག་དུ་མ་ཡོད་པའི་སྟེང་དུ་ལྕགས་སྲེག་གི་ས་གཞི་སོགས་དམྱལ་བ་དང་ཡི་དྭགས་སོགས་ལ་སྣང་བ་མི་འཐད་ཅེས་བཀག་དགོས་པ་ཡིན་ནོ།།  མདོར་ན་སངས་རྒྱས་ཀྱིས་གསུངས་པའི་འོག་གསེར་གྱི་ས་གཞི་ནས་སྟེང་རི་རབ་དང་བཅས་པའི་འཇིག་རྟེན་གྱི་བཀོད་པ་དེ་གང་ཟག་གཅིག་གི་མཐོང་ཚུལ་ཞིག་བཤད་པ་མིན་པར་ཤེས་ན་གོ་ལ་ལེབ་ལེབ་དང་རིལ་རིལ་ལ་རྩོད་པ་གང་ཡང་བྱེད་ས་མེད་དེ།  དཔེར་ན་རྨ་ཆེན་གངས་རི་ལྟ་བུ་ཡང་སངས་རྒྱས་ཀྱིས་འཇིག་རྟེན་འདིའི་ཆགས་དབྱིབས་གསུངས་པ་ལྟར་མི་དང་མི་མ་ཡིན་པའི་མཐོང་ཚུལ་དུ་མ་དག་གིས་བརྒྱན་ཏེ་བཤད་ན།  རི་དེ་ནི་ཕྱི་གངས་ཀྱི་རི་བོའི་རྣམ་པ་ནང་ན་ཨ་མྱེ་རྨ་ཆེན་གྱི་ཕོ་བྲང་ཤིན་ཏུ་རྒྱ་ཆེ་ཞིང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ནམ་མཁའི་ཁམས་སུ་དཔག་ཚད་དུ་མར་འཕགས་ཤིང་འོད་དང་འོད་ཟེར་འཕྲོ་བ་སྡེ་བརྒྱད་དང་མི་མ་ཡིན་སྣ་ཚོགས་ཀྱིས་བསྐོར་བ་བྱེད་ཅིང་དེའི་སྟེང་ཕྱོགས་ན་གླིང་དཀར་དཔའ་ཐུལ་རྣམས་ཀྱི་བཞུགས་གནས་མཁའ་སྤྱོད་མཐོང་བ་ཀུན་སྨོན་གྱི་ཞིང་ཁམས་ཀྱི་བཀོད་པ་ལྷུན་ཆགས་ཤིང་ལྟ་ན་སྡུག་པ་དང་བཅས་ཏེ་ཡོད་པ།  རིའི་རྩ་བ་ནས་རྩེ་མོའི་བར་དཔག་ཚད་མང་པོ་ཡོད་པ་ཞིག་བཤད་དགོས་རྒྱུ་ཡིན་ལ། འོན་ཀྱང་ང་ཚོ་མི་རྣམས་ཀྱི་མཐོང་ཚུལ་ལ་ནི་ནང་ས་རྡོ་ལས་གྲུབ་ཅིང་ཕྱི་ཁ་བས་གཡོག་པའི་གངས་རི་སྤྱི་ལེ་གསུམ་བཞི་ཙམ་གྱི་མཐོ་ཚད་ཅན་ཞིག་ཡིན་པ་ལས་གཞན་ཅི་ཡང་མེད་ཅེས་ཟེར་དགོས་ཀྱང་བཤད་ཚུལ་དེ་གཉིས་ལ་གནད་ཤེས་ན་རྩོད་པ་དང་འགལ་བ་ཅི་ཡང་མེད་པ་བཞིན་ནོ། །    དེང་སང་སངས་རྒྱས་ཀྱི་གསུང་གི་འཇིག་རྟེན་ཆགས་དབྱིབས་དེ་མི་འཐད་ཟེར་ནས་རྩོད་པ་བྱེད་མཁན་དང་ཐེ་ཚོམ་ཟ་བ་མང་པོ་ཞིག་ཡོད་ནའང་དེ་འདྲ་ནི་སངས་རྒྱས་ཀྱི་གསུང་གི་འཇིག་རྟེན་ཆགས་ཚུལ་ཁོ་ན་ཙམ་ཞིག་མ་ཡིན་ཏེ།  སྔོན་ནས་ད་ལྟའི་བར་བྱོན་པའི་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཁྱད་འཕགས་མངའ་བའི་སྐྱེས་ཆེན་དམ་པ་དག་གི་རྣམ་ཐར་དང་གཟིགས་སྣང་རྣམས་སུ་གནས་རི་དང་བླ་མཚོ་སོགས་ཀྱི་ནང་དུ་ཕེབས་པའི་མཐོང་སྣང་དག་ལ་མཚོན་ན་ཡང་།  དེང་སང་ནི་ཚན་རིག་ལ་བརྟེན་ཏེ་རིའི་ནང་མཚོའི་གཏིང་སོགས་ཐམས་ཅད་མཐོང་ཐུབ་ཀྱིན་ཡོད་པས་རང་ཅག་གི་ཤའི་མིག་འདིའི་མཐོང་རྒྱུ་དང་དེ་དག་གི་གཟིགས་སྣང་དག་ནམ་ཡང་འདྲ་བར་འགྲིག་མི་ཐུབ་པས་དེ་དག་ཐམས་ཅད་ལ་རྩོད་པ་བྱས་ན་གངས་ཏི་སེ་ལ་ཡང་རྩོད་པ་དང་དོགས་གནས་མང་།   མ་ཕམ་གཡུ་མཚོ་ལ་ཡང་རྩོད་པ་དང་དོགས་གནས་མང་།   གཉན་ཆེན་ཐང་ལྷ་ལ་ཡང་རྩོད་པ་དང་དོགས་གནས་མང་། རྨ་ཆེན་སྤོམ་ར་ལ་ཡང་རྩོད་པ་དང་དོགས་གནས་མང་།  སོག་པོའི་མཚོ་སྔོན་པོ་ལ་ཡང་རྩོད་པ་དང་དོགས་གནས་མང་བ་སོགས་རྒྱ་བོད་ཀྱི་གནས་རི་ཆེ་ཆུང་ཐམས་ཅད་ལ་འདི་ཡིན་དེ་ཡིན་གྱི་ཁ་ཚོན་གཅིག་ཏུ་ནམ་ཡང་ཆོད་རྒྱུ་མེད་དེ། དཔེར་ན་གྲུབ་བརྙེས་ཀྱི་རིག་འཛིན་དམ་པ་ལྕགས་ཁུང་བདུད་འཇོམས་རིན་པོ་ཆེ་གསེར་མགོན་པོ་འབྲོང་རིའི་ནང་དུ་ཕེབས་པའི་མཐོང་སྣང་རང་རྣམ་དུ་བཀོད་པའི་གནས་བདག་དེའི་ཕྱིའི་ཕོ་བྲང་གི་རྒྱ་ཁྱོན་ནང་འབྱོར་ཕྱུག་གི་ལོངས་སྤྱོད་སོགས་རི་ཆུང་དེའི་ནང་དུ་ཀུན་གྱིས་མཐོང་རྒྱུ་ཞིག་ཡོད་མེད་དཔྱོད་དང་ཤེས་སོ། །འོན་ཀྱང་དེ་དག་གི་གནད་ཚིག་གཅིག་གིས་ཐག་བཅད་ན་ས་ཆེན་པོ་འདི་དང་གནས་དེ་དག་ལ་དབང་བྱེད་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གང་ཟག་རིགས་མི་འདྲ་བ་རྣམས་ཀྱི་མཐོང་ཚུལ་དུ་མ་ཞིག་སངས་རྒྱས་ཐུགས་རྗེ་ཅན་སོགས་དམ་པའི་སྐྱེས་བུ་དེ་དག་གིས་གཟིགས་ནས་གསུངས་པ་ཡིན་ཞེས་པའི་གཏམ་འདིས་གསར་དར་གྱི་རྩོད་ཉོག་མང་པོའི་མཐའ་བཅད་པ་ཡིན་ནོ། །           

                       སྨྲས་པ།   

འཇིག་རྟེན་མི་རྣམས་ཚེ་འདིའི་བདེ་ཐབས་ཙམ། ། དོན་གཉེར་དུད་འགྲོའི་བློ་དང་ཁྱད་མེད་པར། ། ཕན་ཚུན་གསོད་དང་གནོད་པའི་དོགས་ཟོན་གྱིས། ། ལུང་སྟོང་རི་དྭགས་བཞིན་དུ་གནས་པ་ན། །        

ན་བུན་སྨུག་སྤྲིན་ལྷོད་ཀྱིས་ཆགས་པའི་རི། ། བག་ཡང་རི་དྭགས་དལ་གྱིས་རྒྱུ་བའི་ཚལ། ། འཕགས་ཡུལ་དྲང་སྲོང་ལྷུང་བའི་ནགས་འདབས་ནས། ། ཐར་ལམ་ཞི་བའི་གཏམ་དེ་ཐོག་མར་བྱུང་། །

གཏམ་དེས་སྐྱེ་བོ་དུ་མའི་ཡིད་དྲངས་ཤིང་། ། རྣམ་གཡེང་འདུ་འཛིའི་ཁྱུ་ལས་རབ་བྲོས་ཏེ། ། འཁོར་བའི་སེམས་ཁམས་འདི་ཡི་ཕ་རོལ་ནས། ། འཇིག་རྟེན་འདས་པའི་གཏན་སྲིད་ཟིན་པ་མང་། །

མི་ནས་མི་རབས་མིང་ཞིག་བརྗེས་པ་དང་། ། དུས་དང་དུས་རབས་རིང་དུ་སོང་བ་ན། ། བསྟན་པའི་སྒྲོན་མེ་དེ་ཡི་འོད་ཟེར་གྱིས། ། འཛམ་གླིང་ས་ཡི་སུམ་ཆ་ཙམ་དུ་ཁྱབ། །

བརྩེ་བའི་སེམས་དང་དྲང་པོའི་སྤྱོད་པ་དང་། ། ཕྲ་ཞིབ་ལས་འབྲས་འཛེམ་པའི་བག་ཡོད་ཀྱིས། ། ཆོས་འདི་གང་དུ་དར་བའི་ཡུལ་དེ་ན། ། ས་ཁའི་འབུ་ཡང་བདེ་བའི་ལམ་ལ་དབང་། །

དེང་སང་བསྟན་པའི་དགེ་མཚན་མི་སེམས་པར། ། འདྲ་མིན་ཤེས་བྱ་སྤྲང་པོའི་རྩམ་པ་བཞིན། ། བསྲེས་ནས་ལོག་པར་སྨྲ་བའི་གཏམ་མང་པོས། ། དྲང་པོའི་གཞུང་ལམ་འཁྱོག་པོར་བཅོས་དུས་འདིར། །

ཡང་དག་རིགས་པའི་གནད་གསང་མ་ཤེས་ན། ། ལྐོག་གྱུར་ཤེས་བྱའི་མཚར་སྡུག་ལང་ཚོའི་བཞིན། ། སེམས་ཀྱི་མེ་ལོང་ངོས་འདིར་འཆར་དཀའ་བས། ། ཇི་ལྟར་དཔྱད་ཀྱང་འབྲས་མེད་སྟོང་བསམ་ཙམ། །

སྔོན་བྱོན་དམ་པའི་མྱོང་བྱང་བདེན་པའི་གཏམ། ། རྒྱལ་བའི་གསུང་གི་དཔང་པོ་མཐར་ཐུག་སྟེ།  ། མཁས་པས་ལེགས་ལེགས་འགྲིག་འགྲིག་བརྒྱ་བཤད་ཀྱང་། ། གླེན་པས་འཕྲང་སྒོ་འདི་ལ་མདོ་འགག་དྲིལ། །

རང་ཉིད་གང་དུ་ཞུགས་པའི་ལམ་དེ་ལ། ། སོམ་ཉིའི་ངང་ལས་ནེམ་འགྲོའི་མི་དགོས་པར། ། ཤི་ཡང་བློ་སེམས་བདེ་བའི་ཡིད་ཆེས་ལ། ། གསེར་སྲང་བརྒྱ་ལས་ལྷག་པའི་རིན་ཐང་ཡོད། །

གཏམ་འདི་ཆོས་ཀྱི་གནད་ལ་མ་སྦྱངས་ཤིང་། ། སྦྱངས་ཀྱང་སྦྱང་བ་མཐའ་རུ་མ་ཕྱིན་པའི། ། མ་མཐོང་རྒྱང་གི་གྲོགས་རེའི་ཐེ་ཚོམ་གྱི། ། མུན་པ་སེལ་བའི་སྒྲོན་མེ་ཉིད་གྱུར་ཅིག །

ཅེས་པ་འདི་ནི་རང་ཉིད་ལ་མཚོན་ན་དབུ་མའི་སྟོང་རྟེན་འབྱུང་གི་གནད་དང་ཚད་མའི་ཐར་ལམ་རིགས་པས་སྒྲུབ་ཚུལ་རྣམས་ལ་བསམ་བློ་ཞིབ་མོར་བཏང་ཚེ་སྟོན་པ་ཐུགས་རྗེ་ཅན་ཉིད་སྐྱབས་ཀྱི་མཆོག་ཏུ་ངེས་པ་ཅུང་ཟད་རེ་སྐྱེས་ཀྱང་།  ཤིན་ཏུ་ལྐོག་གྱུར་གྱི་གནས་ལ་མི་བསླུ་བར་དཔྱད་གསུམ་དག་པའི་ལུང་གིས་སྒྲུབ་ཚུལ་ལ་དཔྱད་པ་དང་རྩོད་པ་མང་དུ་བྱས་ཀྱང་ཐག་ཆོད་ཀྱི་ངེས་པ་གསལ་པོ་ཅི་ཡང་མ་སྐྱེས།   སྐབས་ཤིག་ན་ཇོ་ནང་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐའི་རང་རྣམ་ཞིག་ལ་བལྟས་ནས་གོང་གི་རིགས་པ་དེ་དག་གི་བསམ་ཚུལ་རེ་བློ་ལ་ཤར་བའི་རྐྱེན་གྱིས་ལྐོག་གྱུར་སྟོན་པའི་ལུང་དོན་ལ་ཡིད་ཆེས་དང་།  སྔོན་གྱི་སྐྱེས་བུ་དམ་པ་དག་གི་གཟིགས་སྣང་དང་ཡོན་ཏན་མཐའ་དག་སྟོན་པའི་གསུང་གི་ཆེ་བ་དང་བདེན་དཔང་དུ་གོ་བ་ལེན་ཤེས་པ་སོགས་ཀྱིས་རང་རྒྱུད་ལ་ཕན་ཐོགས་ཆེན་པོ་རེ་བྱུང་བ་ཡིན།  དེང་སང་ནི་ཅུང་ཟད་རེ་ཤེས་པ་དང་ཅི་ཡང་མི་ཤེས་པའི་སྐྱེ་བོ་མང་པོས་སངས་རྒྱས་ཀྱི་གསུང་ལ་ཡང་བདེན་རྫུན་དཔྱད་ཁུལ་བགྱིས་ཏེ་ལོག་ལྟ་དང་ཐེ་ཚོམ་གྱི་གནས་སུ་ལྷུང་ཞིང་།  འགའ་རེས་སྟོན་པའི་གསུང་ལ་དགག་པ་བྱས་པའང་ཡོད་ཀྱང་དེ་དག་ལ་བལྟས་ན་སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་ཀྱི་གཞུང་མཐའ་དག་མ་མཐོང་བ་དང་བསྟན་པའི་རྗེས་འཇུག་སྔོན་བྱོན་དམ་པའི་སྐྱེས་ཆེན་དག་གི་ཡོན་ཏན་སོགས་ལ་བསམ་བློ་ཅུང་ཟད་ཙམ་ཡང་མ་བཏང་བའི་རང་དགར་སྨྲ་བ་ཙམ་དུ་མཐོང་ནས་འདི་དག་གི་སྐོར་ལ་རང་གི་ཇི་ལྟར་བསམ་ཚུལ་མདོར་བསྡུས་ཙམ་ཞིག་ནད་ཀྱི་དབང་གིས་འདི་འདྲའི་བྱ་བ་ལ་དཀའ་ཚེགས་ཆེའང་དགོས་པ་ཅུང་ཟད་རེ་ལ་བསམས་ནས་སྨྲས་རིམ་བཞིན་གཞན་ལ་ཡི་གེར་ཕབ་ཏུ་བཅུག་པ་འདི་ཡང་བླ་རུང་ཆོས་སྡེ་ཆེན་པོའི་གྲལ་མཐའ་འཛིན་པ་འཆི་མེད་རིག་འཛིན་གྱིས་བགྱིས་པ་དགེ།   །།