སྟོན་པ་གཤེན་རབ་ཀྱིས་དཀའ་ཐུབ་གནང་བའི་ཚུལ་

ཡོང་ཁུངས་Wikipedia

དེའི་ཚེ་དེའི་དུས་ན། སྟོན་པ་གཤེན་རབ་མི་བོ་ནི། སུམ་ཅུ་རྩ་གསུམ་ལྷ་གནས་སུ་བབས་ནས། ངང་པའི་རྒྱལ་པོ་ཆུ་འབྱེད་ཀྱི་རིགས་དང་ཆུ་ལས་འོ་མ་ཕྱེ་ཞིང་ཐིགས་རེ་དང༌། འབྲས་ས་ལེ་ཉག་མ་རེ་གསོལ་ནས། བྱ་ཡི་དཀའ་ཐུབ་ལོ་གཅིག་མཛད། དེ་ནས་རྒྱལ་ཆེན་རིགས་བཞིའི་ནགས་ལ་བབས་ནས། སྤྲེའུ་རྒྱལ་པོ་ཧ་ནུ་མ་འདའ་དང༌། ཤིང་ཏོག་གི་འབྲུ་རེ་དང༌། ཤིང་ལོའི་ཆར་པ་རེ་དང༌། ཁ་བ་ཆགས་པའི་ཆུ་ཐིགས་རེ་གསོལ་གྱིན། སྤྲེའུ་ཡི་དཀའ་ཐུབ་ལོ་གཅིག་མཛད། དེ་ནས་འོལ་མོ་ལུང་རིང་དུ་མེ་ཏོག་གླིང་ལ་བྱོན་ནས། ཆུ་སིང་གའི་ཐིགས་པ་རེ་དང༌། རྩྭ་ཨུ་མེར་རེའི་མཆོག་མ་རེ་གསོལ་ནས། ནུབ་མོ་མིའི་ཆ་བྱད་དུ་བཞུགས་ཀྱིན། ཉིན་མོ་ཤང་ཤང་བྱ་ཡི་ཆས་སུ་བཞུགས་ནས། མིའི་དཀའ་ཐུབ་ལོ་གཅིག་མཛད། དེ་ལྟར་དཀའ་ཐུབ་ལོ་གསུམ་མཛད་ནས། སྐུ་ལུས་བཀྲག་ཤོར་རུས་མགོ་པགས་ཀྱིས་གཡོགས། ལྷུ་ཚིགས་རྩིབས་མ་གྲངས་སུ་བགྲང་དུ་བཏུབ། ལུས་པོ་ཤེད་སྨད་དེ་ཡི་ཡོན་ཏན་གྱིས། ཕྲག་དོགས་མ་ནུས་ཡངས་པའི་སྟོབས་དང་ལྡན། ང་རྒྱལ་མ་ནུས་སེམས་ཉིད་ངང་དུ་ཞི། གཏི་མུག་མ་རྨོངས་གཅིག་པུའི་དོན་དུ་གསལ། འདོད་ཆགས་མི་རྒྱུ་ཀུན་གཞིའི་བག་ལ་ཉལ། ཞེ་སྡང་མི་སྐྱེ་བྱམས་པར་མ་ལེ་ལྷན། དེ་ཡང་ལོངས་སྤྱོད་ཟང་ཟིང་འཁོར་ལ་མི་ཆགས་གཅིག་པུར་གནས་པའི་ཡོན་ཏན་ནོ། །ནུབ་མོ་གཉིད་ལོག་རྨི་ལམ་ཐུན་ཕྲན་ལ། ཟང་ཟིང་སློད་དང་འཁོར་ལ་བྲེང་འཕྲེང་ཞག་འགའ་རྨིས། སད་ནས་ཐུགས་ལ་དགོངས་པ་ལ། རྨི་ལམ་ངན་ན་རྒྱུ་བ་འདི། འབྲས་བུ་དངོས་སུ་ཆོམ་ན་ཡང༌། ཀུན་གཞིའི་དཀྱིལ་ན་རྒྱུ་གནས་པས། རྒྱུ་ལས་འབྲས་བུ་ཕྱིར་སྐྱེས་ངེས། འཁོར་བའི་ཕྱོགས་སུ་མི་འཕྲེང་པར། ངེས་པའི་དོན་ལ་འཕྲེང་བར་བསྐྱེད། དོན་ལ་ངེས་པར་འཕྲེང་བ་དང༌། རྫས་ལ་བརྟེན་པར་དགོངས་གནས་སུ། ཧོས་རུ་དང་བ་མེ་ཏོག་གླིང་ལ་བཙུགས། ཕྱག་རྒྱ་ཐལ་སྦྱོར་ནམ་མཁའི་དབྱིངས་སུ་བསྟན། སྙིང་པོ་འོད་དཔག་མུ་ཟེར་གསལ་འབར་ཡོངས་ཁྱབ་བདལ། ལན་ལྔ་བརྗོད་ནས། ཚིག་བཤད་ཚིག་བཞི་གསུངས་པ། འཁོར་བའི་ཕྱོགས་སུ་མི་འཕྲེང་པར། དམ་པའི་དོན་ལ་འཕྲེང་བ་ཡི། གྲངས་སུ་བགྲང་པའི་ཡོན་ཏན་རྫས། ལྗོན་ཤིང་ལོ་འབྲས་རྒྱས་པར་ཤོག །ཕྱག་རྒྱ་སྙིང་པོ་སྨོན་ལམ་ནུས་མཐུ་དེས། ཞག་གསུམ་ནངས་པར་ཡ་མཚན་ཆེ་བའི་ཤིང་གཅིག་སྐྱེས། སྡོང་པོ་རིན་པོ་ཆེ་བཞིན་བཀྲ་ལ་གསལ། ཡལ་ག་བཞི་ནི་ཕྱོགས་བཞིའི་ཁ་དོག་འདྲ། ཤར་དཀར་བྱང་ལྗང་ནུབ་དམར་ལྷོ་སྔོ། དབུས་ནི་རིན་པོ་ཆེ་བཞིན་སེར་ལ་དྭངས། ལོ་མ་འབྲས་བུ་ལྔ་ཡང་དེ་དང་མཚུངས། སྟོན་པའི་ཐུགས་རྗེ་བྱིན་རླབས་ཀྱིས། ཤིང་གི་འབྲས་བུ་རིགས་ལྔ་བཏུས། ཤིང་ཤུན་ཐག་པ་རིགས་ལྔར་བཀལ། དམ་པའི་དོན་ལ་འཕྲེང་བ་ཡི། འཁོར་བར་མི་འཕྲེང་བགྲང་པའི་ཕྱིར། པད་ཤུན་འཕྲེང་ཐག་དཀར་པོ་ལ། ཤར་ཕྱོགས་དཀར་པོ་དུང་གི་འཕྲེང་བ་བརྒྱུས། པད་ཤུན་འཕྲེང་ཐག་སྔོན་པོ་ལ། ལྷོ་ཕྱོགས་སྔོན་པོ་མན་ལུང་འཕྲེང་བ་བརྒྱུས། པད་ཤུན་འཕྲེང་ཐག་སེར་པོ་ལ། དབུས་ཕྱོགས་སེར་པོ་བྷོ་ཏེ་རྩེའི་འཕྲེང་བ་བརྒྱུས། གྲངས་ནི་སྟོང་དང་རྩ་བརྒྱད་དོ། །མདོ་བསྡུས་ཐིག་ལེ་གཅིག་ལ་ངེས། གཡོན་པའི་ཕྱག་སོར་ལྔ་ལ་བཀལ། འཕྲེང་ཐག་དབྱིངས་ཀྱི་ཡུམ་དང་སྦྱར། ས་ཏྲིག་ཨེར་སངས་ཡི་དམ་ལྷ། མདོ་འཛིན་ཡེ་ཤེས་ལྷ་དང་སྦྱར། གཤེན་ལྷ་འོད་དཀར་ཡི་དམ་ལྷ། ཐེ་འོང་ཐབས་ཀྱི་མཆོག་དང་སྦྱར། སངས་པོ་འབུམ་ཁྲི་ཡི་དམ་ལྷ། མཛུབ་མོ་ཤེས་རབ་ཕུལ་དུ་སྦྱར། སྟོན་པ་གཤེན་རབ་འདྲེན་པའི་དཔོན། གུང་མོ་གང་བགྲང་རིག་པ་ཉིད། ཐབས་དང་ཤེས་རབ་འབྲེལ་བའི་བར། རིག་པའི་ཡེ་ཤེས་བརྟེན་པ་ཡིས། གསུམ་གྱི་སྦུབས་སུ་གྲངས་ཀྱིན་བགྲངས། འཁོར་བའི་རྗེས་སུ་མི་འཕྲེང་བར། བདེར་གཤེགས་དོན་ལ་འཕྲེེང་བའི་ཕྱིར། བདེར་གཤེགས་སྟོང་གི་མཚན་གྲངས་བགྲངས། བརྒྱད་ནི་སྒོ་བཞི་ཕྱི་ནང་བརྒྱད། ཞི་ཁྲོའི་ཚུལ་དུ་ཅི་བཞིན་བགྲངས། དམ་པའི་དོན་དུ་འཕྲེང་བ་ཡིས། བདེར་གཤེགས་སྟོང་གི་མཚན་རེ་ལ། སྙིང་པོ་རྣམ་གསུམ་རིམ་པར་བཟླས། གྲངས་ཀྱི་ཚད་ནི་ལྔ་ལྔར་འཛབ་ཏུ་ཕུལ། གཡས་པའི་སོར་མོ་རེ་རེས་བླངས། སྒོ་བཞི་མཛོད་ལྔའི་བོན་ལ་འཕྲེང་བའི་ཕྱིར། དཔོན་གསས་དུང་གི་འཕྲེང་བ་བགྲངས། ཁྱབ་ནག་ཤེལ་གྱི་འཕྲེང་བ་བགྲངས། འཕན་ཡུལ་མན་ལུང་འཕྲེང་བ་བགྲངས། གཙང་མ་མཐོ་ཐོག་སྤྱི་རྒྱུག་ཐིག་ལེ་ཆེན་པོས་བཟླས་པ་དང་བརྗོད་མེད་བྷོ་ཏེ་རྩེའིི་འཕྲེང་བ་བགྲངས། ཉོན་མོངས་རྒྱུ་འབྲས་གདར་ཐག་གཅད་པའི་ཕྱིར། མི་ཡེངས་དོན་ལ་འཕྲེང་གིན་བགྲངས་པས་བསོད་ནམས་དཔག་ཏུ་མེད། དཀའ་བ་སྣ་ཚོགས་ཐུབ་ན་ཚུལ་ཁྲིམས་རྣམ་པར་དག །སྟོབས་མཆོག་དེ་ཡི་ནུས་མཐུ་ཡིས། རྒྱུ་འབྲས་གཉིས་ཀའི་བག་ཆགས་གདར་ཐག་གཅོད། དེའི་ཚེ་དེའི་དུས་ན། བདུད་རྗེ་ཁྱབ་པ་ལ་སོགས་ཏེ། བདུད་འཁོར་འབུམ་སྡེ་མང་པོ་ཡང༌། ལྷོ་འུར་དང་ན་བུན་སྨིག་རྒྱུར་བརྫུས། གཤེན་ལ་ལྟ་ཉན་བྱེད་པ་ཡང༌། ཤིན་ཏུ་མང་བར་དད་པ་སྐྱེས། བདུད་རྗེ་ཁྱབ་པ་ལག་རིང་ཡང༌། ཤིན་ཏུ་གཏིང་ནས་དད་པ་སྐྱེས། སྟོན་པས་མཛད་པའི་སྤྱོད་ཡུལ་ལ། ངོ་མཚར་གདུང་བ་རབ་ཏུ་སྐྱེས། བདུད་འཁོར་རྣམས་ལ་བཀའ་བསྩལ་པ། གཤེན་རབ་མཛད་པའི་རིམ་པ་ལ། དད་པའི་སེམས་སྤྲོ་ཡིད་དང་འཐད། ལས་ལ་དགེ་སྡིག་ཡོད་པར་ངེས། ཚེ་ལ་སྔ་ཕྱི་ཡོད་པར་ངེས། གནས་ལ་སྐྱིད་སྡུག་ཡོད་པར་ངེས། འཇིག་རྟེན་འཁོར་བའི་སེམས་ཅན་ལ། ལོངས་སྤྱོད་ཟང་ཟིང་ཅི་ཡོད་ཀྱང༌། ཕྱི་ནང་མི་ཆགས་སྤང་བར་རིགས། མི་རྟག་སྒྱུ་མ་ཡིན་པར་ངེས། མི་མཁྱེན་དགུ་མཁྱེན་རྣམ་པ་ཐམས་ཅད་མཁྱེན་པ་ཡི། གཤེན་རབ་ཐུགས་ལ་ས་ལེ་གསལ་བས་སུ། ལོངས་སྤྱོད་སྐྱིད་རྟགས་རྒྱལ་སྲིད་འདི་ཙམ་ལ། མི་ཆགས་མི་འཁོར་ཕྱིར་ལ་ཡོངས་སྤངས་ནས། མེ་ཏོག་གླིང་ལ་གཅིག་པུ་གནས་པ་འདི། འཇིག་རྟེན་ཟང་ཟིང་ཐམས་ཅད་སྒྱུ་མ་ཡིན། ནག་པོ་བདུད་ཀྱི་དམག་ཚོགས་ཇི་སྙེད་ཀྱིས། སྟོན་པ་གཤེན་རབ་སྐུ་ལ་ཆོ་འཕྲུལ་སྣ་དགུ་བསྟན། བ་སྤུ་རྐྱ་གཅིག་གཅོད་པར་མ་ནུས་ནས། སྟོན་པ་ཉིད་ཀྱིས་ཉིད་བཅོམ་རྒྱན་དང་དབུ་སྐྲ་བཞར། དམིགས་མེད་སྦྱིན་པ་ཕྱོགས་བཞིར་གཏོང་ལུགས་ཀྱིས། ཅིས་ཀྱང་ལས་ལ་དགེ་སྡིག་ཡོད་པར་ངེས། འོ་སྐོལ་བདུད་ཀྱི་དམག་ཚོགས་ཇི་སྙེད་ཀྱིས། སྟོན་པའི་འཁོར་ལ་ཆོ་འཕྲུལ་མང་པོ་བསྟན། གཤེན་བཟའ་ནེའུ་ཆུང་རེ་ཞིག་དེ་བསླུས་ཙམ། གཤེན་རབ་རང་གི་སྟོབས་ཀྱིས་རང་བཅོམ་ནས། སྐྱིད་རྟགས་རྒྱལ་སྲིད་འདི་སྙེད་ཙམ་བོར་ནས། གཅིག་པུ་མེ་ཏོག་གླིང་ལ་རབ་ཏུ་བྱུང་བ་འདི། ཅིས་ཀྱང་ལས་ལ་དགེ་སྡིག་ཡོད་པར་ངེས། ནག་པོ་བདུད་ཀྱི་དམག་ཚོགས་ཇི་སྙེད་ཀྱིས། སྟོན་པའི་སྐུ་ལ་ཆོ་འཕྲུལ་ཅི་བསྟན་ཀྱང༌། རྟ་བདུན་རེ་ཞིག་ཕྱེད་ཐོབས་ཕྱིར་ལ་ཤོར། གཤེན་རབ་ཐུགས་རྗེས་རང་གིས་རང་བཅོམ་ནས། ཟང་ཟིང་ལོངས་སྤྱོད་སྒྱུ་མའི་བསླུ་བྲིད་ཡིན་པར་ངེས། མ་ལུས་ཐམས་ཅད་སྤངས་ནས་གཅིག་པུ་གླིང་ལ་གཤེགས། རྩྭ་མཆོག་ཆུ་ཐིགས་རེ་ལས་མི་གསོལ་བར། ཤིང་འབྲས་བྷོ་ཏེ་རྩེའི་གྲངས་བགྲངས་ཤིང༌། འཇིག་རྟེན་ཁམས་འདིར་ཏུར་ཙམ་མི་འཕྲེང་པར། སྣང་སྟོང་གཉིས་མེད་མཉམ་པའི་ལྷ་རྣམས་ལ། མི་ཡེངས་གཟུགས་ཀྱི་འཕྲེང་བ་གྲངས་སུ་བགྲངས། ཁྲུས་དང་གཙང་སྦྲ་སྐོར་བ་ལྷ་ཕྱག་འཚལ། ཁྱིམ་སྤངས་རབ་ཏུ་བྱུང་ནས་ལོ་གསུམ་ལོན་པ་ལ། ལྟ་སྤྱོད་གཉིས་ཀ་མི་འཆོལ་ཚད་ཅིག་འཛིན། ཤ་ཤོར་བཀྲག་ཡལ་རུས་འགོ་པགས་ཀྱིས་གཡོགས། ནང་གི་གློ་སྙིང་ཕྱི་ནས་བལྟས་པས་གསལ། ལྷུ་ཚིགས་རྩིབས་མ་གླེན་པས་བགྲང་དུ་བཏུབ། ལས་ལ་དགེ་སྡིག་ཅིས་ཀྱང་ཡོད་པར་ངེས། སྐྱེས་མཆོག་འདི་ལ་སྐྱེ་འཆི་ཡོད་པར་ངེས། འཕྲལ་གྱི་མི་བདེ་ཆུང་ངུ་ཡུན་ཐུང་འདིས། ཡུན་གྱི་བདེ་བ་ཆེན་པོ་གཏན་དུ་ཚོལ་བར་ངེས། སྐྱེ་འཆི་མེད་པར་གཏན་དུ་སྐུ་རྟག་ན། སྡུག་བསྔལ་འདི་ཡི་ཆེད་གལ་ཁོ་ལ་ཅི་ཞིག་འབྱུང༌། འོ་ཅག་བདུད་རྣམས་རྟག་ཏུ་རེ་བ་སྙིང་རེ་རྗེ། མི་རྟག་འཆི་བའི་ལས་འདི་ད་ཡང་མྱུར་དུ་འོང༌། མི་བཟད་དམྱལ་བའི་བཙོ་བསྲེག་ནང་དུ་ད་ཡང་འགྲོ་བར་ངེས། འཇིག་རྟེན་བྲང་ང་སའི་ཡུད་འདི་ལ། བདུད་ཀྱི་ཆེ་དྲག་སྤྱོད་པས་ཅི་ལ་ཕན། སྐྱེས་མཆོག་སྟོན་པར་སྐྱབས་སུ་མྱུར་ཏེ་འདོང༌། དེ་སྐད་ཅེས་འཁོར་ལ་གསུངས་སོ། །དེ་ལ་བདུད་ཀྱི་བཀའ་བློན་གྱད་བུ་ཐུང་ལ་སོགས་པའི། བདུད་ཀྱི་འཁོར་བ་འབུམ་སྡེ་མང་པོ་ལ། འཁོར་བ་ཐོག་མ་མེད་པའི་དུས་ནས་སུ། ཀུན་གཞིའི་དཀྱིལ་དུ་བག་ཆགས་བཟང་ངན་བསགས། བཟང་ངན་འདྲེས་པ་ཐམས་ཅད་བཟང་པོའི་རྐྱེན་དང་འཕྲད་པས་ལངས། དད་པ་སྐྱེས་པ་རྣམས་ཀྱིས་ཕྱིར་ལ་ལན་བཏབ་པ། བདུད་རྗེས་གསུངས་པ་དེ་དེ་བཞིན་ནོ། །ཅི་སྐད་སྨྲས་པ་དེ་དེ་བཞིན་ནོ། །འཕྲལ་གྱི་སྡུག་བསྔལ་ཆུང་ངུ་འདིས། ཡུན་གྱི་བདེ་བ་ཆེན་པོ་འཚོལ། སྟོན་པའི་སྐྱབས་སུ་མྱུར་ཏེ་གཤེགས། སྐྱབས་སུ་མྱུར་ཏེ་མ་གཤེགས་ན། འཕྲལ་གྱི་སྐྱིད་ཁེ་ཆུང་ངུན་འདི། ཡུན་གྱི་མི་བདེ་ཆེན་པོར་ལྟུང༌། དེའི་ཕྱིར་ན་མྱུུར་ཏེ་གཤེགས། དད་པ་སྐྱེས་པའི་བདུད་རྣམས་ཀྱིས་དེ་སྐད་ཅེས་སྨྲས་སོ། །དད་པ་མ་སྐྱེས་པའི་འཁོར་རྣམས་ཀྱིས། བདུད་རྗེ་ལ་གསོལ་པ། བདུད་རྗེ་ཁྱབ་པ་ལག་རིང་ལགས། བདུད་འཁོར་འབུམ་སྡེ་མང་པོ་ལ། ཕྱི་མ་ཐམས་ཅད་གཤེན་ལ་དད། བདུད་རྗེ་མངའ་ཆེ་གར་དད་མཛོད། བདག་ཅག་སླད་མ་འགའ་ལུས་པ། གཤེན་རབ་མི་བོའི་སྤྱོད་པ་ལ། དད་པ་མ་སྐྱེས་སྤྱོད་པ་ལོག །ལས་དང་སྤྱོད་པ་ཡེ་མི་མཐུན། བདག་ཅག་བདུད་འཁོར་འགའ་ལུས་འདི། དང་པོ་མ་ལས་སྐྱེ་དུས་སུ། ལས་སུ་གསོད་དང་གཅོད་ལ་དགའ། ཟས་སུ་ཤ་དང་ཁྲག་ལ་དད། ལོངས་སྤྱོད་འཐབ་དང་འཁྲིག་ལ་དད། གཤེན་རབ་ལོངས་སྤྱོད་དེ་ལ་མི་སྐྱབས་སོ། །དེ་སྐད་ཅེས་སྨྲས་ནས། བདུད་ཡུལ་མུན་པའི་གླིང་དུ་བྲོས་ཏེ་སོང་ངོ༌། །

[[Category:ཆོས་ལུགས།]]