སྟོང་སྐོར་འབོལ་ཆེན་དགོན།

ཡོང་ཁུངས་Wikipedia

སྟོང་སྐོར་(སྟོང་འཁོར་)འབོལ་ཆེན་དགོན། ཟིལ་གནོན་དགོན་བཀྲ་ཤིས་ཆོས་འཁོར་གླིང་ནི་སྔ་འགྱུར་རྙིང་མའི་ནང་ཚན་དཔལ་རྒྱལ་བ་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཞིག་ཡིན་ལ། དགོན་པ་འདི་ནི་དཀར་མཛེས་རྫོང་གི་བྱང་ཤར་མཚམས་སྟོང་སྐོར་གྱི་ཕར་རྒྱབ་སྙི་སྟོད་དུ་སྙི་ཆུའི་ནུབ་ཕྱོགས་ཟེའུ་ཁོག་ཅེས་པའི་ལུང་པར། གསེར་རྫོང་ཟེར་བའི་རི་གླང་ཆེན་ལྷས་ལ་ཉལ་ནས་སྣ་ལྗགས་ཐད་དུ་བརྐྱངས་བ་ལྟ་བུའི་ས་དཔྱད་ཕུན་སུམ་ཚོགས་པར་ཆགས་ཤིང་། དེ་ཡང་དགོན་པ་འདི་ཐོག་མར་འདེབས་པ་པོ་ནི་གྲུབ་དབང་རྫོགས་ཆེན་པདྨ་རིག་འཛིན་གྱི་དངོས་སློབ་ཤེས་རབ་བློ་ལྡན་ཡིན་ལ། ཁོང་ནི་རབ་བྱུང་བཅུ་པའི་སྨད་དུ་འཁྲུངས་ཤིང་། ཁོང་གིས་ཞེ་ཆེན་ལུང་པར་འབོལ་ཆེན་རི་ཁྲོད་བཏབ་པ་ནས་མི་ལོ་ ༣༣༤ ལྷག་ཙམ་སོང་། ཁོང་གིས་རང་དགོན་དུ་འཇའ་ཚོན་སྙིང་པོའི་ཟབ་གཏེར་ལས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཚེས་བཅུ་གསར་འཛུགས་དང་། ཆོ་གའི་ཕྱག་ལེན་ཆེ་ཕྲ་དང་དུས་མཆོད་ཀྱི་སྒྲིག་ལམ་མཐའ་དག་ཨོ་རྒྱན་སྨིན་གྲོལ་གླིང་བའི་ཕྱག་བཞེས་མ་ནོར་བའི་རྒྱུན་བསྐྱངས། དགོན་པ་འདི་ལ་ཁོང་གི་སྐུ་ཚ་འགྱུར་མེད་པདྨ་བསྟན་འཛིན། སྙི་བླ་བསྟན་འཛིན་དར་རྒྱས། འཇིགས་མེད་དཔའ་བོ་རྡོ་རྗེ། རིག་འཛིན་ཕྱོགས་ལས་རྣམ་རྒྱལ། སྐྱེ་བཙུན་པ་ཐུབ་བསྟན་རྒྱལ་མཚན། དབོོན་པོ་རིག་དགའ། སྒོ་གཏེར་རིག་འཛིན་ནོར་བུ། སྒོ་གཏེར་འཇིགས་མེད་ཀུན་བཟང་འོད་ཟེར། པདྨ་ཐུབ་བསྟན་རྣམ་རྒྱལ། བཻ་སྤྲུལ་འཇིགས་མེད་ཐུབ་བསྟན་འོད་ཟེར། མཆོག་སྤྲུལ་པདྨ་དབང་ཆེན། སྒོ་སྤྲུལ་འཇིགས་མེད་འོད་ཟེར། དབོན་པོ་ནོར་བུ་ཕུན་ཚོགས། འཇའ་ལུས་པ་བདེ་ཆེན་བཟང་པོ། སྤྲུལ་དབང་དྲག་སྟོབས་ལྡན། ཟེའུ་ནང་དབོན་པོ་ཐུབ་བསྟན་ཤེས་རབ་འོད་ཟེར། པྲ་ཡབ་མཁྱེན་བརྩེ། སྒོ་སྤྲུལ་འཇིགས་མེད་ཚུལ་ཁྲིམས། བཻ་སྤྲུལ་ཚུལ་ཁྲིམས་དཔལ་བཟང་སོགས་དམ་པའི་སྐྱེས་ཆེན་མང་དུ་འཁྲུངས་ཤིང་། འགྱུར་མེད་པདྨ་བསྟན་འཛིན་ལ་དེང་སང་དངོས་སུ་མཇལ་དུ་ཡོད་པ་ནི་སངས་རྒྱས་གླིང་པའི་ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ་འཕྲིན་ལས་ལམ་ཁྱེར་དང་། རཏྣ་གླིང་པའི་ཕུར་བ་དྲིལ་སྒྲུབ་གཉིས་ལ་འབྱིན་འཇུག་ཅི་རིགས་བྱས་པའི་ཕུར་བ་ཡང་གསང་བླ་མེད་སྒྲུབ་ཆེན་གྱི་ཆོག་སྒྲིག་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད་ཅེས་པ་དང་། དེའི་ལས་བྱང་ཆེ་ཆུང་གཉིས་བཅས་འདུག སྙི་བླ་བསྟན་འཛིན་དར་རྒྱས་ལ་གསུང་ཆོས་སྔོན་འགྲོའི་ངག་འདོན་གསོལ་འདེབས་དང་འབྲེལ་བ་ཞིག་དང་། སྔགས་སྲུང་མའི་གསོལ་ཁ། ཆོས་སྐྱོང་ཡོངས་ཀྱི་མངའ་གསོལ་སོགས་ཁ་ཤས་བཞུགས། འཇིགས་མེད་དཔའ་བོ་རྡོ་རྗེ་ལ་གསུང་ཆོས་རིག་སྟོང་གདོད་ནས་མ་ཟེར་བའི་ལྟ་བའི་མགུར་མ་ཞིག་དང་། མགོན་པོ་ཕྱག་བཞི་པའི་སྒྲུབ་པ། མདའ་ཁའི་ཞལ་ཆེམས་སོགས་ཁ་ཤས་དང་། སྐྱེ་བཙུན་པ་ཐུབ་བསྟན་རྒྱལ་མཚན་ལ་སྐྱབས་འགྲོའི་རྣམ་བཞག་བློ་གསལ་ཡིད་ཀྱི་བདུད་རྩི་ཞེས་པ་ལྡེབ་ལྔ་ཅུར་ལོངས་བ་ཙམ་དང་། སྐྱབས་འགྲོའི་རྣམ་བཤད་ཆུང་ངུ་ཞིག མེ་ཏོག་མཆོད་ཆོག གཡང་འགུག་ཆོ་ག་དག་སྣང་མ། བྱང་ཆུབ་ལམ་གྱི་རིམ་པའི་རྒྱན། མགོན་པོ་ཕྱག་བཞི་པའི་ལས་དཀྱིལ་ཞིག་སོགས་གཞུང་ལུགས་དུ་མ་མཛད། དབོན་པོ་རིག་དགའ་ལ་རྟ་ནག་ལས་དཀྱིལ་ཞིག་ཡོད། སྒོ་གཏེར་རིག་འཛིན་ནོར་བུ་ལ་ཕུར་བའི་སྒྲུབ་པ་དང་། ཕུར་བའི་ལས་དཀྱིལ་ཞིག རྟ་ཕྱག་ཁྱུང་གསུམ་གྱི་སྒྲུབ་ཐབས་དབང་དང་བཅས་པ། རྟ་ཕྱག་ཁྱུང་གསུམ་གྱི་ལས་དཀྱིལ་ཞིག་བཅས་ཡོད་པ་ལས། གསུང་གཞན་རྣམས་རིག་གསར་སྐབས་འཐོར་ཞིག་ཏུ་སོང་བར་བཤད། ཟེའུ་ནང་དབོན་པོ་ཐུབ་བསྟན་ཤེས་རབ་འོད་ཟེར་ལ་གསུང་ཆོས་དཔལ་སྤྲུལ་སྔོན་འགྲོའི་ཟིན་བྲིས་ལྡེབ་བདུན་ཅུ་ཙམ་ཡོད་པ་ཞིག་དང་། གང་བློ་མའི་འགྲེལ་བ་ཞིག སེམས་ངོ་མཛུབ་བཙུགས་ཀྱི་འགྲེལ་ཆུང་། བསྙེན་ཡིག་ཅིག་དང་། དབྱར་གནས་སྡོད་ཚུལ་གྱི་ཟིན་བྲིས། ཤུག་བརྒྱའི་བླ་མ་གཡང་གཅེས་སམ་བློ་བཟང་ཆོས་འབྱོར་གྱིས་སྐུལ་ནས་བྲིས་པའི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་ཀྱི་སྨོན་ལམ། གཞན་གསོལ་འདེབས་དང་ཞལ་གདམས་ཉུང་ངུ་སོགས་ཁ་ཤས་འདུག པྲ་ཡབ་མཁྱེན་བརྩེ་ལ་སེང་གདོང་མའི་སྒྲུབ་པ་ཡན་ལག་དང་བཅས་པ་པོད་གཅིག་དང་། གཞན་སྒྲོལ་མའི་གཡང་སྒྲུབ། གུ་རུའི་གསོལ་འདེབས་དང་། ཡང་སྤྲུལ་མྱུར་བྱོན་གྱི་གསོལ་འདེབས། ཞལ་གདམས་སོགས་པོད་གཅིག་སྟེ་གཏེར་ཆོས་དང་བརྩམས་ཆོས་པོད་གཉིས་ཙམ་འདུག དགོན་པ་འདིར་ལོ་གཅིག་ལ་ཨོ་རྒྱན་རིན་པོ་ཆེ་རྗེས་དྲན་ཚེས་བཅུའི་སྒྲུབ་པ་དང་། མ་རྒྱུད་སངས་རྒྱས་མཉམ་སྦྱོར་གྱི་སྒྲུབ་མཆོད། དཔལ་གསང་བ་འདུས་པའི་སྒྲུབ་པ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ལ་བརྟེན་པའི་སྨྱུང་གནས། རྟེན་གསུམ་ལ་རབ་གནས། གཞི་བདག་རྣམས་ལ་གསོལ་མཆོད་དང་བསང་བརྔན། གཞི་གསུམ་གྱི་ཆོ་ག་ལག་ལེན་དུ་བསྟར་བའི་དབྱར་གནས་སོགས་འཚོགས་སུ་ཡོད་དོ། ། དགོན་པ་འདིའི་བླ་མ་པདྨ་འབྱུང་གནས་ཡིན་པ་གཞིར་བཅས། བླ་གྲྭ་སྒེར་ལ་ཡི་དམ་གང་ཡིན་མཐའ་གཅིག་ཏུ་མ་ངེས་ཀྱང་སྤྱིར་དགོན་པའི་འདོན་ཆོག་ཏུ་ཡི་དམ་རྟ་མགྲིན་ནག་པོ་དང་གུ་རུ་དྲག་པོ་ཤུགས་ཆེ་ཞིང་། ཆོས་སྐྱོང་ལ་རྙིང་མ་སྤྱི་ལྟར་དང་ཁྱད་པར་དུ་རྟ་མགྲིན་དབང་ཆེན་གྱི་རང་མདངས་གྲི་བཙན་ཤ་བའི་དབུ་ཅན་ལ་གཙིགས་སུ་འཛིན། གཙུག་ལག་ཁང་ལ་ཆོས་འདུལ་ཉི་འོད་སྣང་བའམ་ཉི་འོད་འཁྱིལ་བ་དང་། ཐུབ་བསྟན་ཡངས་འདུས་དགའ་ཚལ་གླིང་ཞེས་པའི་འདུ་ཁང་གོང་འོག་གཉིས་དང་། ཐེག་མཆོག་འོོད་གསལ་གླིང་ཞེས་པ་སོགས་ཀྱི་རི་ཁྲོད་གསུམ་ཙམ་ཡོད། རྟེན་ལ་ཉེ་བའི་སྲས་བརྒྱད་ཀྱི་གསེར་སྐུ་མི་ཚད་ཙམ་པ་དང་། ཞི་ཁྲོ་དམ་པ་རིགས་བརྒྱའི་སྐུ་ཡོངས་རྫོགས། གསུང་རབས་རྒྱལ་བའི་བཀའ་བསྟན་ཚར་གསུམ་ཙམ་དང་། གསུང་འབུམ་མང་དུ་བཞུགས། བླ་གྲྭ་ཁྱོན་བསྡོམས་བདུན་ཅུར་ལོངས་མིན་ཙམ་དང་་། དགོན་པའི་ལྷ་སྡེ་སྟོང་སྐོར་བརྡ་སྟོད་དང་། མང་ཕྱོགས་ཟེའུ་མདའ་གཙོས་སྙི་སྟོད་དུ་ཡོད་པའོ། །