སྟོང་པ་ཉིད་
སྟོང་པ་ཉིད་ (Skt. Śūnyatā) (Emptiness)ནི་ནང་པའི་ལྟ་གྲུབ་ཀྱི་གནད་འགག་ཅིག་ཡིན་ཞིང་། ཆོས་ཐམས་ཅད་རང་བཞིན་མེད་པ་སྟོང་པའི་རང་བཞིན་དུ་གནས་པ་སྟོན་པའི་ཐ་སྙད་གཙོ་བོ་ཞིག་ཡིན་ནོ། །དེ་ནི་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་གྱི་རྩ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ཀྱི་སྙིང་པོར་གྱུར་པ་ཡིན་ནོ། །
མཚན་ཉིད།
[རྩོམ་སྒྲིག]ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། "ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང་། བྲལ་བ་དང་། བདག་མེད་པ་ཞེས་བྱ་བའི་དོན་ཏོ། །"[༡]ཞེས་གསུངས། "རང་བཞིན་གྱིས་སྟོང་ཞེས་པ་ནི་རང་ངོས་ནས་སྟེ་ཞེས་པ་ཡིན་པས་ཡུལ་གྱི་ངོས་ནས་སམ་ཡུལ་གྱི་ངོས་ནས་མ་གྲུབ་པའི་དོན་ཡིན་ལ། དེ་ཡང་དཔེར་ན་རྨི་ལམ་དུ་ཁང་པ་སྣང་པ་ན་སྣང་གཞིའི་ངོས་ནས་ཚུར་སྣང་བ་མ་ཡིན་གྱི་སྣང་མཁན་ཤེས་པའི་ངོས་ནས་ཕར་བཟོ་པ་ཡིན་པས་ཆོས་རྣམས་ཀྱི་ཀུན་རྫོབ་པའི་སྡོད་ལུགས་འདི་ཁོ་ན་ལྟར་གོ་དགོས་སོ། །"[༢]ཆོས་ཉིད་ཀྱི་སྒོ་ནས་འགྲེལ་པ། “ཆོས་ཉིད་ཇི་ལྟར་བ་སྟོན་པ་ནི་འཇིག་རྟེན་རྣམས་ཀྱི་དེ་བཞིན་ཉིད་དང་འཕགས་པ་དགྲ་བཅོམ་པའི་དེ་བཞིན་ཉིད་དང༌། རང་རྒྱལ་བའི་དེ་བཞིན་ཉིད་དང་རྒྱལ་སྲས་བྱང་ཆུབ་སེམས་པའི་དེ་བཞིན་ཉིད་དོ། དེ་ཐམས་ཅད་རང་བཞིན་ཅིག་པ་ཉིད་དེ། གང་དུ་ཅིག་ན་དངོས་པོ་དང་བྲལ་ལ་གཞན་མིན་པའི་དེ་བཞིན་ཉིད་ལ་སོགས་པའི་ཟབ་མོ་བརྒྱད་པོ་དེ་དག་”[༣]ཞེས་གསུངས་པ་ལྟར། སྟོང་པ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་གཞི་ཡིན་ལ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་པ་ཡིན་པ་ཡིན་ནོ། །ཡེ་ནས་གནས་པའི་ཆོས་ཉིད། “ཆོས་ཉིད་ལ་ཡང་སྐྱོན་མེད་པ་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་འདི་ཡེ་ནས་གནས་ཏེ། མདོ་ཆེན་མོ་ལས་སངས་རྒྱས་འཇིག་རྟེན་དུ་བྱོན་ཡང་རུང་མ་བྱོན་ཡང་རུང་སྟེ། ཆོས་རྣམས་ཀྱི་མཚན་ཉིད་ནི་དེ་བཞིན་དུ་གནས་སོ་ཞེས་གསུངས་པའི་ཕྱིར་རོ། །”[༤]ཞེས་གསུངས་པ་ལྟར། སྟོང་པ་ཉིད་ནི་ཡེ་ནས་གནས་པའི་ཆོས་ཉིད་དོ། །
སྒྲ་བཤད།
[རྩོམ་སྒྲིག]རྒྱ་གར་སྐད་དུ་ཤུ་ནྱ་ཏ། (śūnyatā) ཞེས་ཟེར་ལ། དེ་ནི་སྟོང་པ་དང་ཉིད་ཅེས་པའི་སྒྲ་གཉིས་སྦྱོར་བ་ཞིག་ཡིན། སྟོང་པ་ཞེས་པ་ནི་རང་བཞིན་གྱིས་གྲུབ་པ་མེད་པའི་དོན་ཏེ། "གང་དེ་དག་བ་ལང་རྫི་དང་བུད་མེད་ཡན་ཆད་ལ་གྲགས་པ་དངོས་སུ་གསལ་བར་སྣང་བའི་གཟུགས་དེ་ཉིད་དྲི་ཟའི་གྲོང་ཁྱེར་ལྟར་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ཏེ། གཟུགས་སྣང་བ་འདི་ལ་རང་གི་ངོ་བོ་འགའ་ཡང་མེད་དོ། །"[༥]ཞེས་གསུངས། དེ་ཡང་སྟོང་པ་ཞེས་པ་ནི་དངོས་པོ་རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་ཅིང་ཐ་སྙད་ཙམ་དུ་གནས་པ་ལ་གོ་དགོས། ཉིད་ཅེས་པ་ནི་དེ་ཉིད་ཀྱི་ངོ་བོ་ལ་གོ་བ་ཡིན།
དབྱེ་བ།
[རྩོམ་སྒྲིག]"སྟོང་པ་ཉིད་དང་མཚན་ཉིད་མེད་པ་གཉིས་རིམ་པ་ལྟར་སྡུག་བསྔལ་ཆོས་ཤེས་རྗེས་ཤེས་གཉིས་ཀྱི་དམིགས་པ་དང་། དེ་བཞིན་དུ་མ་སྐྱེ་བ་དང་མ་འགག་པ་གཉིས་ཀུན་འབྱུང་ཆོས་ཤེས་རྗེས་ཤེས་དང་། དྲི་མ་མེད་པ་དང་དྲི་མ་དང་བྲལ་བ་མེད་པ་གཉིས་ལམ་ཆོས་ཤེས་རྗེས་ཤེས་དང་། བྲི་བ་མེད་པ་དང་གང་བ་མེད་པ་གཉིས་འགོག་པ་ཆོས་ཤེས་རྗེས་ཤེས་ཀྱི་དམིགས་པར་བཤད་དོ། །"[༦]རྣམ་པར་ཐར་པའི་སྒོ་གསུམ་གྱི་ནང་གི་སྟོང་པ་ཉིད། “བྱང་ཆུབ་སེམས་དཔའ་ནམ་མཁའ་ལྟ་བུའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་མཉམ་པར་བཞག་ཅིང་གནས་པ་”[༧] ཞེས་གསུངས་པ་ལྟར། སྟོང་པ་ཉིད་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཡ་གྱལ་ཅིག་ཡིན་ནོ། །སྟོང་པ་ཉིད་ལ་གནས་པའི་ཚུལ། “ནམ་མཁའ་ནི་གཞི་གང་ལ་ཡང་བརྟེན་ནས་གནས་པ་མ་ཡིན་པར་གནས་པ་ཡིན་པའི་དཔེ་དོན་འདི་བསམ་པར་གྱིས་ཤིག དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་ལྟ་བུའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་མཉམ་པར་བཞག་ཅིང་གནས་པ་ནི། འགྲོ་བ་ལ་སེམས་ཅན་གྱི་སྐལ་བ་དང་བསམ་པ་ཇི་འདྲ་བར་ཤེས་པའི་སྨོན་ལམ་གྱི་རྟེན་ཅན་གྱིས། མཛད་པའི་བྱ་བ་རྣམ་པ་སྣ་ཚོགས་པ་དུ་མ་སྟོན་པར་བྱེད་ཅིང་སྙིང་རྗེས་ཞི་བ་མྱ་ངན་ལས་འདས་པའི་དབྱིངས་མངོན་དུ་བྱེད་པ་ལ་མི་རེག་ཅིང་། གཞན་དོན་མི་བྱེད་པར་སྟོང་པ་ཉིད་ལ་རྟག་ཏུ་གནས་པ་མེད་དོ། །”[༨]ཞེས་གསུངས་སོ། །
ནང་དོན།
[རྩོམ་སྒྲིག]ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀྱི་གཉེན་པོ་གཙོ་བོ་ནི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཡིན་ནོ། །"ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མུན་པའི་གཉེན་པོ་ཡང་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཡིན་པས་མྱུར་དུ་སྒྲིབ་གཉིས་ཟད་པའི་ཐམས་ཅད་མཁྱེན་པ་འདོད་པས་སྟོང་ཉིད་དེ་ནི་ཇི་ལྟར་སྒོམ་མི་བྱེད་དེ་དེ་དང་བྲལ་ན་ཉོན་སྒྲིབ་ཀྱི་ས་བོན་ཡང་སྤོང་མི་ནུས་སོ། །"[༩]ཞེས་པ་འདིས་སྟོང་པ་ཉིད་ཀྱི་དགོས་པ་གསལ་པོར་སྟོན་ཡོད་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཤེས་ཡུལ་ཐམས་ཅད་ལ་བར་ཆད་བྱེད་པའི་ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པ་སྐྱེ་བར་བྱེད་པའི་ཉོན་མོངས་པའི་སྒྲིབ་པ་གཉིས་ཀ་སེལ་ནུས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །གཙོ་འདུས་དང་གཉེན་པོ། སྟོང་པ་ཉིད་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་བར་དུ་གཅོད་པའི་སྒྲིབ་པ་གཉིས་ཀྱི་གཉེན་པོ་ཡིན་ཏེ། "གཙོ་བོ་ཐར་པ་ལ་བར་དུ་གཅོད་པའི་ཉོན་མོངས་པའི་སྒྲིབ་པ་དང༌། གཙོ་བོ་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་ཤེས་བྱའི་སྒྲིབ་པ་ཡི་མུན་པའི་གཉེན་པོ་ནི་སྟོང་པ་ཉིད་ལས་གཞན་དུ་མེད་ན་མྱུར་དུ་སྒྲིབ་པ་གཉིས་དང་བྲལ་བས་ཤེས་བྱ་ཐམས་ཅད་མཁྱེན་པའི་རྣམ་མཁྱེན་ཐོབ་པར་འདོད་པས་ཏེ་འདོད་པ་རྣམས་ཀྱིས་སྟོང་པ་ཉིད་དེ་ནི་ཇི་ལྟར་བསྒོམ་པར་མི་བྱེད་དེ་བྱེད་དགོས་སོ། །"[༡༠]ཞེས་པ་འདིས་རང་རང་སོ་སོའི་ཐེག་པའི་འབྲས་བུ་ལ་སྒྲིབ་པར་བྱེད་པའི་སྒྲིབ་པ་གཉིས་ཀྱིས་བར་གཅོད་པ་དེ་དག་ཀུན་གྱི་གཉེན་པོ་གཅིག་པུ་སྟོང་པ་ཉིད་ཡིན་པ་གསལ་བར་སྟོན་ཡོད། དེས་ན་ཉན་ཐོས་རང་རྒྱལ་གྱི་ལམ་ཡིན་ཡང་རུང་། བྱང་ཆུབ་སེམས་དཔའི་ལམ་ཡིན་ཡང་རུང་སྟོང་པ་ཉིད་མེད་ཐབས་མེད་ཅེས་གསུངས། བསྒོམ་པའི་ཚུལ། སྟོང་པ་ཉིད་བསྒོམ་པའི་ཚུལ་ནི་གང་ཟག་དང་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཡིན་ཏེ། "དེ་ཡང་ངའོ་སྙམ་པའི་ང་ནི་ཕུང་པོ་ལ་བཏགས་པ་ཙམ་དུ་བཞག་པར་ཟད་ཀྱིས་རང་བཞིན་གྱིས་གྲུབ་པ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། རང་དབང་བའི་སྡོད་ལུགས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་པས་གང་ཟག་གི་ཡོད་པ་ནི་མིང་གི་ཐ་སྙད་ཀྱིས་བཞག་པ་ཙམ་དང༌། བཏགས་ནས་ཡོད་པ་དང་ལྟོས་པའི་ཚུལ་གྱིས་ཡོད་པ་ཁོ་ནར་ཟད་པས་རང་བཞིན་མེད་དོ་སྙམ་དུ་ཡིད་ལ་བྱའོ། །"[༡༡]འདིས་གང་ཟག་སྟོང་པ་ཉིད་ཇི་ལྟར་རྟོགས་དགོས་པ་བསྟན་ཡོད་དེ། ཉིན་རེར་ང་ཞེས་འཛིན་པའི་གང་ཟག་དེ་ནི་ལུས་སེམས་ཀྱི་ཕུང་པོ་རྣམས་ལ་བཏགས་ནས་འདོགས་པ་ཙམ་ལས། དངོས་སུ་རང་ངོས་ནས་གྲུབ་པའམ་རང་གིས་གང་ཡིན་པ་དེའི་མཚན་ཉིད་དེ་ཉིད་ཀྱིས་གྲུབ་པའམ་གཞན་ལ་མ་ལྟོས་པར་རང་དབང་གིས་གནས་པའི་སྡོད་ལུགས་ནི་ཅུང་ཟད་ཀྱང་མེད་ཅེས་པའོ། །
སྟོང་པ་ཉིད་ཀྱི་ཁྱད་པར།
[རྩོམ་སྒྲིག]སྒྲིབ་པ་སེལ་བའི་ནུས་པ། "སྒྲིབ་པ་དེ་ཉིད་ནི་མུན་པ་ལྟར་མུན་པ་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །དེའི་གཉེན་པོ་ནི་སྤོང་བའི་གཉེན་པོ་ཡིན་ནོ། སྟོང་པ་ཉིད་ཡིན་པས་དེའི་ཕྱིར་མྱུར་ཞིང་མགྱོགས་པར་ཐམས་ཅད་མཁྱེན་པ་སྟེ་སངས་རྒྱས་ཉིད་ལ་འདོད་ཅིང་མངོན་པར་འདོད་པ་གང་གིས་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །"[༡༢]འདིས་སྒྲིབ་པའི་རང་བཞིན་དང་གཉེན་པོའི་རང་བཞིན་གཉིས་ཀ་འཆད་ཡོད། སྒྲིབ་པ་རྣམས་ནི་ཉམ་གུལ་གྱི་གནས་སུ་བསྡུགས་པའི་མུན་པ་ལྟར་དངོས་པོ་རྣམས་ཀྱི་ཡང་དག་པའི་གནས་ལུགས་མི་མཐོང་བར་བྱེད་ཅིང་། དེའི་གཉེན་པོ་སྟོང་པ་ཉིད་ནི་སྒྲིབ་པ་དེ་དག་སྤོང་ནུས་པའི་སྣང་བ་ལྟར་ཡིན་པས་སངས་རྒྱས་ཀྱི་གོ་འཕང་མགྱོགས་པར་ཐོབ་པར་བྱེད་ཅེས་པའོ། །
ཤེས་རབ་ཀྱི་མཆོག་ཉིད།
[རྩོམ་སྒྲིག]སྦྱིན་པ་ཚུལ་ཁྲིམས་བཟོད་པ་སོགས་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ལས་ཀྱང་ཤེས་རབ་ནི་མཆོག་ཡིན་ཏེ། "སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བའི་དགེ་བ་རྣམས་ལ་ཞུགས་ན་ཡང་ཕན་ཡོན་ཆེན་པོ་ཐོབ་མོད། དེ་བས་ཀྱང་སྒྲིབ་པ་གཉིས་ཀྱི་གཉེན་པོ་མཐར་ཐུག་པ་ཟབ་མོ་སྤྲོས་པ་ཀུན་བྲལ་གྱི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ནི་མཆོག་ཡིན་པས།"[༡༣] ལུང་འདིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གྲངས་དང་པོར་གལ་ཆེ་བ་འཆད་ཡོད། ཐབས་ཀྱི་ངོ་བོ་སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ལ་སོགས་པ་ལ་འབད་པ་བྱས་ན་ཡང་ས་ཚོགས་ལམ་དང་སྦྱོར་ལམ་སོགས་སུ་ཕན་ཐོགས་ཆེན་པོ་ཡོད་མོད། འོན་ཀྱང་སྒྲིབ་པ་གཉིས་འདོན་པར་བྱེད་པའི་གཉེན་པོ་མཐའ་མ་དེ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཟབ་མོ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཡིན་པས་དེ་ནི་མཆོག་ཏུ་གྱུར་པ་ཡིན།
སྤྱོད་པའི་སྒོ་ནས་འགྲེལ་པ།
[རྩོམ་སྒྲིག]དམིགས་མེད་ཀྱི་སྤྱོད་པ། “དུས་གང་གི་ཚེ་ན་བྱང་སེམས་མཁས་ཤིང་བློ་གསལ་བས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཞི་བའི་ཏིང་ངེ་འཛིན་དམ་པ་འདི་སྤྱོད་པའི་ཚེ། བར་སྐབས་དེར་ནི་རྒྱུ་བདེན་འཛིན་གྱི་མཚན་མ་རབ་ཏུ་སྒོམ་པར་མི་བྱེད་དེ། མཚན་མ་མེད་པར་གནས་ཤིང་སྨོན་པའི་འབྲས་བུ་ཞི་བ་ཉིད་ལ་རབ་ཏུ་ཞི་བར་སྤྱོད་དོ། །དཔེར་ན་བར་ སྣང་ཁམས་སུ་འཕུར་བའི་བྱ་ལ་ནི་བར་སྣང་དེར་གནས་ཡོད་པ་མ་ཡིན་ཏེ། བར་སྣང་དེ་ན་གནས་པ་མ་ཡིན་ཞིང་ས་ལ་ཡང་ལྟུང་བར་མི་འགྱུར་རོ། །དཔེ་དེ་ལྟར་བྱང་སེམས་ཐབས་ཤེས་ཟུང་འབྲེལ་གྱིས་རྣམ་པར་ཐར་པའི་སྒོ་ལ་གནས་ཏེ་སྤྱོད་པ་དེ་ནི། དུས་མ་ཡིན་པར་ཞི་བའི་དབྱིངས་མྱང་འདས་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའམ་མི་རེག་ཅིང་བདེན་འཛིན་གྱི་མཚན་མར་ཡང་སྤྱོད་པ་མ་ཡིན་ནོ། །ཡང་དཔེར་ན་མདའ་འཕེན་གྱི་འཕོང་ལེགས་པར་བསླབས་པའི་སྐྱེས་བུས་ནི་གནམ་ དུ་མདའ་གྱེན་དུ་འཕངས་ཏེ། མདའ་གཞན་དག་ནི་མདའ་སྔོན་མདའ་ཕྱི་བཞིན་རྒྱུད་མར་བརྒྱུད་དེ་འཕངས་པས་ལོང་བཏགས་ནས། སྔ་མའི་མདའ་དེ་ས་ལ་ལྟུང་བའི་སྐབས་མི་རྙེད་པར་ནམ་མཁར་གནས་ཞིང་ས་ལ་མི་ལྟུང་ལ། མི་དེས་ འདོད་ན་ནི་མདའ་དེ་ས་ལ་ལྟུང་བར་འགྱུར་རོ། །འོན་ཀྱང་ལོང་བཏགས་ཏེ་ཞེས་པ་འདིའི་དོན་ལ་ཁ་ཅིག་མདའ་ཕྱི་མས་སྔ་མའི་ལྟོང་ལ་བཏགས་ཏེ་ཞེས་ཟེར་ཡང་ཁུངས་མ་མཐོང་ངོ་། །དེ་ལྟར་བྱང་སེམས་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཤེས་རབ་ དང་ཐབས་དང་སྟོབས་དང་རྫུ་འཕྲུལ་གྱིས་ནི་རྣམ་པར་སྤྱོད་པ་དེ་དག་ནི། དགེ་བའི་བྱ་བ་ཇི་སྲིད་མ་རྫོགས་པའི་བར་དེ་སྲིད་དུ་ཡང་དག་པའི་མཐའ་སྟོང་ཉིད་དམ་པ་མྱང་འདས་ནི་ཐོབ་ཅིང་མངོན་དུ་མི་བྱེད་དོ། །འདིས་དགེ་བའི་རྩ་བ་རྫོགས་ནས་དེ་མངོན་དུ་བྱེད་པར་ཤུགས་ཀྱིས་འཕངས་སོ། །”[༡༤]ཞེས་གསུངས་སོ། །“བྱང་ཆུབ་སེམས་དཔའ་མཁས་པ་དག་པའི་ས་ཐོབ་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་ཤིང་། ཡེ་ཤེས་དང་རྫུ་འཕྲུལ་གྱི་ཕ་རོལ་ཏུ་སོན་པ་གྱུར་པ་ལ་ནི་འབད་རྩོལ་དང་ངལ་བ་སོགས་མེད་པར། འགྲོ་བ་དག་ལ་སྤྲུལ་པའི་བྱ་བ་རྣམ་པ་མཐའ་ཡས་པ་སྟོན་ཏེ། དེ་ཡང་དུས་ཐུང་ངུ་ཙམ་མིན་པར་བསྐལ་པ་བྱེ་བའི་བར་གཞན་དོན་ལ་ཡིད་སྐྱོ་བ་དང་ངལ་ཞིང་དུབ་པ་འགྱུར་བ་མེད་དོ། །”[༡༥]ཞེས་གསུངས་སོ། །ཐབས་དང་ཤེས་རབ་ཟུང་འབྲེལ། “བྱང་སེམས་མཁས་པ་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། ཐབས་དང་ཤེས་རབ་གཉིས་ཀྱི་གདུགས་ནི་ཡོངས་སུ་བཟུང་སྟེ་ཆོས་རྣམས་ཀྱི་ངོ་བོ་སྟོང་པ་ཉིད་དང་། རྒྱུ་མཚན་མེད་པ་དང་འབྲས་བུ་སྨོན་པ་མེད་པར་རྟོག་ཅིང་དཔྱོད་ཀྱང་།”[༡༦] ཞེས་གསུངས་སོ། །
བྱང་ཆུབ་སེམས་དང་འབྲེལ་བ།
[རྩོམ་སྒྲིག]“རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས། ཐོག་མར་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་། སྙིང་རྗེའི་སྙིང་པོ་ཅན་བསྐྱེད་པར་བྱ་བ་ཡིན་”[༡༧]ཞེས་གསུངས་སོ། །“སྙིང་རྗེ་ཆེན་པོའི་ས་བོན་རབ་ཏུ་སད་པ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་བླང་བ་ལ་སོགས་པ་དང་། སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་ནས་སྐལ་བ་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་བྱའོ་ཞེས་སྨོན་ལམ་བཏབ་ནས་སྒྲུབ་པ་”[༡༨]ཞེས་གསུངས་སོ། །“ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་དོན་ཏེ། ཆོས་ཐམས་ཅད་ཀྱི་རྣམ་པར་བསྡུས་པ་ཡིན་པའི་ཕྱིར་རོ། །”[༡༩]ཞེས་གསུངས་སོ། །
རྩོད་སྤོང་།
[རྩོམ་སྒྲིག]སྒྲིབ་པ་སྤང་བ། “སྒྲིབ་པ་ནི་ཤེས་བྱ་ལ་མངོན་པར་ཞེན་པ་དང་། འདོད་ཆགས་ལ་སོགས་པའོ། ཡང་དག་པའི་དོན་རྟོགས་པ་དང་འགལ་བའི་ཕྱིར་སྒྲིབ་པའོ། དེ་དག་ཉིད་ལུས་དང་ངག་དང་ཡིད་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པའོ། དེ་ཡང་གཉེན་པོ་གོམས་པར་བྱས་པས་བསལ་བར་ནུས་པའི་ཕྱིར་དྲི་མའོ། །”[༢༠]ཞེས་གསུངས་སོ། །“དངོས་པོ་ལ་མངོན་པར་ཞེན་པ་དང་། འདོད་ཆགས་ལ་ཞེན་པ་མེད་པར་དེ་ཉིད་ལ་གཞོལ་བའི་སེམས་ཀྱིས་མཉན་པར་བྱ་སྟེ། གཞན་དུ་ན་དོན་རྟོགས་པར་མི་འགྱུར་བའི་ཕྱིར་རོ། །”[༢༡]ཞེས་གསུངས་སོ། །
གཏན་ཚིགས།
[རྩོམ་སྒྲིག]སྟོང་པ་ཉིད་ནི་ཐུགས་རྗེ་ཆེན་པོ་དང་ཐབས་མཁས་པ་སྤེལ་བའི་རྒྱུ་ཡིན་ལ། “ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་འཇིག་རྟེན་གྱི་རང་བཞིན་ཇི་ལྟར་སྟོན་པ་སངས་རྒྱས་པས་ན་རྒྱལ་བ་རྣམས་ཞེས་བྱའོ། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་བག་ལ་ཉལ་དང་སེམས་ཅན་ཉིད་ཀྱི་སྤྱོད་པ་ཡང་སྟོན་པར་བྱེད་དོ། །”[༢༢]ཞེས་གསུངས་སོ།།
བསྡུས་དོན།
[རྩོམ་སྒྲིག]སྟོང་པ་ཉིད་ཞེས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་མེད་ཅིང་བཏགས་ནས་ཡོད་པ་ཁོ་ནའི་གནས་ལུགས་ལ་གོ་དགོས། དེ་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀྱི་གཉེན་པོ་གཙོ་བོ་ཡིན་ལ། དེ་རྟོགས་པ་ལས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ནུས། དེ་ཡང་སྙིང་རྗེ་ཆེན་པོ་དང་ཟུང་དུ་འཇུག་པའི་ཐབས་ཤེས་གཉིས་སུ་མེད་ཀྱི་ལམ་གྱི་གཞི་རྟེན་གལ་ཆེན་པོ་ཞིག་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ དྲི་མེད་བཤེས་གཉེན། ཤེས་རབ་སྙིང་པོའི་རྒྱ་ཆེར་བཤད་པ། ཤིང་དཔར།
- ↑ ཨ་ལག་ཤ་ངག་དབང་བསྟན་དར། ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད། ཤིང་དཔར།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་ 65
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ 65-66
- ↑ དྲི་མེད་བཤེས་གཉེན། ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་པ། ཤིང་དཔར།
- ↑ ཨ་ལག་ཤ་ངག་དབང་བསྟན་དར། ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད། ཤིང་དཔར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་པར། ཤོག་ངོས་ 36b
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་པར། ཤོག་ངོས་ 36b
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་པར། ཤོག་ངོས་ 36b
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་པར། ཤོག་ངོས་37b
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་པར། ཤོག་ངོས་ 37b
- ↑ སློབ་དཔོན་སེང་གེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་པར། ཤོག་ངོས་ 8
- ↑ སློབ་དཔོན་སེང་གེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་པར། ཤོག་ངོས་ 9-10
- ↑ སློབ་དཔོན་སེང་གེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་པར། ཤོག་ངོས་9
- ↑ སློབ་དཔོན་སེང་གེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤོག་ངོས་ 8
- ↑ སློབ་དཔོན་སེང་གེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤོག་ངོས་ 8
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་ 65