Jump to content

སྟོང་གསུམ།

ཡོང་ཁུངས་Wikipedia
སྟོང་གསུམ་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

སྟོང་གསུམ་ཞེས་པ་ནི་སྟོང་དང་པོ་སྟོང་སྤྱི་ཕུད་ཀྱི་སྟོང་དང་། སྟོང་གཉིས་པ་སྟོང་བར་མའི་འཇིག་རྟེན་གྱི་ཁམས། སྟོང་གསུམ་པ་སྟེ་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་སྟོང་གསུམ་མོ། །གཞན་ཡང་འཇིག་རྟེན་གྱི་ཁམས་ཀྱི་གྲངས་ཚད་ཆེན་པོ་ཞིག་གམ་སངས་རྒྱས་གཅིག་གི་ཞིང་ཁམས་ལ་གོ་དགོས།

ནང་དོན།

[རྩོམ་སྒྲིག]

སྟོང་གསུམ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་ཀྱི་གྲངས་ཚད་ཆེན་པོ་ཞིག་གམ་སངས་རྒྱས་གཅིག་གི་ཞིང་ཁམས་ལ་གོ་དགོས། "གླིང་བཞི་རི་རབ་འདོད་ལྷ་ཚངས་པའི་འཇིག་རྟེན་དང་བཅས་པ་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་སྟོང་དུ་བསྒྲེས་པ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་སྟོང་ནི་གསུམ་པ་སྟོང་ཆེན་པོའི་འཇིག་རྟེན་སྟེ་དེ་ན་གླིང་བཞི་རི་རབ་ཉི་ཟླ་འདོད་ལྷ་སོགས་བྱེ་བ་ཕྲག་བརྒྱ་རེ་ཡོད་ལ་དེ་ལྟ་བུའི་སྟོང་གསུམ་པ་གཅིག་ནི་སངས་རྒྱས་གཅིག་གི་ཞིང་ཁམས་ཡིན་"[]ཞེས་གསལ་བ་ལྟར། སྟོང་གསུམ་ནི་འཇིག་རྟེན་གྱི་གྲངས་ཚད་གི་རིམ་པ་གསུམ་ཡིན།

དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། གླིང་བཞི་རི་རབ་ཉི་ཟླ་འདོད་ལྷ་ཚངས་པའི་འཇིག་རྟེན་བཅས་པ་སྟོང་ལ་གོ་དགོས། གཉིས་པ་བར་མའི་འཇིག་རྟེན། སྤྱི་ཕུད་སྟོང་དེ་སྟོང་དུ་བསྒྲེས་པ་ལ་གོ་དགོས། གསུམ་པ་སྟོང་ཆེན་པོའི་འཇིག་རྟེན། བར་མའི་འཇིག་རྟེན་སྟོང་དེ་ནས་གྲུབ་པའི་འཇིག་རྟེན་ཆེན་པོ་ལ་གོ་དགོས། དེ་ནི་སངས་རྒྱས་གཅིག་གི་ཞིང་ཁམས་དང་མཚུངས། མཆོད་པའི་ཡུལ། "སྟོང་གསུམ་ཀུན་ཏུ་དྲི་ཞིམ་པོའི་ངད་ལྡང་བའི་དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ་གསེར་དྲི་མ་སྦྱངས་པའི་གཙོ་མ་བྱི་དོར་ལེགས་པར་བྱས་པ་བཞིན་དུ་འོད་ཆགས་ཤིང་འབར་བའི་སྐུ་དེ་དག་བྱུག་པར་བགྱིའོ། །"[]ཞེས་གསལ་བ་ལྟར། སྟོང་གསུམ་ནི་མཆོད་པའི་ཡུལ་དང་རྒྱ་ཆེར་བྱེད་པའི་སྐབས་སུ་དྲངས་པ།

དེ་བཞིན་དུ་"སྟོང་གསུམ་ལ་སོགས་པའི་ཞིང་ཁམས་མཐའ་ཡས་པ་ཀུན་ན་དྲི་ངད་ལྡང་བ་སྟེ་རྟག་ཏུ་དྲིས་ཁྱབ་པར་བྱེད་པའི་དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ་གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་འདྲ་བ་འོད་ཆགས་འབར་བ་དེ་དག་བྱུག་པར་བགྱིའོ། །"[]ཞེས་སྟོང་གསུམ་འདི་མཐའ་ཡས་པར་ཡོད་པ་གསལ་འདེབས་བྱས།

བྱང་ཆུབ་སེམས་དང་འབྲེལ་བའི་མཆོད་པ། "འདིར་གཞན་ཡང་དམིགས་པ་དང་བཅས་པས་བླ་ན་མེད་པའི་མཆོད་པར་འགྱུར་བ་ནི་བྱང་ཆུབ་ཀྱི་སེམས་སྒོམ་པ་སྟེ། མཁས་པས་བྱང་ཆུབ་སེམས་བསྒོམས་ན། རྒྱལ་བ་སྲས་དང་བཅས་པ་ལ། །མཆོད་པ་འདི་ནི་དམ་པ་སྟེ། །ཞེས་སོ། །"[]ཞེས་སྟོང་གསུམ་གྱི་ཡུལ་དུ་བྱང་ཆུབ་སེམས་དང་སྦྲགས་ཏེ་མཆོད་པ་འབུལ་ཚུལ་གསལ་འདེབས་བྱས།

དྲི་ཞིམ་གྱིས་བྱུག་པ། "སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཀུན་དུ་དྲི་ཞིམ་པོའི་ངད་རབ་ཏུ་ལྡང་བའམ་འཕྲོ་བ་ཡི་ཙན་དན་དཀར་པོ་ལ་སོགས་པ་བསིལ་ཞིང་དྲི་མཆོག་བཟང་པོ་རྣམས་ཀྱི་ཆུས་རིན་པོ་ཆེའི་སྣོད་དུང་ཕོར་དང་ཉ་ཕྱིའི་ལ་སོགས་བཀང་བ་དེ་མཆོད་ལྷ་རྣམས་ཀྱིས་ཐུབ་པའི་དབང་པོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན་གྱི་སྐུ་གསེར་བཟང་པོ་ལན་གྲངས་བཅུ་དྲུག་གི་བར་དུ་ལེགས་པར་བཞུ་བཏུལ་གྱིས་སྦྱངས་ཏེ་བཙོ་མ་སྟེ་ཤིན་ཏུ་དག་པ་སྨན་སྣ་ཚོགས་ཀྱིས་མདངས་བཏོན་ཅིང་དར་གོས་ཀྱིས་བྱི་དོར་བྱས་པ་ལྟར་འོད་རང་ངོར་ཆགས་ཤིང་གཞན་ངོར་འཕྲོ་བས་འབར་བ་དེ་དག་ལ་རྡུལ་མི་འབྱུང་བའི་ཆེད་དུ་བྱུགས་པར་བགྱིའོ། །"[]ཞེས་སྟོང་གསུམ་གྱི་ཞིང་ཁམས་ཐམས་ཅད་ནས་དྲི་ཞིམ་པོའི་ངད་འཕྲོ་བ་དང་དེས་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་སྐུ་ལ་བྱུག་པར་བྱེད་ཚུལ་གསལ་འདེབས་བྱས།

དབྱེ་བ།

[རྩོམ་སྒྲིག]

གཞི་རིམ་གསུམ། "གླིང་བཞི་པ་སྟོང་དང་། དེ་བཞིན་དུ་སོ་སོར་ཟླ་བ་དང་ཉི་མ་དང་། རི་རབ་དང་། འདོད་པའི་ལྷ་དང་། ཚངས་པའི་འཇིག་རྟེན་རྣམས་ནི་སྟོང་སྤྱི་ཕུད་དུ་འདོད་ལ། དེ་ལྟ་བུ་དེ་སྟོང་དུ་བསྒྲེས་པ་ནི་སྟོང་གཉིས་པ་བར་མ་ཡིན་ཏེ། དེ་སྟོང་ནི་སྟོང་གསུམ་ཡིན་ན་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཞེས་བྱ་བའི་དོན་ཏོ། །"[]ཞེས་གསལ་བ་ལྟར་སྟོང་གསུམ་ལ་རིམ་པ་གསུམ་ཡོད་དེ། སྤྱི་ཕུད་དང་། བར་མ། སྟོང་ཆེན་པོ་བཅས་སོ། །

མཐའ་ཡས་པའི་ཞིང་ཁམས། "དེ་ལྟར་དེ་ཕྱོགས་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དང་། སྟོང་གསུམ་ཐམས་ཅད་དུ་ངད་ལྡང་བར་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །"[]ཞེས་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་ནང་དུ་སྟོང་གསུམ་མང་པོ་ཡོད་པ་གསལ།

བསྡུས་དོན།

[རྩོམ་སྒྲིག]

སྟོང་གསུམ་ཞེས་པ་ནི་འཇིག་རྟེན་གྱི་གྲངས་ཚད་ཆེན་པོ་ལ་གོ་ཞིང་། འདི་ལ་སྤྱི་ཕུད་དང་བར་མ། སྟོང་ཆེན་པོ་ཞེས་པའི་རིམ་པ་གསུམ་ཡོད། གླིང་བཞི་རི་རབ་ཚངས་པའི་འཇིག་རྟེན་བཅས་པ་སྟོང་ལ་སྤྱི་ཕུད་ཅེས་ཤིང་། དེ་སྟོང་ལ་བར་མའི་འཇིག་རྟེན། དེ་སྟོང་ནི་སྟོང་ཆེན་པོ་སྟེ་སངས་རྒྱས་གཅིག་གི་ཞིང་ཁམས་ཡིན། སྟོང་གསུམ་འདི་མཐའ་ཡས་པར་ཡོད་ལ། སྤྱོད་འཇུག་གི་མཆོད་པའི་ལེའུར་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་ལ་དྲི་ཞིམ་གྱིས་བྱུག་པའི་མཆོད་པའི་རྒྱ་ཆེར་སྟོན་པའི་སྐབས་སུ་དྲངས་པ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  6. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  7. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།