སྟེ་སྒྲའི་འཇུག་པ་བཤད་པ།

ཡོང་ཁུངས་Wikipedia

སྟེ་སྒྲའི་འཇུག་པ་བཤད་པ།


བེ་རི་འཇིགས་མེད།་

རྩ་བར། སྟེ་ནི་ལྷག་མ་ཡོད་པ་སྟེ། ། མཚམས་སྦྱོར་བ་དང་དམ་བཅའ་དང་། ། གཞན་འདྲེན་པ་དང་གསུམ་དུ་འདོད། ། བྱེད་དང་བྱ་བའམ་ཡང་ན་ནི། ། བྱ་བ་ཉིད་དུ་སྦྱོར་བ་གང་། ། ཚིག་གཉིས་རིམ་པ་དུས་གཅིག་ཏུ། ། སྦྱོར་བར་བྱེད་པ་མཚམས་སྦྱོར་ཡིན། ། གང་ཞིག་གི་ནི་སྔ་མ་ལ། ། གསལ་བར་བྱེད་པ་དམ་བཅའ་བ། ། ལྷག་མ་ཡོད་པར་སྟོན་གྱུར་ཅིང་། ། དེ་ལས་གཞན་གྱུར་གཞན་འདྲེན་པའོ། ། སྟེ་སྒྲའི་ཚིག་ཕྲད་ནི་བསྟན་བྱ་ལྷག་མ་ཡོད་པ་སྟོན་བྱེད་ཡིན་ལ། དེ་གང་ལ་འཇུག་ཡུལ་ནི། མཚམས་སྦྱོར་བ་དང་། དམ་བཅའ་བ་དང་། གཞན་འདྲེན་པ་སྟེ་གསུམ་དུ་འཇུག་པར་འདོད་དོ། ། མཚམས་སྦྱོར་བ་ལའང་ནང་གསེས་ཀྱིས་ཕྱེ་ན། བྱེད་པ་དང་བྱ་བ་མཚམས་སྦྱོར་བ། བྱ་བ་གཉིས་མཚམས་སྦྱོར་བ། དེ་དག་རིམ་ཅན་དུ་མཚམས་སྦྱོར་བ་དང་ཅིག་ཅར་དུ་མཚམས་སྦྱོར་བ་དང་བཞི། བསྒྲུབ་བྱ་གང་ཞིག་སྔ་མར་བཀོད་པ་དེའི་སྒྲུབ་བྱེད་གསལ་བར་བྱེད་པའི་རྒྱུ་མཚན་འདྲེན་པ་དང་། ངེས་ཚིག་འདྲེན་པ། དབྱེ་བ་འདྲེན་པ་གསུམ་ཡོད་ཅིང་། དེ་དག་ལས་གཞན་ལྷག་མ་ཡོད་པ་ཙམ་འདྲེན་པའི་ལྷག་བཅས་གཅིག་བཅས་ཡོད་དོ། ། དེ་དག་གི་གོ་དོན་དང་དཔེར་བརྗོད་རིམ་པ་བཞིན་འགོད་ན། དེ་ལ་ལྷག་བཅས་ནི། ཚིག་དོན་སྔ་མའི་བསྟན་བྱ་མ་རྫོགས་པར་ལྷག་མ་ཡོད་པར་བསྟན་པའི་ཚིག་ཕྲད་ལ་ཟེར། དེ་བསྟན་པའི་ཚིག་ཕྲད་ལ་སྨྲ་སྒོ་ནས་སྟེ་ཞེས་གསུངས་པ་དེའི་ཤུགས་སུ་དེ་ཏེ་འོག་ནས་འབྱུང་བའི་ལ་དང་ནས། གསུང་རབ་ཀྱི་བརྡ་ཆད་ཁྲོད་ནས་འབྱུང་བའི་ཅིང་ཞིང་ཤིང་གསུམ་རྣམས་ཀྱང་ལྷག་མ་བསྟན་པའི་ཕྲད་དུ་འཇུག་པའང་གཞན་ལས་ཤེས་པར་བྱ་དགོས། ལྷག་བཅས་ལ་དབྱེ་ན་མཚམས་སྦྱོར་ལྷག་བཅས་དང་། དམ་བཅའ། གཞན་འདྲེན་ལྷག་བཅས། རྒྱས་བཤད་འདྲེན་པའི་ལྷག་བཅས་དང་བཞི། དང་པོ་མཚམས་སྦྱོར་ལྷག་བཅས་ནི། བྱ་བ་སྔ་ཕྱི་གཉིས་མཚམས་སྦྱོར་བྱེད་ཀྱི་ལྷག་བཅས་ཏེ། དབྱེ་ན། རིམ་ཅན་དུ་མཚམས་སྦྱོར་བའི་ལྷག་བཅས་དང་། ཅིག་ཅར་དུ་མཚམས་སྦྱོར་བའི་ལྷག་བཅས་གཉིས། དང་པོ་ལ། བྱེད་པས་བྱ་བ་འདྲེན་པའི་ལྷག་བཅས་དང་། བྱ་བས་བྱ་བ་འདྲེན་པའི་ལྷག་བཅས་གཉིས། བྱ་བ་གཉིས་མཚམས་སྦྱོར་བའི་ལྷག་བཅས་ཏེ་གསུམ། དེ་དག་གི་དཔེར་བརྗོད་རིམ་པ་བཞིན། བྱེད་པས་བྱ་བ་འདྲེན་པའི་ལྷག་བཅས་ནི། ཤིང་གཅོད་དེ་བུད་ཤིང་བཟོས། དགྲ་གསོད་དེ་རྒྱུ་འཕྲོག་ལྟ་བུ། བྱེད་པ་པོའི་ངོས་ནས་ཕར་བྱ་བ་ཤིང་གཅོད་པ་དང་དགྲ་གསོད་པ་དེ་དག་དང་དེ་དག་གི་བྱ་བ་ཕྱི་མ་བུད་ཤིང་བཟོས་པ་དང་རྒྱུ་འཕྲོག་པ་རྣམས་རིམ་ཅན་དུ་འབྱུང་དགོས་པས། བྱེད་པས་བྱ་བ་འདྲེན་པའི་བྱ་བ་གཉིས་རིམ་ཅན་དུ་མཚམས་སྦྱོར་བའི་ལྷག་བཅས་ཡིན་ལ། དེས་བྱེད་པ་པོ་ལ་ཡོད་པའི་བྱ་བ་གཅོད་པ་དང་གསོད་པའང་དུས་གསུམ་དུ་ཕྱེ་རུང་བ་གསུང་རབ་ཀྱི་བརྡ་ཆད་ལས་འབྱུང་བ་ལྟར་འཐད་པར་སྒྲུབ་པའི་གསལ་བཤད་བྱེད་ནུས་པ་ཡིན། བྱ་བས་བྱ་བ་འདྲེན་པ་ནི། ཤིང་བཅད་དེ་བུད་ཤིང་བཟོས། རྡོ་བཅག་སྟེ་མཁར་བརྩིགས། མདའ་འཕངས་ཏེ་རི་དྭགས་བསད་ལྟ་བུ་སྔ་ཕྱི་བའི་བྱ་བ་གཉིས་རིམ་ཅན་དུ་མཚམས་སྦྱོར་བའི་ལྷག་བཅས་རྣམས་སོ། ། གནད་འདི་ལ་བརྟེན་ནས་གསོད་ལྟ་བུའི་བྱེད་པ་པོ་ལ་ཡོད་པའི་བྱ་བ་རང་གི་ངོ་བོར་གསོད་པ་པོའམ་བྱེད་པོ་ལ་ཡོད་པའི་བྱ་བ་ལའང་དུས་གསུམ་དང་། དེས་དྲངས་ནས་བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་གསད་ལྟ་བུ་ལའང་དུས་གསུམ་དུ་ཕྱེ་རུང་བ་དེ་གསུང་རབ་ཀྱི་བརྡ་ཆད་འཁྲུལ་མེད་ཡིན་པ་དེ་ཤེས་དགོས། འོན་ཀྱང་ཕལ་བའི་བརྡ་ཆད་དང་། གཞི་རིམ་སློབ་གྲྭའི་ནང་དུ་ཁ་ལ་དཔག་པའི་སོ་དང་། ལུས་ལ་འཚམས་པའི་གོས་ནང་བཞིན་སི་ཏུ་པཎ་ཆེན་གྱི་བཤད་པ་ལྟར་བྱེད་པ་པོ་ལ་ཡོད་པའི་བྱ་བ་ད་ལྟ་བ་དང་། བྱ་ཡུལ་ལ་ཡོད་པའི་བྱ་བ་མ་འོངས་པའི་ཁོངས་སུ་ངོས་འཛིན་ནས་བཤད་ན་སྟབས་བདེ་བས་དེ་བཞིན་བྱའོ། ། གཉིས་པ་དམ་བཅའ་ལྷག་བཅས་ནི། གང་ཞིག་དམ་བཅའ་བའི་དོན་དེ་ཉིད་ཀྱི་སྒྲུབ་བྱེད་ལྷག་མ་ཡོད་པར་བསྟན་པའི་ཚིག་ཕྲད་དེ། དེ་ལ་གསུམ་ལས་དང་པོ་རྒྱུ་མཚན་འདྲེན་པའི་ལྷག་བཅས་ནི། གང་ཞིག་དམ་བཅའ་བའི་དོན་དེ་ཉིད་ཀྱི་སྒྲུབ་བྱེད་ཀྱི་རྒྱུ་མཚན་ལྷག་མ་ཡོད་པ་བསྟན་པའི་ཚིག་ཕྲད་དེ། དཔེར་ན། ཡོད་དེ་གཞི་གྲུབ་པའི་ཕྱིར་ལྟ་བུ་རང་བཞིན་གྱི་གཏན་ཚིགས་འདྲེན་པ་དང་། མེད་དེ་ཚད་མས་མ་དམིགས་པའི་ཕྱིར་ལྟ་བུ་མ་དམིགས་པའི་གཏན་ཚིགས་འདྲེན་པའི་ལྷག་བཅས། མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་ལྟ་བུ་འབྲས་བུའི་གཏན་ཚིགས་འདྲེན་པའོ། ། དེས་རིགས་འགྲེ་ནས་ཤེས་པར་བྱའོ། ། ངེས་ཚིག་འདྲེན་པ་ནི། གང་ཞིག་དམ་བཅའ་བའི་དོན་དེ་ཉིད་སྒྲུབ་བྱེད་ཀྱི་ངེས་ཚིག་གམ་སྒྲ་བཤད་འདྲེན་པའི་ཚིག་ཕྲད་དེ། དཔེར་ན། པདྨ་ལ་ཆུ་སྐྱེས་ཞེས་བྱ་སྟེ་ཆུ་ལས་སྐྱེས་པས་སོ། ། བྱེ་བྲག་སྨྲ་བ་ཞེས་བྱ་སྟེ་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་སོ། ། དགྲ་བཅོམ་པ་སྟེ་ཉོན་མོངས་པའི་དགྲ་བཅོམ་པས་ནའོ། ། ལྟ་བུ། རྣམ་གྲངས་འདྲེན་པ་ནི། གང་ཞིག་དམ་བཅའ་བའི་དོན་དེ་སྒྲུབ་བྱེད་རྣམ་གྲངས་ལྷག་མ་འདྲེན་པའི་ཚིག་ཕྲད་དེ། དཔེར་ན། བདེན་པ་གཉིས་ཏེ། དོན་དམ་དང་ཀུན་རྫོབ་བོ། ། དཀོན་མཆོག་ནི་གསུམ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་ནོ། ། བདེན་པ་བཞི་སྟེ། སྡུག་ཀུན་གཉིས་དང་འགོག་ལམ་གཉིས་སོ། ། ཕུང་པོ་ནི་ལྔ་སྟེ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་ཤེས་སོ། ། ལྟ་བུ། གསུམ་པ་གཞན་འདྲེན་ལྷག་བཅས་ནི། མཚམས་སྦྱོར་བ་དང་དམ་བཅའ་བ་ལས་གཞན་པའི་བསྟན་བྱ་ལྷག་མ་གཞན་ཡོད་པ་ཙམ་འདྲེན་པའི་ལྷག་བཅས་ལ་ཟེར། དཔེར་ན། འདུས་བྱས་ནི་མི་རྟག་སྟེ་ནམ་མཁའ་རྟག་པའོ། ། གངས་རི་ནི་དཀར་པོ་སྟེ་རྫ་རི་ནི་ནག་པོའོ། ། འདི་ནི་ལྷ་སྟེ་དེ་ནི་མིའོ་ལྟ་བུ། བཞི་པ་རྒྱས་བཤད་འདྲེན་པའི་ལྷག་བཅས་ནི། མདོར་བསྟན་སྔོན་དུ་བཀོད་ནས་དེའི་བཤད་བྱ་ལྷག་མ་ཡོད་པར་བསྟན་པའི་ཚིག་ཕྲད་དེ། དཔེར་ན། སེམས་བསྐྱེད་པ་སྟེ། གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུང་འདོད་པའི་བདག་ཉིད་སྨོན་པ་དང་འཇུག་པའི་ངོ་བོ་རྣམ་པ་གཉིས་སོ་ལྟ་བུ། ད་དུང་བསམ་གཏན་སེམས་ལ་དབང་བསྒྱུར་རྒྱལ་པོ་སྟེ་ལྟ་བུ་ཁ་སྐོང་བ་དང་། གླིང་སྒྲུང་རྣམས་སུ་དེ་སྟེ་འདྲ་མ་འདི་འདྲ་ཡོད་ལྟ་བུ། ཡིན་ན་ཡང་འདྲ་མ་འདི་འདྲ་ཡོད་ཅེས་པ་དང་དོན་འདྲ་བ་མི་མཐུན་པའི་དོན་ལ་འཇུག་པ་སོགས་ཀྱང་སྐབས་འདི་དང་བསྟུན་ནས་ཤེས་པར་བྱ་དགོས།