སྟག་ལུང་ཐང་པ་བཀྲ་ཤིས་དཔལ་

ཡོང་ཁུངས་Wikipedia

ཕག་མོ་གྲུ་པའི་མཐར་འཕྱིན་གྱི་བུ་ཆེན་བཞི་སྟེ་རྟེན་འབྲེལ་དང་རྒྱུད་པ་མཐར་འཕྱིན་འབྲི་གུང་པ། མོས་གུས་དང་རྣམ་ཐར་མཐར་འཕྱིན་སྟག་ལུང་པ། རྟོགས་པའི་མཐར་འཕྱིན་གླིང་རལ་པ། ཤེས་རབ་མཐར་འཕྱིན་སྤར་ཕུ་བ་ཏེ་བཞི་ལས་སྟག་ལུང་བཀའ་རྒྱུད་ཀྱི་གྲུབ་མཐའ་སྲོལ་གཏོད་པ་མོས་གུས་མཐར་འཕྱིན་ཐང་པ་བཀྲ་ཤིས་དཔལ་ནི་མདོ་ཁམས་སྒང་གསུམ་ལས་སྟོད་ཀུ་གཡུང་སྒང་ཞེས་པའི་ཡུལ་བོང་ར་སྟེངས་ཁང་བྱ་བ། དབྲ་ཡི་རིགས་ལས་ཆད་པ་ག་ཟིའི་རྒྱུད་དུ་ཡབ་བན་བློན་འབར་པོ་དང་ཡུམ་དགེ་གསུམ་ཁྲོ་མོ་ཞེས་པའི་སྲས་སུ་སྤྱི་ལོ་༡༡༤༢ཆུ་ཁྱི་ལོའི་དབྱར་ཟླར་འཁྲུངས། ཡུམ་དགུང་ལོ་བཅོ་བརྒྱད་ཐོག་བོང་ར་སྟེངས་ཁང་དུ་བག་མར་འབྱོར་བཅུ་དགུའི་ལོར་ཐང་པ་འཁྲུངས་ཏེ་ཉེར་གཅིག་ལོར་ཡུམ་གྲོངས། ཡབ་ཀྱིས་སྲུ་མོ་ཞིག་བསུས་ཀྱང་དེས་བྱམ་པར་མ་བྱས། ཡང་སྲུ་མོ་གཞན་ཞིག་བསླངས་པས་དེས་བདག་སྐྱོང་ལེགས་པར་བྱས་ཏེ་དགུང་ལོ་བདུན་ནས་ཡི་གེ་འབྲི་ཀློག་སོགས་ལེགས་པར་བསླབས། དགུང་ལོ་བཅུ་གཅིག་ལ་རྡོ་རྗེ་ཕུར་བུའི་ཆོས་སྐོར་ནས་དབུས་བཟུང་གསོ་བ་རིག་པ་ལེགས་པར་སྦྱངས། ཡབ་དང་མ་ཡར་སྲུ་མོས་འཇིག་རྟེན་ལྷན་ཐབས་ཀྱི་བྱ་བར་འཇུག་པ་བསྐུལ་ཡང་དམ་པའི་ཆོས་སྒོར་འཇུག་པར་འདོད་དེ་དགེ་ཤེས་བྲག་དགོན་པ་ལས་སྐྱབས་འགྲོའི་གདམས་པ་ནས་ཟུང་བཀའ་གདམས་ཀྱི་ཆོས་སྐོར་མང་དུ་གསན། དགུང་ལོ་བཅོ་བརྒྱད་པ་སྤྱི་ལོ་༡༡༥༩ ས་ཡོས་ལོར་རབ་ཏུ་བྱུང་བར་འདོད་པས་ཇོ་བོའི་རྗེའི་སློབ་རྒྱུད་སྟག་ལུང་ཐང་གི་མཁན་པོ་ག་སྟོན་བླ་གང་པའི་ཞབས་ལ་བཏུགས་ནས་རབ་ཏུ་བྱུང་བའི་སྡོམ་པ་གནང་བ་ཞུ་ཞུས་པས་ཕ་མས་མ་གནང་བར་མི་རུང་གསུང་། མི་གནང་ན་བདག་སྨད་དུ་འགྲོ་ཞུས་པས་ཐེལ་ཁང་པའི་ཞུ་སྣ་བྱས་མཐར་མཁན་པོ་ག་སྟོན་ཉིད་དང་སློབ་དཔོན་ཚར་སྟོན་སྒོ་མང་པ་ལས་དགེ་སྙེན་དང་བར་མ་རབ་ཏུ་བྱུང་སྟེ་མཚན་བཀྲ་ཤིས་དཔལ་དུ་གསོལ་བ་དང་ལྷན་ཡབ་ཀྱིས་ར་མདའ་འབྱོར། འོན་ཀྱང་རབ་ཏུ་བྱུང་ཚར་བས་ཡབ་ཅི་བྱ་མེད་པར་སྐྱེངས་པས་ཀླུ་དགེ་འབར་པོའི་བུ་ཡིན་གྲལ་ཞབས་སུ་མ་བཞག་ཟེར་བས་མཁན་པོས་གྲལ་མགོར་བཞགས། སླར་སློབ་དཔོན་བྲག་དགོན་པའི་ཞབས་ལ་བཏུགས་ཏེ་ལམ་གྱི་སྒྲོན་མེར་བསན་བསམ་མཛད་པས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཇི་ལྟ་བ་ཐུགས་སུ་ཆུད། སྤྱོད་འཇུག་ལ་རྒྱ་བོད་ཀྱི་འགྲེལ་བས་བཀྲལ་ཏེ་ཞིབ་རྒྱས་བསན། བསླབ་བཏུས་དང་ལྷན་ཅིག་སྐྱེས་སྦྱོར་གྱི་གདམ་པ་སོགས་མང་དུ་ཐོབ། ཉིན་ཞིག་བླ་མས་ཀ་པ་ལ་ཞིག་གནང་སྟེ་ཕྱག་མགོ་ཐོག་ཏུ་བཞག་ནས་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་བདུད་ཕ་མ་དང་། ཉེ་དུ། མཁན་སློབ་ཀྱི་ཆ་བྱད་དུ་འོང་བའི་དབང་དུ་མ་ཤོར་བ་གྱིས་ཤིག བུ་དམ་ཚིག་མ་སྲུང་ན་མཁའ་འགྲོ་མི་མཉེས། མནྡལ་མ་ཕུལ་ན་བླ་མ་མི་མཉེས་པ་ཡིན་པས་གསོལ་བ་ཐོབ་གསུང་། ལ་སྟོད་ཀྱི་རྣལ་འབྱོར་སར་ཞི་བྱེད་སྒྲོན་མ་རྣམ་གསུམ་སོགས་འགའ་ཞིག་ཡང་གསན། ཉིན་ལྟར་སྐྱོ་བསང་ལ་བྱོན་པས་ཉིན་ཞིག་ཐང་སྐྱ་བ་སྟོན་བཙས་ཀྱི་ལས་བྲེལ་གཟིགས་པས་སྐྱོ་ཤས་དང་ངེས་འབྱུང་འཁྲུངས། དེ་ནས་བསྟན་པའི་ཆུ་འགོ་རྒྱ་གར་དུ་བྱོན་པར་དགོངས་ནས་ལྡན་མ་བླ་མ་སེར་འབལ་འམ་མང་ར་རས་པ་ཞེས་བྱ་བ་དང་ལྷན་རྒྱ་གར་དུ་བྱོན་པར་འདོད་ཀྱང་གཤོལ་སྟབ་བདེ་བར་མ་བྱུང་། ཡང་བླ་མ་ཨ་སྐྱབས་བྱ་བ་མངའ་རིས་བར་འགྲོ་བར་འགྲོགས་ཀྱང་རྔད་ཁང་དམར་དུ་གཉེན་འབྲེལ་གྱི་ར་མདའ་བྱུང་། སྐབས་རྗེས་སུ་བླ་མ་ཧ་ཤང་རྒྱ་གར་དུ་འགྲོ་བ་དང་འགྲོགས་འདོད་ཀྱང་ཁོང་སྔོན་དུ་སོང་ཚར་བས་ཉིད་རང་རྟ་གཅིག་ལ་སྒྲོ་བ་གཉིས་བཀལ་ནས་མཚན་ལ་བྱོན་སྟབས་ཁ་བ་བབ་པས་ཤིན་ཏུ་གྲང་བ་དང་སྐོམ་པ་བྱུང་གསུང་། སུམ་པའི་གྲུ་མུར་དུ་འབྱོར་བ་དང་ར་མདའ་སླེབ་ཏེ་ཕྱིར་ཕེབས། རྟེན་འབྲེལ་ལ་དགོངས་ནས་ཡུལ་དུ་མ་ལོག་པར་ཐང་སྐྱར་བྱོན་ཏེ་རེ་ཞིག་བཞུགས། དེ་ནས་བླ་མ་རྨོག་ཆོས་བློའི་རྩར་ཕེབས་ཏེ་གདམ་ངག་ཞུས་སྐྱབས་འགྲོ་སེམས་སྐྱེད་དང་རང་ལུས་ཡི་དམ་ལྷར་བསྒོམ་པ་དང་བཟླས་པ་བྱེད་པ། རྫོགས་རིམ་ཀྱི་དམིགས་སྐོར། ལུས་ཀྱི་འཕྲུལ་འཁོར། སེམས་ཀྱི་འཇོག་ཐབས་སོགས་ཀྱི་གདམ་པའི་སྐོར་ཐོར་ཙམ་གནང་བ་ལས་གདམ་ངག་གི་ངོ་བོ་ཐབས་ལམ་དངོས་མ་གནང་ཡང་བླ་མའི་དབུ་སྔས་ཐོད་ཀྱི་ཕག་གྲུའི་སྐུ་འབག་གཟིགས་པས་བླ་མ་འདི་ཡི་དྲུང་དུ་སོང་ནས་གདམ་ངག་ཕུལ་དུ་ཕྱིན་པ་ཞིག་ཞུ་དགོས་དགོངས་ཏེ་ཐུགས་ཀྱི་དམ་བཅའ་དང་རྗེ་རྒོལ་ཕུས་ཀྱང་དབུས་སུ་གཏོང་གསུང་པའི་རྐྱེན་དང་བཅས་ཉིན་ཞིག་མཁན་པོའི་རྟ་ཞིག་བཅིབས་ནས་དབུས་སུ་ཐོན་པས་རྨོག་གི་གྲྭ་པ་ཞིག་གིས་རྟ་ངོ་ཤེས་ཏེ་གཞན་ལ་བརྗོད་པས་ཉིད་ཀྱི་སྤུན་མཆེད་འགས་ཤེས་ཏེ་མི་མེད་ལུང་པར་མི་འཁྱམ་འདི་འདྲ་གཏོང་བ་མི་ནུས་ཟེར་ངུས་པས་རེ་ཞིག་སླར་ཐང་སྐྱར་བཞུགས་དགོས་བྱུང་། རྒྱ་གར་དང་དབུས་སུ་ཐེང་བདུན་ཕེབས་པར་མཛད་ཀྱང་བདུན་པར་མ་ཏོགས་དབུས་སུ་བྱོན་མ་ཐུབ། དེ་ནི་སྟག་ལུང་པའི་བསྟན་པ་ལ་ཁམས་པ་མི་བདུན་གྱིས་ཕྲིན་ལས་རྒྱས་པར་སྤེལ་བའི་རྟེན་འབྲེལ་ཡིན་ཞེས་གྲགས། དེ་ནས་དགུང་ལོ་ཉི་ཤུ་རྕ་བཞི་པ་སྤྱི་ལོ་༡༡༦༥ཤིང་མོ་བྱའི་ལོར་རྟ་གཅིག་ལ་འཚོ་བའི་ཡོ་བྱད་བཀལ་ནས་ཚོང་འདྲེན་པ་དང་འགྲོགས་ནས་དབུས་སུ་བྱོན། ལམ་བར་ནས་ཤལ་པ་ཀྲལ་དཔལ་བྱ་བས་ཞབས་ཏོག་ལེགས་པ་བྱས། རིམ་པར་བྱོན་པས་ཀླུ་མཁར་ལྟོ་ཀློང་དུ་ཞག་ཤས་བཞུགས་དགེ་ཤེས་འགའ་ཞིག་ལ་ཕྱག་རྡོར་གྱི་སྒྲུབ་སྦྱོར་དང་ཟླས་པ་བྱེད་ཚུལ་སོགས་ཀྱི་དབང་ལུང་གི་ཆོས་སྦྱིན་ཐོག་མ་གནས་དེར་བསྩལ། སླར་བྱང་ལམ་རྒྱུད་དེ་བྱོན་པས་སྟོན་ཅོམ་ཐང་དང་ཕོད་མདོ་བ་བཙས་མའི་དུས་སུ་འབྱོར། ཉན་པའི་སྨན་པ་ཞིག་གིས་ངེད་ཀྱི་ཡུལ་པ་ཁག་ཅིག་ཚ་ཁྱེར་ནས་ཕག་མོ་གྲུ་པའི་སྒོ་ཁར་འགྲིམ་པ་ཡིན་ཟེར་བས་ཚོང་འདྲེན་པ་དང་ལྷན་ཀླུངས་ཤོད་ལས་ཉན་དུ་བྱོན་ཏེ་འོན་བར་ཕེབས། དེ་ནས་ཟླ་བོ་མེད་པར་ལྗང་འཕྲང་རྒྱུད་དེ་ཚ་རོང་དུ་འབྱོར་བས་བོན་པོ་གཟའ་མི་གཉིས་དང་ལྷན་དུ་བཞུད། རྩིག་ལམ་ཟད་པ་ན་བླ་མའི་གཞུགས་གནས་མཐོང་བས་དེ་རིང་ཁོ་བོ་བསམ་པ་ཡིད་བཞིན་དུ་གྲུབ་པ་ཡིན་སྙམ་ཏེ་དེ་མར་ཕྱག་བཙལ་གསོལ་བ་བཏབ་སྟེ་བྱོན་པས་བླ་མའི་ལྗག་སྤྱིལ་གྱི་སྒོ་རྩར་བྱོན། ནང་དུ་འབྱོན་རྩིས་བྱས་པས་ཉེ་གནས་འབྲོག་ཆུང་པས་སྒོ་བཀག་ཏེ་ནང་དུ་མ་བཏང་། བླ་མས་དེ་རིང་གི་མི་དེར་ཁོ་བོ་ཡི་མར་ཟ་འཕྲོ་དེས་གཡོས་སྦྱོར་ལེགས་པོ་ཞིག་དང་ཇ་བཟང་པོ་ཤིག་གིས་སྣ་དྲངས་ཏེ་ངའི་རྩར་གཏོང་ཤོག་གསུང་། ཉེ་གནས་ཀྱིས་དེ་བཞིན་བགྱིས་ཏེ་མར་གྱི་གཡོས་བཟང་པོ་ཞིག་དང་ཇ་བཟང་པོ་དྲངས་པས་གདམས་པ་རྣམས་ལུས་པ་མེད་པ་ཐོབ་པའི་རྟེན་འབྲེལ་ལ་དགོངས་ཏེ་ལྷག་མེད་པ་གསོལ་ཚར་བ་དང་བླ་མས་དྲུང་དུ་ཤོག་ཅིག་ཅེས་འབོད་དུ་བྱུང་བས་གྲོ་རྟིང་གི་དུས་གསེར་དུམ་ཅིག་གིས་ཕྱག་རྟེན་བྱས་ཏེ་ཆོས་རྗེའི་སྤྱན་སྔར་སྔར་འདྲེས་ཀྱི་གྲོགས་བཞིན་དུ་མཇལ། ཆོས་རྗེའི་ཞལ་ནས། བྱོན་ལམ་ཐང་མ་ཆད་དམ་གསུང་། ཡུལ་ནས་ཉེ་འབྲེལ་རྣམས་ཀྱིས་མ་བཏང་། ལམ་དུ་ཆུས་དེས་ཁྱེར་ཞུས་པས། ཁོ་བོ་རྡོ་རྗེ་གདན་དུ་ཡོད་ཀྱང་ཁྱོད་འོང་དགོས་པ་ཡིན་ཁྱོད་ཀྱི་ཉམས་རྟོགས་འཕེལ་བའི་བླ་མ་ང་ཡིན་པར་འདུག་གསུང་། དེ་ནས་ཞག་གསུམ་སོང་བ་དང་། ཉེ་གནས་སྦས་སྒོམ་དང་འབྲོག་ཆུང་པ་རྣམས་ལྷན་དུ་རེ་ཞིག་ཇ་འདྲེན་བྱས། དེ་ནས་ནང་དུ་བསྡད་ནས་གསོལ་ཇ་གཟིམ་གཡོག་གཡོ་ཟོལ་མེད་པར་ཞུས་པས་ཆོས་རྗེ་ཤིན་ཏུ་དགྱེས་ཏེ་མཐར་དགོངས་པ་མ་གཤེགས་བར་ཉེ་གནས་མཛད་དེ་སྐུ་ལུས་ཀྱི་གྲིབ་པ་བཞིན་དུ་འགྲོགས། ཉིན་ཅིག་གསེར་ཞོ་གང་གི་མནྡལ་བྱས་ནས་ཆོས་བླ་མའི་རྣལ་འབྱོར་གཅིག་པུས་ཆོག་གདམས་ངག་གཞན་ཞུ་མི་འཚལ་ཉམས་ལེན་ཡང་མོས་གུས་ཁོ་ན་ལ་བྱེད་པ་ཡིན་ཞུས་པས་ཅུང་ཟད་བཞད་ནས། དེ་ཡིན་ཁྱོད་ཀྱི་སྐྱེ་བ་འདི་ཁོ་ན་མ་ཡིན་པ་སྐྱེ་བ་མང་པོའི་བླ་མ་ཡིན། ད་དུང་ཡང་མནྡལ་ཕུལ་ཞིང་གསོལ་བ་ཐོབ་དང་ཡོན་ཏན་མང་པོ་འཆར་དད་པས་ཁམས་སོས་ནུས་པ་ཡིན་གསུང་། དེ་ལྟར་སྒོམ་བཞིན་ལོ་གཉིས་ཙམ་ནས་ཉམས་རྟོགས་ཀྱི་ཡོན་ཏན་ཡང་ལེགས་པར་འཕེལ་གདམ་ངག་ཡང་ཕལ་མོ་ཆེ་ཐོབ་བླ་མས་གང་གསུང་པའི་ཆོས་དག་བརྗེད་དོག་ནས་རྩིག་ལོག་ཏུ་བྲིས། དེ་སྐབས་གྲྭ་པ་ཡང་མང་བར་འཕེལ་བས་ཉིན་ཞིག་གྲྭ་པ་རྣམས་ཀྱང་བརྩིས་ཏེ་རྩིག་ལོག་ཏུ་བྲིས་ནས་ཆོས་རྗེ་ལ་དགེ་འདུན་ཡང་མང་བར་འཕེལ་དེང་སྐབས་དགེ་འདུན་ཕྱེད་དང་བརྒྱད་བརྒྱ་ལྷག་པ་འདུག་ཞུས་པས་ངའི་གྲྭ་པ་ད་དུང་མ་ཚང་དགེ་སྙེན་ས་བཅུ་པ་ཞིག་འོང་བ་ཡོད། དེ་བྱུང་ན་གྲྭ་པ་ཚང་བ་ཡིན་གསུང་ཏེ་མི་རིང་བ་ཞིག་ལ་ཆོས་རྗེ་སྐུ་མཚམས་བཅད་རྒྱ་དམ་པའི་སྐབས་ཤིག་ལ་དེ་རིང་དགོན་པའི་གྲྭ་པ་མ་ཡིན་པ་ཐག་རིང་གི་མི་སུ་བྱུང་ཡང་ནང་དུ་ཐོང་ཤོག་གསུང་པས། ཉིན་ཕྱེད་ཙམ་ནས་གྲོ་ཐུལ་གྱོན་ཅིང་རྟ་རྒོད་མ་སྔོན་པོ་ལ་ཐུད་རྐྱལ་གཅིག་དང་ཇ་ལྡུམ་བཀལ་བའི་མི་ཞིག་བྱུང་སྟེ་བླ་ཡེལ་དུ་ཅ་ཀ་དག་འཕོག་སྟེ་ཐུད་རྐྱལ་ལ་རྟ་དེ་བཏག་དེ་ལ་རྔས་བྱས་ནས་ཉལ་སྡད་པས། བླ་མར་མི་དེ་འདྲ་ཞིག་འབྱོར་ཏེ་བླ་ཡེལ་ཐང་དུ་ཉལ་འདུག་ཞུས་པས། དེ་ཙར་སོང་ལ་མི་དེའི་མགོ་ཐོག་དེ་བགོམས་པ་ཅིག་རྒྱོབ་ཤོག་གསུང་། དེ་རྩར་ཕྱིན་ཏེ་བགོམས་གྲབ་བྱས་པས་དེ་གཉིད་ལས་བསད་དེ་གཙོག་པུར་སྡད་པས་ཐག་རིང་ནས་བླ་མ་བསམ་ནས་ཡོང་བའི་བགོམས་མི་ཉན་བསམ་ཏེ་ཕྱི་ཤོལ་བྱས་ཏེ་ལོག བླ་མས་ཁྱོད་ཀྱིས་བགོམས་སམ་གསུང་། མི་དེ་མི་དགའ་བ་ཡོང་སྙམ་སྟེ་མི་བགོམས་ཞུས་པས། དེ་ད་ཟོད་ཁྱོད་ཀྱི་གོང་དུ་འགྲོ་བར་གནང་། ད་ནང་དུ་ཤོག་གྱིས་གསུང་ནས་ནང་དུ་བོད་པས་ང་ཡི་བུ་དགེ་བསྙེན་རིན་ཆེན་དཔལ་བྱོན་པ་ལེགས་གསུང་ཏེ་ཤིན་ཏུ་མཉེས་མཉེས་མཛད། ཐུད་རྐྱལ་དང་། ཇ་ལྡུམ། འོག་རྟ་བཅས་བླ་མར་ཕུལ་བས་རྟ་དེ་ང་ལ་མི་དགོས་ངས་རྐང་བཞི་མི་ལེན་པའི་དམ་བཅའ་བྱས་པ་ཡིན་གསུང་། ངས་ཀྱང་བླ་མར་ཕུལ་ཚར་ཟེར་ཏེ་རྟ་རི་ཡན་དུ་བཏང་། བླ་མས་ཉེ་གནས་ལ་ཇ་འབྱོར་ཐེབ་གསུམ་ཙམ་སྐོལ་ལ་ཐུད་རྐྱལ་དེ་ཁག་དུམ་བཏུབ་ནས་ངའི་མདུན་དུ་ཞོག་གསུང་། ཉེ་གནས་ཐང་པས་དེ་བཞིན་བྱས་སྟེ་ཇ་སྐོལ་རིང་དུ་བླ་མ་ནི་སྤྱན་བཙུམ་བཞིན་ཐུད་གསོལ་བས་དུམ་བརྒྱད་ཙམ་མ་ཏོགས་གསོལ་ཚར་འདུག་པས་དེ་ཙམ་གསོལ་ན་བླ་མ་སྙུང་ཡོང་སྙམ་སྟེ་བསྡུས་པས་བླ་མས་ལྷག་མ་གང་དུ་ཡོད་གསུང། བླ་མ་སྙུང་གི་དོག་ནས་བསྡུས་པ་ཡིན་ཞུས་པས་ཁོ་བོ་བདེ་མཆོག་འཁོར་ལོའི་ལུས་ཀྱི་དཀྱིལ་འཁོར་ལ་ཚོགས་མཆོད་ཕུལ་བ་ཡིན་སྒོ་མཚམས་མ་བརྒྱད་ཕེབས་པར་ཡོད། ད་གཟོད་ཁྱོད་ཀྱི་མི་རྒྱུད་དང་ཁ་དན་ཞིང་འཆི་དུས་མིད་འཆུས་ཀྱི་ནད་རེ་ཡོང་དོག་ཡོད་གསུང་། ཉིན་ཞིག་ཉེ་གནས་ཀྱི་རྟེན་འབྲེལ་ལ་བརྟགས་དགོས་དགོངས་ཏེ་ག་ཟི་བཙུན་ཆུང་ཁྱོད་ཀྱིས་ང་ཡི་ཞབས་ཏོགས་ལེགས་པར་སྒྲུབ། ཁྱོད་ཀྱིས་ངར་ལྟག་ཁུང་ཐེང་གཅིག་ཡང་བཏོན་མ་མྱོང་། ཁྱོད་ཉེ་གནས་བྱས་པ་ནས་ང་ཡང་སྐྱིད་པ་བྱུང་། དགེ་སྦྱོར་ཡང་འཕེལ། ད་གཟོད་ཁྱོད་རང་ལ་རྟེན་འབྲེལ་གྱི་གནད་ཆེན་པོ་ཞིག་ཡོད་གསུང་སྟེ་ཕྱག་མཁར་སྙིང་ལ་བཏད་དེ་ཆོས་འདི་རྣམས་སྒམ་པོ་བས་ཀྱང་སློབ་མ་རྣམས་ལས་ཁོ་བོར་མ་གཏོགས་མ་གནང་། སློབ་མར་ཉེ་རིང་མེད་ཀྱང་སྣོད་དང་ལྡན་པ་དགོས་པས་བདག་གི་ཟབ་ཆོས་རྣམས་ཟགས་སུ་མ་འཇུག ཉམས་སུ་མ་འཇུག རྒྱུན་ཆད་དུ་མ་འཇུག ཅི་དྲན་མ་སྨྲ། ཅི་རུང་མ་བྱེད། བར་ཆོད་དུ་འགྲོ་བ་ཡིན། སྙན་རྒྱུད་ཡི་གེར་མ་བྲི། བརྡ་རྒྱུད་ཚིག་ཏུ་མ་སྟོན། ཉམས་མྱོང་ཁྲོམ་གླུ་མ་ལེན། གཞན་སྣོད་དང་ལྡན་པ་རྣམས་ལ་གདམས་ངག་གང་མོས་སུ་སྟོན། རས་ཕྲུག་འདི་དང་དུང་དཀར་འདི་འཁྱེར་ལ་འཕན་ཡུལ་གྱི་ལུང་པའི་སྣ་རེ་ལ་རས་ལྕོག་རེ་ཚུགས་དུང་རེ་འབུད། ལུང་པའི་མདོ་རེར་ཐོ་རེ་བརྩེགས་ལ་ཤོགས། འཕན་ཡུལ་ལུང་པ་ང་ཡི་ཡིན་ཟེར་སྐད་ཐོང་། རྒྱལ་ལྷ་ཁང་པའི་མཁན་པོ་ལ་ཆོས་འབྲེལ་ཞུས་ལ་དད་རྟེན་དུ་དབུ་ཞྭ་ཞུས་ལ་ཤོག དེ་ནས་བྱང་སྟག་ལུང་སར་ཐོ་རེ་རྕེགས། ཁམ་གྱི་ཡུལ་འགོར་སོང་ལ་ཆུ་རྒྱུད་འདི་ཡི་མི་ང་ཡི་གདུལ་བྱ་ཡིན་གྱི་ལོག་ཤོག་ཟེར་སྐད་ཐོང་གསུང་ནས་ཉེ་གནས་བྱང་རྒྱུད་དུ་བཏང་། དེ་ནས་ཐང་པ་ཉིད་འཕན་ཡུལ་དུ་སོང་སྟེ་དར་པྲས་གཉིས་ན་རས་ལྩོག་རེ་བཙུག་སྟེ་དུང་འབུད་ཀྱང་སྐད་མ་ཐོན། བླ་མས་གནང་བའི་དུང་རྩ་ཆེན་དུ་དགོངས་ནས་ཆག་དོག་སྟེ་རྩམ་ཁུག་ཏུ་བཅུག་པས་བུ་ག་རྩམ་ཕྱེས་ཁེང་། ཐོ་རེ་བརྩེགས་ཚར་བ་དང་གློ་བུར་དུ་བློ་ལོག་སྟེ་བླ་མའི་རས་ཆུད་ཟོས་སུ་འགྲོ་བ་འདུག དེ་ལས་བླ་མ་རང་ལ་ཕར་ཕུལ་ན་སྙམ་སྟེ་དར་བཙུག་འཕྲོ་བཞག བྱང་དུ་ཐོན་ནས་པྲགས་ལུང་གི་མདར་ཐོ་གཅིག་བརྩེགས། དེ་ནས་ནག་ཤོད་རྒྱུད་དུ་སོང་ནས་ནག་ཆུ་ཁར་ལྷམ་བཙང་རྗེས་ནས་རྙིང་པ་དེ་ཆུར་བསྐུར་ད་ནི་དཀའ་བ་ལས་མི་འདུག་དགོངས་ཏེ་བླ་མའི་དྲུང་དུ་ལོག བླ་མའི་དྲུང་དུ་འབྱོར་མ་ཐག་ཕར་མ་ཞུས་གོང་དུ་ཚུར་ལ་ཁྱོད་ཀྱིས་ང་ཡིས་བགོས་པ་ལྟར་མ་བྱས། འཕན་ཡུལ་ལུང་པ་རེར་ཐོ་རེ་བརྩེགས་དར་རེ་བཙུག་ན་འཕན་ཡུལ་ལུང་པ་རྣམས་ཁྱོད་ཀྱི་ཡོན་བདག་ཏུ་འགྱུར་བ་ཡིན། རྒྱལ་ལྷ་ཁང་པའི་མཁན་པོ་ལས་ཆོས་འབྲེལ་ཞུས་ཏེ་དད་རྟེན་དུ་དབུ་ཞྭ་ཞུས་ན་འཕན་ཡུལ་ལུང་པ་དགེ་འདུན་གྱི་གང་བ་ཡོང་། ཁམ་པ་ལུང་པའི་འགོ་ནས་ཆུ་རྒྱུན་འདི་ཡི་མི་ཚོ་ང་ཡི་གདུལ་བྱ་ཡིན་བྱས་ན་ཁམ་པ་ཕལ་ཆེ་ཁྱོད་ཀྱི་གྲྭ་རྒྱུན་དུ་འོང་བ་ཡིན། འོན་ཀྱང་བྱང་གི་ཐོ་བརྕེགས་ས་དེར་ཁྱོད་ཀྱི་དགོན་པ་རྩང་སེང་ངེ་བ་ཞིག་འོང་། ནག་ཤོད་ཀྱི་ཆུ་ལ་ལྷམ་བཙང་བསྐུར་བ་དེའི་རྟེན་འབྲེལ་དུ་ཆུ་ཞུག་ལ་ཁམས་ཀྱི་ས་ཆ་ཞིག་ན་ཁྱོད་ཀྱི་མི་རྒྱུད་ཀྱིས་དགོན་པ་རི་བོ་ཆེ་ཞེས་བྱ་བ་ཞིག་ཐེབ་པར་འདུག་གསུང་། དེ་དང་འདྲ་བའི་རྟེན་འབྲེལ་སྣ་ཚོགས་ཤིག་བརྟག་པ་ལས་ཕལ་མོ་ཆེ་ཕྱུག་པར་གྱུར། ནང་ཞིག་ཕྱག་ཕུལ་ཏེ་མཇལ་བས་བླ་མས་རྟེན་འབྲེལ་གྱི་སྒོ་ནས་སླར་ལུང་བསྟན་དུ་བསྩལ་བ་ནི་རྒྱལ་བ་ཁྱུང་ཚང་པ་ལས་དགེ་སློང་གི་སྡོམ་པ་ལོང་ལ་ཚེ་དང་སྒྲུབ་པ་མཉམ་པ་གྱིས། ཁྱོད་མོས་གུས་ཆེ་བར་འདུག་པས་མ་འོང་པར་སྒྲུབ་རྒྱུད་ཁོ་ནས་བསྟན་པ་སྐྱོངས་ཤིག་ཕྲིན་ལས་རྒྱས་པ་དང་ཡུན་རིང་བ་འོང་།

ཁམས་སུ་སོངཁྱོད་ན་གདུལ་བྱ་ཕྲིན་ལས་དཔག་ཏུ་མེད་པ་འབྱུང་བས་རབ་ཁམས་སུ་སོང་ཞིག་སྔོན་ལས་ཀྱི་འབྲེལ་བའི་གནས་ཞིག་ཀྱང་ཡོད། ལར་བྱང་གི་ཕྱོགས་སུ་ཡང་ཁྱོད་ཀྱི་ཕྲིན་ལས་རྒྱས་པའི་ས་ཞིག་ཀྱང་ཡོད་ངའི་ལུས་ཀྱི་བཀོད་པ་བཅུ་གཉིས་ལས་བདུན་པས་ས་དེར་བྱིན་གྱིས་རླབས་པར་ཡོད་གསུང་ལུང་བསྟན་དང་བྱིན་རླབས་བསྩལ། བླ་མའི་སྐུ་ཡི་བཀོད་པ་བཅུ་གཉིས་ལསརབ་ཉེ་གནས་ཐང་པའི་མཐོང་ཐོས་སུ་བྱུང་བ་ལས་ཐོར་ཙམ་ཞིག་སྤྲོས་པ་ནི། ཉེ་གནས་ཀྱིས་གསོལ་བཞེས་འདྲེན་པར་སོང་བས་སྐབས་ཤིག་གཟིམ་ཁང་ཐམས་ཅད་ཆུས་གང་བ་འདུག དེ་དུས་རིན་པོ་ཆེ་གར་བྱོན་པ་ཡིན་ཞུས་པས། དེ་དག་ཁོ་བོ་ཡིན་ཟད་པ་ཆུ་ཡི་ཏིང་འཛིན་ལ་མཉམ་པར་བཞག་པ་ཡིན་གསུང་། ཡང་ཉིན་ཞིག་ཉེ་གནས་གསོལ་བཞེས་འཁྱེར་ནས་སོང་བ་ན། གཟིམ་ཁང་མེ་འབར་བ་འདུག་དེ་ཅི་ཡིན་ཞུས་པས། ཁོ་བོ་ཟད་པ་མེ་ཡི་ཏིང་འཛིན་ལ་མཉམ་པར་བཞག་པ་ཡིན་གསུང་། ཡང་གུང་ཚིག་ལ་རིན་པོ་ཆེའི་དྲུང་དུ་འོང་བས་རིན་པོ་ཆེ་བཞུགས་པར་མི་སྣང་དེ་སྐབས་གང་དུ་བྱོན་ཞུས་པས། ཁོ་བོ་ཟད་པ་ནམ་མཁའི་ཏིང་འཛིན་ལ་མཉམ་པར་བཞག་པ་ཡིན་གསུང་། ད་ག་བྱེད་སྣང་མི་སྣང་གཞན་ལ་མ་བརྗོད་གསུང་། ཡང་ཉིན་ཞིག་ཉེ་གནས་གཟིམ་ཁང་དུ་སོང་བས་བུད་མེད་ཞིག་འོང་བར་མཐོང་བས་གཟིམ་སྦུག་དུ་སོང་བས་བླ་མ་བདེ་མཆོག་ཡབ་ཡུབ་གཉིས་སུ་བཞུག་པས་བདེ་མཆོག་ཡབ་ཡུམ་མཇལ་བ་ཤིན་ཏུ་དགའ་སྟེ་ཕྱག་བཙལ་བས་ཡུམ་ཕག་མོ་དམར་མོ་བྱ་ཞིག་ཏུ་གྱུར་ནས་ནམ་མཁར་འཕུར། བླ་མ་ནི་གཟིམ་མལ་དུ་བཞུག་འདུག་པས། རིན་པོ་ཆེ་བདེ་མཆོག་ལག་བསམ་ཞུས་པས། བླ་མ་སངས་རྒྱས་བླ་མ་ཆོས། དེ་བཞིན་བླ་མ་དགེ་འདུན་ཏེ། བླ་མ་དཔལ་ལྡན་རྡོ་རྗེ་འཆང་། བདེ་མཆོག་འཁོར་ལོ་བླ་མ་ཡིན་གསུང་། ལར་ཁྱོད་ཀྱིས་དེ་འདྲ་བ་མཐོང་པ་གཞན་སུ་ལ་ཡང་མ་བརྗོད། ཁྱོད་ཀྱིས་དེ་དག་མ་མཐོང་ན་དགའ་བ་ཡིན་གསུང་པས་ཅུང་མ་དད་པར་གྱུར་པས་ནང་ཞིག་བླ་མས་ཉེ་གནས་ཀྱི་དད་པའི་སྤྲིན་ཕུང་ཡལ་གྱི་དགོངས་ནས་ཉི་མ་ཤར་མཚམས་སུ་ཉི་ཟེར་ལ་ཆོས་གོས་བཀལ་ནས་ཁོ་བོའི་ཆོས་གོས་འདིས་ཁྱག་ཞིང་སྣང་གསུང་པས། རིན་པོ་ཆེ་དེ་ངོ་མཚར་ཆེ་ཞུས། ཁོ་བོས་སྒྲུབ་རྟགས་འདི་འདྲ་ཡོང་བ་སྣང་གསུང་ཏེ་སླར་རྡོར་དྲིལ་ནམ་མཁར་བཞག་པས། ཕྱག་འཚལ་ཏེ་དད་པ་ཐུན་མོང་མ་ཡིན་པ་འཁྲུངས་བླ་སློབ་གཉིས་ཐུགས་ཡིད་གཅིག་ཏུ་འདྲེས་ཏེ་རེ་ཞིག་མཉམ་པར་གནས། བླ་མ་རྟེན་ཅིང་མོས་གུས་བྱེད་པ་དེ་གདམས་ངག་ཡིན། རྟོགས་པ་ནང་ནས་ཤར་བ་དེ་མན་ངག་ཡིན། དུས་རེ་ཞིག་ནས་ཁོ་བོ་ཆོས་ཀྱི་བདག་པོ་ཁྱོད་ཀྱིས་བྱེད་པའི་རྟེན་འབྲེལ་ཡོད་གསུངས་དབུག་དབྱུང་། འོ་སྐོལ་གྱི་བླ་མ་ན་རོ་པའི་ཞལ་ནས། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཞིང་བདག་མེད་པ་སྒོམ། དེའི་ངང་དུ་ཚད་མེད་བཞི་བསྒོམས་ནས་ཐབས་སྣ་ཚོགས་ཉམས་སུ་ལེན་པ་ཞིག་བྱུང་ན་མྱང་འདས་ཐོབ་པའི་ལམ་ཡིན། དེས་ན་སྣང་བ་འདི་རང་གྲོལ་ཆོས་ཉིད་དུ་ཤར་བ་དང་ལས་རྒྱུ་འབྲས་ཁྱད་དུ་མི་གསོད་པ་བྱུང་ན་གདམས་པ་མཐར་ཐུག་པ་ཡིན་གསུང་། དེ་ཕྱིན་ཆད་ཆོས་ཚིག་བཞི་པ་གཅིག་ཚུན་ཡང་བློ་ལ་བཟུང་། མ་ཟིན་དོགས་ནས་བརྗེད་ཐོ་རྩིག་ལོགས་ལ་བྲིས་པས་ཉིན་ཞིག་དེ་གཟིགས་པ་བརྟེན་དེ་ཕྱིན་ཆད་བླ་མའི་གདམ་ངག་གང་གནང་བརྗེད་དོག་མེད་པ་བྱུང་། རྩེ་གཅིག་གཡེང་བ་མེད་པ་བསྒྲུབས་པ་དང་བླ་མའི་ཞབས་ཞུ་བསྒྲུབས་པས་བླ་མ་ཕག་མོ་གྲུ་པ་ལ་ཉེ་གནས་སྟག་ལུང་ཐང་པ་ཞེས་རྒྱལ་ཁམས་སུ་གཏམ་གྲགས། དེ་ནས་ཡང་ཉིན་ཞིག་མི་ཉག་ཇ་འཚོང་བ་འབྱོར་བས་ཇ་སིག་གཅིག་ལ་སྲང་གསུམ་གྱིས་མི་འཁུག་པའི་རིན་པོ་ཆེར་ཇ་མི་ཁུག་པ་འདུག་ཞུས་པས་གསེར་ཤོག་གྱིས་འབོད་བཞིན་ཕྱག་མས་ཞལ་བ་འཕྱོགས་དང་གསེར་ཡོང་གསུང་། ཞལ་བ་འཕྱགས་པས་གསེར་མང་དུ་བྱུང་བས་ཇ་སིག་ཅིག་ཉོས། སླར་ཇ་བཞི་ནམ་ཞིག་ཉོས་ཏེ་བླ་མར་འདྲེན་དགོས་དགོངས་ཏེ་བཞི་ནམ་ཞིག་གི་རིན་ལོག་ཏུ་བཟུང་ཏེ་བཞི་ནམ་གཅིག་སྲང་ལ་བཏེག་པས་གསེར་སྲང་གིས་མ་འདེང་། སིག་དེ་འཁྱེར་ནས་ནང་དུ་ལོག་ཏེ་བླ་མར་ངས་ཇ་བཞི་ནམ་ཞིག་ཉོས་ཏེ་འདྲེན་སྙམ་ཡང་སྲང་གསུམ་ལས་མི་གནང་ཞུས་པས་བླ་མས། ཕ་ནམ་མཁའ་མཛོད་ལ་མངའ་བརྙེས་ཀྱང་། བུ་བཞི་ནམ་གཅིག་ལ་སྡུག་གིས་ཐུག། ད་དུང་འཕྱོགས་ཤིག་གསུང་ནས་འཕྱགས་པས་བཞི་ནམ་བྱུང་ཏེ་ཇ་རིན་མཇལ་ཏེ་མགྱོགས་པར་བླ་མའི་དྲུང་དུ་ནས་རིནསོང་པོ་ཆེས་བྱིན་རླབས་མཛད་ན་གསེར་མང་དུ་འོང་བ་འདུག་གསེར་མང་པོ་འོང་བ་མི་མཛད་པ་ཅི་ལགས་ཞུས་པས། ཇི་ལྟར་མེ་ནི་བུད་ཤིང་སྐམ་ལ་འབར། ཅི་ཙམ་འབར་ཡང་མེ་ལ་ངོམ་པ་མེད། དེ་བཞིན་འདོད་སེམས་ཡུལ་ལ་སྤྱོད་པ་མེད་སོགས་སྐབས་དེར་མགུར་ཐུང་ཚིག་བཅད་བརྒྱད་པ་དེ་ཉེ་གནས་ལ་གདམས་ཏེ་གསུང་། ཡང་ཉིན་ཞིག་བླ་མའི་དྲུང་དུ་སོང་བས་བླ་མ་རྒྱན་དྲུག་གསོལ་ནས་བཞུགས་ཏེ་བླ་མས་རྒྱ་གར་གྱི་གྲུབ་ཆེན་ཚོས་འདི་ལྟར་གཏོན་པ་སྣང་གོའམ་གསུང་། རིན་པོ་ཆེ་རྒྱ་གར་གྱི་གྲུབ་ཆེན་ཡིན་ནམ་ཞུས་པས་ཡིན་ཡང་སྲིད་གསུང་། དེ་བཞིན་དུ་ཡང་ཉིན་ཞིག་ད་བླ་མའི་དུས་མཆོད་རན་པར་འདུག་ཇ་རྡོར་གང་ཡང་མེད་ཞུས་པ་ལ། ཇ་བསྐོལ་ཆོག་ཇ་རྡོར་འོང་བ་ཡིན་དགེ་འདུན་བརྒྱད་བརྒྱ་ཙམ་ལ་ཇ་འདྲེན་དང་མར་འགྱེད་ཐུད་འགྱེད་བྱེད་དགོས་གསུང་ཡུད་ཙམ་ནས་བུད་མེད་བདུན་གྱིས་མར་རྐྱལ་བརྒྱད་དང་བུར་རྐྱལ་བརྒྱད་མཛོ་བརྒྱད་ལ་བཀལ་ནས་གཡོག་གཉིས་དང་བཅས་འབྱོར་བྱུང་བ་ལ་བུ་མེད་དེས་དེ་ནུབ་ཆོས་རྗེ་རིན་པོ་ཆེ་ལ་བརྒྱ་རྩ་བརྒྱད་ལ་ཚོགས་མཆོད་ཞུ་བ་ཡིན་ཟེར་བས་དེ་རུང་གསུང་། ཚོགས་ཁང་དུ་དབུ་ཆེ་འདི་དང་འདི་འབོད་གསུང་ནས་བརྒྱ་རྩ་བརྒྱད་འཚོགས་ནས་དེ་ནུབ་ཆོས་རྗེ་ཉིད་ཡང་བྱོན་ཏེ་བདེ་མཆོག་གི་སྒྲུབ་མཆོད་མཛད། དབུ་ཆེ་ཁག་ཅིག་གིས་བདེ་མཆོག་དངོས་སུ་མཐོང་ཚོགས་མཆོད་བཞེས་ནས་མགུར་མ་ཡང་གསུང་། ཚོགས་པའི་གྲལ་ནས་འབྲི་གུང་པར་ང་ཡི་བུ་འདིར་ཤོག་གསུང་ནས། ནང་མཆོད་ཀ་པ་ལ་ཡི་ཆང་དེ་གནང་ནས་འདི་སྐད་གསུང་། ཁོ་བོ་དགེ་ཤེས་སྤྱན་སྔ་བ་འདྲ་ཞིག་ལ་བུ་བྱ་ཡུལ་བ་འདྲ་བ་དེ་ཡིན། ཁོ་བོས་ཁྱོད་ལ་བསྟོད་པ་ཞིག་བྱེད་གསུང་ནས་འདི་སྐད་དོ། སྐྱེ་འགག་གནས་བྲལ་ཀུན་ཁྱབ་འགྲོ་འོང་མེད་པའི་དོན། ཆུ་རྒྱུད་ཏིང་འཛིན་སྟོབས་ཀྱི་དྲ་བ་བདུད་རྩིའི་ཆུ་སོགས་ཀྱི་བསྟོད་པ་གསུང་། ཁྱོད་ལོ་ཁ་ཅིག་སྒྲུབ་པ་དགྱེས་ལ་དེ་ནས་འགྲོ་དོན་མཛོད་རྟེན་འབྲེལ་གྱི་བཀའ་དེ་ཡང་ཁྱོད་ལ་བབ་པར་འདུག ཁྱོད་ཀྱི་སྒྲུབ་རྒྱུད་ཀྱི་བསྟན་པ་གངས་ཅན་ཁྲོད་འདིར་ཉི་མ་ཤར་བ་འདྲ་ཞིག་འོང་སོགས་ལུང་བསྟན་མང་དུ་གནང་། དེ་བཞིན་ཆོས་རྗེ་ཉིད་སྔར་གང་སྐྱེས་ཀྱི་སྐྱེ་བ་བཞེས་ཚུལ་སོགས་ཚོགས་དབུས་སུ་གསུང་། དེ་ནུབ་ཀྱི་ཚོགས་གྲལ་འདིར་གྲུབ་ཆེན་བརྒྱད་ཅུ་ལས་བཅུ་གཉིས་འདིར་ཡོད། ཁོ་བོ་ཡང་གྲུབ་ཆེན་ནང་ནས་འདི་ཡིན་སོགས་གསུང་ནས་ཁྱོད་རང་ཚོའི་རྒྱུད་པ་འདི་ཀུན་ཡིན། དོ་ནུབ་ཀྱི་བུ་མོ་བདུན་ནས་གཉིས་རིགས་བཟང་མིའི་བུ་མོ་དང་ཡེ་ཤིས་ཀྱི་མཁའ་འགྲོ་མ་ལྔ་ཡོད་དེ་རྣམས་ཀྱང་གོ་བར་མཛོད་གསུང་། དེ་ནས་མི་རིང་བར་རིན་པོ་ཆེ་སྐུ་བསྙུན་བས་ཉེ་གནས་རྣམས་ཀྱིས་སྐུ་རིམ་ཀློག་ཀློག་པ་དང་ཚ་ཚ་བཏབ་གཟུངས་ཆོག་བྱས་པས་སྐུ་ཁམས་ཅུང་དྭངས། ཉེ་གནས་ནས་ད་རིན་པོ་ཆེ་སྐུ་མཚམས་མཛད་པ་ཞུ་ཞུས་པས། ལོ་མ་གསར་བར་དུ་སྡོད་དང་དེ་ནས་ཤེས་ཡོང་གསུང་ནས་སོ་གསར་པ་དང་དཔྱིད་ཟླ་ཐ་ཆུང་གི་བཅོ་བརྒྱད་ཉིན་སླར་སྙུང་། ཉི་ཤུ་ལ་ཕུང་ཁྲོལ་ཐམས་ཅད་ཀྱི་རྩ་བ་ནོར་ཡིན་གསུང་ཏེ་ཀ་ཅ་རྣམས་ཕྱོགས་ལ་བགོས། ཉེར་ལྔའི་ཞོགས་པ་ཚོགས་སུ་བྱོན་ཏེ་དགེ་འདུན་རྣམས་ལ་ཞལ་ཏ་མཛད་དེ་ཉི་མ་ཕྱི་ཡོལ་ལ་གཟིམས་སྤྱིལ་གྱི་མལ་དུ་ཕེབས་པ་དང་དགོངས་པ་གཤེགས། གདུང་སྦྱང་གི་ཞབས་ཏོགས་ཚུལ་བཞིན་ལེགས་པ་བསྒྲུབས། ཟླ་གཅིག་ལ་མཆོད་འབུལ་གསོལ་འདེབས་མཛད་དེ་ཕག་གྲུར་བཞུགས། དེ་ནས་དགུང་ལོ་སུམ་བཅུ་པར་སྔར་བླ་མས་ལུང་བསྟན་པའི་སྐབས་སུ་ཐུགས་ལ་བཏད་པའི་བླ་མའི་ཕྱག་མཁར་དེ་དད་རྟེན་དུ་ལུས་དང་བྲལ་མེད་བསྣམས་ཏེ་བླ་མའི་ལུང་བསྟན་བཞིན་ཁམས་སུ་བྱོན་པར་དགོངས་ཏེ་བྱང་ལམ་རྒྱུད་དེ་བྱོན་ནོ།