Jump to content

སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་

ཡོང་ཁུངས་Wikipedia

སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། སྣང་ཐར་ལོ་ཙཱ་བ་སངྒ་ཤྲཱིའི་དངོས་སློབ་འདི་ཉིད་ཡབ་དོན་གྲུབ་རྒྱལ་པོ་དང་། ཡུམ་ལྷ་མོ་སྐྱབས་ཟུང་གི་སྲས་སུ་རབ་བྱུང་བདུན་པའི་ཤིང་བྱ། སྤྱི་ལོ༡༤༠༥ལོར་སྐུ་བལྟམས། མཚན་དཀོན་མཆོག་སྐྱབས་སུ་གསོལ། དགུང་ལོ་བདུན་པ་ལ་ཡི་གེ་འབྲི་ཀློག་མཁས་པར་མཁྱེན། སློབ་དཔོན་གཞན་དུ་བྱོན་སྐབས་ཡིག་ཕྲུག་རྒན་གཞོན་བཅོ་ལྔ་སྐོར་གྱི་སློབ་དཔོན་མཛད་ཐུབ། དགུང་གྲངས་ཉི་ཤུ་བར་ཡབ་ཡུམ་གྱི་དགོངས་པ་བསྐང་ཕྱིར་ཕྲལ་ཕྲལ་རབ་ཏུ་མ་བྱུང་ན་ཡང་། དེའི་ལོ་མཇུག་སེང་གེ་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་རབ་ཏུ་བྱུང་། ཀ་རི་ཀ་ལྔ་བཅུ་པ་སོགས་མདོ་ཕྱོགས་ལ་སྦྱང་པ་མཛད་དེ་བཤད་པ་ཡང་བརྩམས། དེ་ནས་ཆོས་འཁོར་བ་ཡབ་སྲས་ཀྱི་དྲུང་དུ་མདོ་ཕྱོགས་ཀྱི་ཆོས་ཐམས་ཅད་ལེགས་པར་གསན་ཞིང་། སྔགས་ཀྱི་དཀྱིལ་ཆོག་དུ་མ་དང་། ཐིག་རྩ་ལ་སྦྱངས་པ་མཛད་པས་མཁས་པ་ཆེན་པོ་རྣམས་ལ་ཡང་དགག་སྒྲུབ་དུ་མ་མཁྱེན་པ་བྱུང་། དེ་ནས་འབྲས་སྤུངས་དོན་དུ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་ལ་མདོ་ཕྱོགས་མང་དུ་གསན་ཅིང་གྲྭ་སྐོར་གཞུང་ཤིན་ཏུ་མང་བ་མཛད། གྲྭ་སྐོར་གྱི་ཚེ་ཡང་ཆོས་འབྲེལ་ཞུ་མཁན་མང་དུ་བྱུང་། ཡར་རེས་རྗེ་བྱང་སེམས་པའི་དྲུང་དུ་ལམ་འབྲས་དུས་འཁོར་སོགས་གསང་སྔགས་ཀྱི་ཆོས་ཚུལ་མང་དུ་གསན། སེམས་དཔའ་ཆེན་པོ་སྐད་གཉིས་སྨྲ་བ་ཐུགས་རྗེ་དཔལ་བཟང་པོའི་དྲུང་དུ་ཕེབས་ནས་སྔ་དྲོ་ཀ་ལཱ་པ་དང་ཕྱི་དྲོ་ཙནྡྲ་པའི་བསྟན་བཅོས་ཚུགས། རིག་གནས་འདི་ལ་སྔ་མའི་བག་ཆགས་མ་གཏོགས་སྐུ་ཚེ་འདིར་ཐུགས་རྟོགས་མ་ཆུག་ཅིང་། ཡིག་ཆ་དཀོན་པ་དང་། རྣམ་རྒྱལ་འཇོམས། དུས་འཁོར་སོགས་སྔགས་དུ་མའི་སྐད་དོད་སྦྱོར་བ་དང་། ཡིག་རིགས་དུ་མ་མཁྱེན་ཡང་གར་ཡང་མ་ཕྱིན་པ་ལྟ་བུར་སོང་། ཡིག་ཆ་ཐམས་ཅད་ཐུན་བར་ལ་བྲིས། ཤོག་ལས་མཚན་མོ་མཛད། ཚ་དྲོའི་བར་ལ་གཞུང་བཟུང་། སྲོད་ཐོ་རངས་སྐྱོང་རན་མཛད་པས་ཤིན་ཏུ་བསྙེལ་བ་བྱུང་ཡང་རིགས་རིམ་ཐུགས་སུ་ཆུད། སླར་ལོ་ཆེན་ཆོས་འཁོར་དུ་སྤྱན་དྲངས། ཐ་སྙད་རིག་གནས་ལྔ་ཆར་ཡོངས་སུ་རྫོགས་པར་གསན་ཅིང་མཁྱེན། བོ་དོང་པཎ་ཆེན་དང་མཇལ་ནས་གསུང་ཆོས་མང་དུ་གསན། དེ་ནས་ཆོས་འཁོར་་གྱི་གདན་སར་ཕེབས། འཁོར་ལོ་གསུམ་གྱི་མཛད་པས་ཡུན་རིང་དུ་བསྟན་པ་བསྐྱངས། ནང་དུ་ཏིང་རེ་འཛིན་ཟབ་མོ་ལ་བརྩོན་པར་མཛད། དགུང་གྲངས་ང་གཅིག་པ་ཤིང་ཕག སྤྱི་ལོ༡༤༥༥ལོར་དུས་འཁོར་སྤྱི་དོན་བརྩམས། མདོ་སྔགས་ཀྱི་བསྟན་བཅོས་མང་དུ་མཛད་ཅིང་། རིག་གནས་ཀུན་ཤེས་ཀྱི་རྩ་འགྲེལ་སོགས་དུ་མ་ལྗགས་རྩོམ་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་འགྱུར་ཡང་མང་པོ་མཛད། ཐུགས་སྲས་ལ། འུག་ཚང་རིན་པོ་ཆེ་དང་། སློབ་དཔོན་འདུལ་འཛིན་སྔོན་མོ། རྟ་ནག་རབ་འབྱམས་པ་ཤེས་རབ་ཆོས་འབྱོར། སློབ་དཔོན་དཀའ་བཅུ་པ་སྐྱེས་མཆོག ཀུན་དགའ་རྒྱལ་མཚན། བྱམས་ཆེནཔ་སངས་རྒྱས་འཕེལ། སེ་ར་བ་བློ་གྲོས་སེང་གེ། ཞ་ལུ་བ་བློ་གྲོས་སེང་གེ། དྭགས་པོ་བློ་གྲོས་མཐའ་ཡས། སྒྲ་དུས་ལ་སྦྱངས་པ་ཀུན་དགའ་འོད་ཟེར་སོགས་ཤིན་ཏུ་མང་ཞིང་། ཁྱད་པར་སློབ་མའི་མཆོག་ནི་ཞ་ལུ་ལོ་ཆེན་ཡིན་ནོ།། (འདས་ལོ་མ་རྙེད)