སྙིང་ཐིག་སྔོན་འགྲོའི་ཟིན་བྲིས་ཉུང་ངུ་

ཡོང་ཁུངས་Wikipedia

༡སྔོན་འགྲོའི་ཟིན་བྲིས། ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པའི་ངང༔ བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ༔ ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད༔ བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུ༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོན༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔ མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔ གང་ལ་གང་འདུལ་ཐབས་ཀྱིས་འགྲ་ོདོན་མཛད༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ༼སྐྱབས་བླ་མ་ནམ་དྲན་ལ་གསོལ་བ་འདེབས།༽ ཐུན་དང་ཐུན་འཚམས་ཀྱི་ཐོག་མཐའ་བར་གསུམ་གང་ཡིན་ཀྱང་ལེའུ་བདུན་མ་ལས་བྱུང་བའི་བླ་མ་སྐུ་གསུམ་གྱི་གསོལ་འདེབས་ཁོ་ནས་གསོལ་བ་འདེབས་པ་གལ་ཆེ།རང་གི་རྩ་བའི་བླ་མའི་གསོལ་འདེབས་ཡང་འདི་ཡིན། འདི་ལས་ལྷག་པ་ཡོད་དོན་མེད། བླ་མ་ནམ་དྲན་ན་བླ་མ་སྐུ་གསུམ་གྱི་གསོལ་འདེབས་ཐོན་ལ་གསོལ་བ་ཐོབས།སྔོན་འགྲོ་བསགས་སྐབས་བླ་མ་སྐུ་གསུམ་གྱི་གསོལ་འདེབས་འདི་ངེས་པར་འདོན་དགོས་གསུངས་སྲོལ་མེད་མོད་ང་རང་གིས་ནམ་རྒྱུན་འདི་ཁོ་ནས་གསོལ་བ་བཏབ་པ་ཡིན། ནང་སྔ་མོ་སད་དེ་མགོ་ཡར་བཏེགས་སྐབས་གཏི་མུག་གཉིད་དཀྲོགས་འདོན། ཀར་གླིང་གི་མིན་ཏེ་དེ་ལས་སྔ་བའི་གཏེར་མ་ཞིག་ཡིན་འདྲ།གུ་རུ་ཆོས་དབང་ངམ་སོགས། དེ་ནས་ངག་བྱིན་རླབས། འདི་ཡང་གཏི་མུག་གཉིད་དཀྲོགས་འཕྲོར་འདོན།

གཏི་མུག་གཉིད་དཀྲོགས་དང་ངག་བྱིན་རླབས་གཉིས་ཐོར་ཐུན་ལ་འདོན། ཐུན་ཕྱི་མ་རྣམས་ལ་མི་དགོས། 1ཐོར་ཐུན་ནི་ནམ་ཟླ་དབྱར་ཁ་ལ་མཚོན་ན་ཕལ་ཆེར་དེང་སང་གི་དུས་ཚོད་བཞི་བ་ནས་དྲུག་པའི་བར་ཡིན།དགུན་ལྔ་བ་ནས་བདུན་པའི་བར། 2སྔ་ཐུན་དབྱར་བརྒྱད་པ་ནས་བཅུ་གཅིག་བར།དགུན་དགུ་བ་ནས་བཅུ་གཉིས་བར། 3ཕྱི་ཐུན་དབྱར་གསུམ་པ་ནས་དྲུག་པའི་བར།དགུན་བཞི་བ་ནས་བདུན་པའི་བར། 4སྲོད་ཐུན་དབྱར་བརྒྱད་པ་ནས་བཅུ་བའི་བར།དགུན་དགུ་བ་ནས་བཅུ་གཅིག་བར། འཚམས་ཡིན་ན་སྲོད་གདོང་ནག་གི་སྐབས་འགོ་འཛིན། ཐུན་གྱི་སྔོན་འགྲོའི་སྔོན་འགྲོ་ནི་ཁྱིམ་ཕྱི་ནང་གི་བྱ་བ་ཀུན་ལེགས་པར་བསྒྲུབ་ཟིན་པ་བྱ། མདོར་ན་ཐུན་ནང་དུ་ལང་སྟེ་བྱ་བ་གཞན་ལ་འཇུག་མི་དགོས་པ་བྱ། ཐུན་མཇུག་ལ་ཡང་ཧུར་ལངས་མི་བྱ་བར་ཐུན་ནང་གི་ཉམས་ལེན་གནད་དུ་སོང་ཡོད་མེད་བརྟགས་ཏེ་རང་གི་རྒྱུད་འཆོས་ཚུལ་མཁན་རིན་པོ་ཆེ་ངག་དགའི་ཟིན་བྲིས་བཞིན་བྱ། དེ་ནས་མལ་དུ་འཁོད་ན་དང་པོ་དམ་བཅའི་ལྕགས་ཀྱུ་གཉིས་པས་ཟིན་པའི་དམ་བཅའ་བྱ།

དེ་ནས་ལུས་གནད་རྣམ་སྣང་ཆོས་བདུན།ངག་གནད་རླུང་རོ་བསལ་བ།སེམས་གནད་ཀུན་སློང་བཅོས་པ།བླ་མ་ལ་གསོལ་བ་འདེབས་པ། ༼བླ་མ་མཁྱེན།༽ནས་༼དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ།།༽འདི་ནས་མཁའ་འགྲོ་སྙིང་ཐིག་ལས་བྱུང་བའི་གསོལ་འདེབས་༼དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ།༽སོགས་འདོན།གང་གི་དྲིན་གྱིས་བདེ་ཆེན་ཉིད།།བླ་མ་ཡང་ཏིག་ལས་འབྱུང་བ་དོན་ལ་རྒྱུད་ཚིག་ཡིན། མཐར་བླ་མ་ཐུགས་བརྩེ་བ་ཆེན་པོས་འོད་དུ་ཞུ་བའི་སྐབས། སྙིང་ཐིག་འདི་གསུང་པདྨ་རིགས་ཀྱི་ཆོས་ཡིན་པས་འོད་དམར་པོའི་ངོ་བོར་ཞུ་བ་ཡིན་གསུངས། ཞག་བརྒྱ་ལ།ཐུན་མོང་ཕྱིའི་སྔོན་འགྲོ་དལ་འབྱོར་རྙེད་དཀའ་ནས་དགེ་བའི་བཤེས་གཉེན་བསྟེན་ཚུལ་བར་ཞག་མ་དྲུག་ཅུ་རེ་གསུམ།སྐྱབས་འགྲོ་བར་འདིར་བསགས།དེ་རྗེས་ཞག་མ་བཞི་བཅུ་ཞེ་བརྒྱད་རིང་སེམས་བསྐྱེད་ཀྱི་བློ་སྦྱོང་ཁོ་ན་བསྒོམ།དེ་ལྟར་ཁྱོན་སྡོམ་པའི་ཞག་མ་བརྒྱ་དང་བཅུ་གཅིག་ཡོད་པ་འགྲོ་ངེས་བྱ།སེམས་བསྐྱེད་བློ་སྦྱོང་གི་ཞོར་ལ་སྔོན་འགྲོའི་སེམས་བསྐྱེད་ཚིག་བཞི་མ་དེ་ཁྲི་གསུམ་ཙམ་བསགས་པས་ཆོག །བརྒྱུད་པ་འདིའི་ཕྱག་ལེན་ལ་འབུམ་གཅིག་འགྲོ་མི་དགོས། བློ་སྦྱོང་གཙོ་བོ་ཡིན་གསུངས། བརྒྱུད་པ་འདིའི་ལུགས་ལ་ཐུན་མོང་ཕྱིའི་སྔོན་འགྲོའི་སྔོན་ལ་བྱང་ཆུབ་དུ་སེམས་བསྐྱེད་པ་ཉིན་བདུན་བསྒོམ་པ་ཞལ་རྒྱུན་ཡིན། དེས་ཐེག་པ་ཆུང་ངུའི་ལུགས་ཀྱི་བློ་ལྡོག་གི་བློ་སྦྱོང་ཡང་ཐེག་ཆེན་གྱི་ཉམས་ལེན་དུ་བསྒྱུར་བ་ཡིན་གསུངས། དེ་ཡང་མར་ཤེས་པ། དྲིན་དྲན་པ། དྲིན་བཟོ་འདོད། བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། ཟུར་གཉིས་ལ་སྨོན་འདུན་དམ་བཅའ་གསོལ་བ་འདེབས་པ་བཞིའི་སྒོ་ནས་ཉམས་སུ་ལེན། དེ་ཡང་། སྨོན། འདུན། དམ་བཅའ། བླ་མ་ལ་གསོལ་བ་འདེབས་པ་སྟེ་འབྲེལ་བ་བཞི་ལྡན་གྱི་སྒོ་ནས་ཉམས་སུ་ལེན། ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན།།རྒྱལ་བ་ཁྱེད་ལ་བརྩེ་བའི་མཐུ་མངའ་བས།།བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས།།ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས།།དཔའ་བོ་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་བས།།སྔོན་བྱུང་འབྲེལ་བའི་ལས་ཀྱི་མཐུ་བཙན་ན།།ཡལ་ཡོལ་ལེ་ལོ་བཏང་སྙོམས་མ་མཛད་པར།།སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ།།༼ཚིག་བཅད་འདི་གཉིས་རུ་ཏྲའི་སྨེ་བཤགས་ལས་སོ།།༽ སྤྱོད་འཇུག་ལས།བླ་མ་རྒྱལ་བ་འགྲོ་བའི་མགོན།།འགྲོ་བ་སྐྱོབས་པའི་དོན་བརྩོན་པ།།སྟོབས་ཆེན་འཇིགས་པ་ཀུན་སེལ་ལ།།དེ་རིང་ཉིད་ནས་སྐྱབས་སུ་མཆི།།དེ་ཡི་ཐུགས་སུ་ཆུད་པའི་ཆོས།།འཁོར་བའི་འཇིགས་པ་སེལ་བ་དང་།།བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་།།དེ་བཞིན་ཡང་དག་སྐྱབས་སུ་མཆི།།བདག་ནི་འཇིགས་པས་རྣམ་སྐྲག་ནས།།ཀུན་ཏུ་བཟང་ལ་བདག་ཉིད་འབུལ།།འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས།།བདག་གི་ལུས་ཀུན་དབུལ་བར་བགྱི།།ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི།།སྤྱན་རས་གཟིགས་མགོན་དེ་ལ་ཡང་།།ཉམ་ཐག་ང་རོས་འོ་དོད་འབོད།།སྡིག་ལྡན་བདག་ལ་སྐྱབས་ཏུ་གསོལ།།འཕགས་པ་ནམ་མཁའི་སྙིང་པོ་དང་།།ས་ཡི་སྙིང་པོ་དག་དང་ནི།།ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ།།སྐྱབས་འཚོལ་སྙིང་ནས་འོ་དོད་འབོད།།གང་ཞིག་མཐོང་ན་གཤིན་རྗེ་ཡི།།ཕོ་ཉ་ལ་སོགས་སྡང་བ་རྣམས།།སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པའི།།རྡོ་རྗེ་ཅན་ལ་སྐྱབས་སུ་མཆི།།སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས།།ད་ནི་འཇིགས་པ་ཆེར་མཐོང་ནས།།ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི།།འཇིགས་པ་མྱུར་ཏུ་བསལ་དུ་གསོལ།། ༼གོང་གི་འདི་བློ་སྦྱོང་སྐབས་ངེས་འབྱུང་དང་སྐྱོ་ཤས། སྙིང་རྗེ་སོགས་སྐྱེ་སྐབས་དབྱངས་སུ་གྱེར་ནས་འདོན། དབྱངས་དེ་ཡང་རང་ལ་ངང་གིས་འབྱུང་བ་ལྟར་གྱེར།ངེས་གཏད་ཅང་མེད་པ་འདྲ་གསུངས།༽ ༼སེམས་བསྐྱེད་བདག་གཞན་བརྗེ་བའི་སྐབས།༽ སྐྱིད་ན་བདེ་བ་ཚོགས་སུ་བསྔོ།།ཕན་བདེས་ནམ་མཁའ་གང་བར་ཤོག།སྡུག་ན་གཞན་གྱི་སྡུག་བསྔལ་ཁུར།།སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག།མཁའ་མཉམ་འགྲོ་བའི་སྡུག་བསྔལ་རྒྱུ་དང་བཅས།།བྲལ་ནས་བདག་གི་རྒྱུད་ལ་སྨིན་གྱུར་ཅིག།བདག་གི་ཕན་བདེའི་དགེ་ཚོགས་ཇི་སྙེད་པ།།མར་གྱུར་འགྲོ་བས་ཐོབ་ནས་སངས་རྒྱས་ཤོག།༼ཕ་དམ་པའི་གསུང་ཡིན།༽