སྙན་ངག་ལེའུ་དང་པོ་ཐུན་མོང་མ་ཡིན་པའི་རྒྱན་གྱི་རྣམ་གཞག། བེ་རི་འཇིགས་མེད།

ཡོང་ཁུངས་Wikipedia

སྙན་ངག་ལེའུ་དང་པོ་ཐུན་མོང་མ་ཡིན་པའི་རྒྱན་གྱི་རྣམ་གཞག་ལ་ཅུང་ཟད་དཔྱད་པ།

བེ་རི་འཇིགས་མེད།

མཆོད་བརྗོད་དང་གླེང་གཞི། ཆ་རྫོགས་ཟླ་བའི་དཀྱིལ་འཁོར་གསར་པ་ཡིས།། མཚོན་ནུས་མ་ཡིན་ངག་དབང་དབྱངས་ལྡན་ལྷ།། རྗེས་བརྩེ་སྤྱན་གྱི་ཀྱོ་བས་ཟུར་མིག་བཅས།། རིག་པའི་ཁྱེའུ་དགའ་བའི་མགྲོན་དུ་བཞུགས།།

འདི་ན་དཎྜིའི་ཐུགས་མཚོ་འཕྱུར་བ་ཡི།། སྙན་ཚིག་རླབས་ཀྱི་འཇུག་པའི་གྲྭ་གཅིག་ནས།། བློ་གསལ་ངང་མོའི་སྙིང་གི་དགའ་སྟོན་ཕྱིར།། ཆལ་ཆིལ་སྙན་པའི་རོལ་རྩེད་ཅུང་ཟད་གཡོ།།

ཐ་སྙད་རིག་པའི་གཞུང་ལུགས་མ་མཐོང་ངམ།། མཐོང་ཡང་འདུན་པའི་སྐལ་བཟང་མི་ལྡན་པ།། དེ་ཀོ་བོང་བུའི་རྣ་བར་གསེར་རྡོག་བཞིན།། ཕན་ནོ་སྙམ་པ་སེམས་ཀྱི་ཟུར་ཙམ་མེད།།

ཚིགས་བཅད་དམ་དུམ་དེང་རྩོམ་ཐར་ཐོར་རེ།། འབྲི་བ་ཙམ་གྱིས་སྙན་ངག་ཤེས་རློམ་མཁན།། དེ་དག་ཁེངས་པའི་གཞན་དབང་མ་ལྷུང་བར།། རིག་པའི་ཁྱད་ནོར་འདི་ལ་འཇུག་པར་རིགས།།

ཞེས་མཆོད་པར་བརྗོད་པའི་ངག་གིས་ལམ་རྣམ་པར་ཕྱེ་ནས་འདིར་སྙན་ངག་མེ་ལོང་གི་ལེའུ་དང་པོ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་རྒྱན་གྱི་རྣམ་གཞག་ལ་སྤྲོས་བཤད་འགའ་ཞིག་ཞུ་བར་འདོད་དེ། སྤྱིར་གཞུང་འདིར་བསྟན་པའི་ལུས་རྒྱན་སྲོག་(སྐྱོན་སེལ་ནི་དེ་གསུམ་གྱི་ལྡོག་ཕྱོགས་ངོས་འཛིན་ཙམ་ཡིན།)གསུམ་གྱི་ནང་ནས། ལུས་ནི། རྩོམ་པ་པོས་གང་ཞིག་བརྗོད་པར་འདོད་པའི་དོན་དེ་སྟོན་པའི་མིང་ཚིག་ཡི་གེའི་ཕྲེང་བ་ཞིག་ལ་ཟེར། དབྱེ་ན་བཅད་ལྷུག་སྤེལ་མ་གསུམ། རྒྱན་ནི། བརྗོད་བྱ་སྡེ་བཞི་ལས་གང་ཞིག་བཟུང་བ་དེར་རྗོད་བྱེད་བཅད་ལྷུག་སྤེལ་མ་གང་གིས་སྤྲས་པར་སྒྲ་དོན་གབ་ཚིག་གང་རུང་གིས་མཛེས་པ་ལ་ཟེར་ཞིང༌། དབྱེ་ན་ཐུན་མོང་མིན་པ་དང་ཐུན་མོང་གི་རྒྱན་གཉིས། སྲོག་ནི། རྩོམ་པ་པོས་གང་ཞིག་བརྗོད་གཞིར་བཟུང་བ་དེ་ཉིད་ལ་ཟེར་ཞིང༌། དབྱེ་ན་སྡེ་བཞི་འཕྲོས་དོན་དང་བཅས་པ་རྣམས་སོ།། 

འདིར་སྔར་ནས་ད་བར་མཁས་བླུན་རིས་སུ་མ་ཆད་པས་སྙན་ངག་ལ་སྲོག་ཡོད་མེད་ཀྱི་ཁ་རྩོད་སྣ་རྩོད་འདྲ་མིན་བྱས་དང་བྱེད་བཞིན་པ་ལགས་ཀྱང༌། སྙན་ངག་པ་ཧོར་གཙང་འཇིགས་མེད་ཀྱི་མཚོ་བྱུང་དགྱེས་པའི་འཛུམ་ཟེར་དུ་སྙན་ངག་ལ་སྲོག་ཡོད་པའི་སྒྲུབ་བྱེད་བཀོད་པ་རྣམས་རིན་ཐང་གཞལ་དུ་མེད་པའི་ལེགས་བཤད་དུ་གོ་ཞིང༌། ད་དུང་དེ་དང་མཐུན་པའི་སྒྲུབ་བྱེད་མཆིས་ཀྱང་སྐབས་དོན་བརླག་པར་དོགས་ཏེ་རེ་ཞིག་བཞག་ནས་དཀྱུས་ལ་འཇུག་གོ།

       བཙན་འོག་ཏུ་གནས་པའི་གཞིས་ལུས་སྤྱི་ཚོགས་ཁྲོད་མ་བསྐུལ་དང་བླངས་ཀྱིས་གཞུང་འདིའི་ཁྲིད་རྒྱུན་སྤེལ་མཁན་ཇི་སྙེད་ཅིག་གིས་མདོ་དབུས་ཁྱོན་ཀུན་ཏུ་ལམ་རྣམ་པར་ཕྱེ་བ་ནས་སྐྱོན་སེལ་བར་གྱི་ཁྲིད་རྒྱུན་ལེགས་པར་སྐྱོང་བ་དང༌། ཡང་ལ་རྒྱ་དང་བློ་ཁོག་ཤེས་ཚད་གསུམ་ག་འཛོམས་པའི་བོད་རིགས་རྫོང་དཔོན་འགའ་ཞིག་གི་མངའ་ཁུལ་དུ་ལེའུ་བར་བའི་སློབ་ཁྲིད་ཀྱི་སྲོལ་ཙམ་གནས་པ་ལས་ལེའུ་ཐོག་མཐའ་གཉིས་འཁྲིད་མཁན་ཤིན་ཏུ་ཉུང༌། དམངས་གཙོ་དང་རང་དབང་གི་རྒྱ་ཐང་ལ་འགྲིམས་པའི་རང་རེའི་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཁྲོད་ད་ལྟའི་ཆར་ཆོས་སྡེ་ཁག་འགའ་ཞིག་མ་གཏོགས་ཧ་ལམ་འཁྲིད་རྒྱུན་མེད་པ་དང་འདྲ་ལ། དེ་ཡང་ལེའུ་བར་ཙམ་ལས་གཞན་གཉིས་འཁྲིད་སྲོལ་ཤིན་ཏུ་ཉུང༌། མ་འོངས་བོད་རྒྱལ་ཁབ་ཆེན་པོའི་སོན་རྩ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམ་པས་གཞུང་ལུགས་འདིའི་ཁྲིད་རྒྱུན་ལྟ་ཅི། ཐ་ན་<<མེ་ལོང་མ་>>ཞེས་པའི་མིང་ཙམ་ཡང་མི་ཤེས་མཁན་ཉུང་ཉུང་མིན། དེས་ན་སྤྱིར་སྙན་ངག་ལ་དགའ་མོས་བྱེད་མཁན་ཧ་ཅང་ཉུང་བ་དེའི་ནང་དུའང་སྔོན་ཐོན་དུ་རློམ་ནས་མེ་ལོང་མའི་ཉི་འོད་ལ་ངན་སྨྲས་བྱེད་ཅི་ཐུབ་བྱེད་མཁན་གཞོན་སྐྱེས་རྐྱལ་སྟོང་ཡང་ཉུང་ཉུང་མིན། དེར་བརྟེན་དེང་སང་སྙན་ངག་གི་རྩོམ་ཡིག་གང་འཚམ་ཡོད་ནའང་ལེའུ་དང་པོའི་རྒྱན་གྱི་སྦྱོར་ཚུལ་རྣམས་བཏང་སྙོམས་ལྟ་བུར་ལུས་ཡོད། ད་དུང་ཚད་ལྡན་སྙན་ངག་པ་འགའ་ཞིག་གིས་ཀྱང་ལེའུ་འདི་བོད་ལ་དགོས་མཁོ་དེ་ཙམ་མེད་ཅེས་གསུངས་པའང་ཡོད་མོད། བོད་ལ་དེ་ཙམ་རྒྱུག་མི་ཆེ་བ་བདེན་པ་ཡིན་དུ་ཆུག་ཀྱང༌། ལེ་ཚན་འདིས་ང་ཚོ་ལ་ཡི་གེ་ལྕི་ཡང་དང་ཚིག་སྡུད་ཀྱི་འགྲོས།  སྡེབ་སྦྱོར་གྱི་བྱང་ཆ་བཅས་རྩོམ་རིག་གི་སྒྱུ་རྩལ་ཐོག་མདུན་བསྐྱོད་བྱེད་པའི་ཆ་རྐྱེན་མི་ཉུང་བ་ཞིག་ཡོད་པ་མཁས་པ་མང་ཆེ་བ་ཞལ་མཐུན་པ་ཡིན་ལ། དེ་ལ་བརྟེན་ནས་གནའ་དེང་གི་མཁས་པ་མང་པོས་ཚིག་འགྲེལ་དང་མཆན་འགྲེལ། དཀའ་འགྲེལ་སོགས་དགོངས་པ་འགྲེལ་བའི་ལེགས་བཤད་ཀྱང་དུ་མ་བརྩམས་ཡོད། དེས་ན་ཕྲན་གྱིས་ཀྱང་མཁས་པ་དེ་དག་གི་དགོངས་བཞེད་རྩ་འཛིན་བྱས་ཏེ་ལེའུ་དང་པོ་ཐུན་མོང་མ་ཡིན་པའི་རྒྱན་གྱི་བཤད་པ་མིག་སྔར་མཐོང་ཚད་དཔྱད་ཞིབ་ཀྱིས་གཙོ་བོ་རང་གི་ཁྲིད་རྒྱུན་གང་ལས་བྱུང་བའི་མཆན་འགྲེལ་དབྱངས་ཅན་དགྱེས་གླུ་གཞིར་བཅས། འགྲེལ་བ་གཞན་གྱི་འགྲེལ་ཚུལ་མི་འདྲ་བ་རྣམས་ཀྱིས་ཟུར་བརྒྱན་བྱས་ཏེ་ང་རང་གིས་ནུས་ཚོད་ཀྱིས་དཔྱད་སྒོ་ཅུང་ཟད་དང་འབྲེལ་ནས་རྒྱན་རེ་རེའི་མཚན་ཉིད་དང་དཔེར་བརྗོད་ཚིག་འགྲེལ་བཅས་འགོད་པར་འདོད་དོ།།

གཅིག ཐུན་མོང་མིན་པའི་རྒྱན་གྱི་ངོས་འཛིན།

འཕགས་ཡུལ་ལྷོ་ཤར་གཉིས་པོ་ཡི།། སོ་སོའི་ཁོ་ནས་ལམ་སྲོལ་རྒྱན།། ཐུན་མོང་མིན་པའི་རྒྱན་ཡིན་ནོ།། རྒྱ་གར་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས་བཻདརྦྷ་དང་ཤར་ཕྱོགས་གཽ་ཌཱ་པ་གཉིས་པོའི་སོ་སོ་ཁོ་ན་མ་གཏོགས་ལམ་སྲོལ་གཞན་དང་མ་འདྲེས་པའི་རྒྱན་ལ་ཐུན་མོང་མ་ཡིན་པའི་རྒྱན་ཟེར། སྐབས་འདིའི་ལྷོ་ཤར་གཉིས་ཞེས་པའི་དོན་གསལ་བོར་བཤད་ན། བཻདརྦྷ་ཞེས་པའི་བཻདར་ཞེས་པ་ནི་དཔའ་བོ་དང་བྷ་ནི་བདག་པོའི་སྒྲ་ཡིན་པས་དེ་ན་དཔའ་བོའམ་སློབ་དཔོན་རྟ་དབྱངས་ཀྱི་འཁྲུངས་ཡུལ་ལྷོ་ཕྱོགས་ཡིན་པ་དང་ཁོང་གིས་རྩོམ་སྲོལ་གསར་གཏོད་བྱས་པའི་ནང་ནས་ཕྱོགས་དེ་ཁོ་ནར་དར་སྲོལ་ཆེ་བའི་རྒྱན་ལ་ལྷོ་ཕྱོགས་དང༌། གཽ་ཌཱ་པ་ཞེས་པ་ནི་སློབ་དཔོན་ནག་མོ་ཁོལ་གྱི་འཁྲུངས་ཡུལ་ཤར་ཕྱོགས་ཡིན་པའི་ཆ་ནས་བཏགས་པ་ཡིན་ལ། ཁོང་གིས་རྩོམ་སྲོལ་གསར་གཏོད་གནང་བའི་ནང་ནས་ཤར་ཕྱོགས་ཁོ་ནར་དར་སྲོལ་ཆེ་བའི་རྒྱན་ལ་ཤར་ལུགས་ཞེས་བཏགས་པ་ཡིན་ནོ།།

       གོང་གསལ་ཡུལ་གྲུ་དེ་གཉིས་ཀར་རྒྱན་བཅུ་བོ་དེ་དག་རེ་རེ་བཞིན་འབྲི་སྲོལ་ཡོད་ནའང་གོ་དོན་དང་འབྲི་ལུགས་ནི་ཕལ་ཆེ་བ་འགལ་བ་ལྟག་སྤྲོད་ལྟ་བུར་གྱུར་ཡོད་དེ། སློབ་དཔོན་རྟ་དབྱངས་ཀྱིས་བརྩམས་པའི་<<སྐྱེས་རབས་སོ་བཞི་པ>>ལྟ་བུ་གཙོ་བོ་ལྷོ་པའི་ཉམས་འདོན་ཚུལ་འབུར་དུ་ཐོན་ཡོད་པ་དང༌། ནག་མོ་ཁོལ་གྱིས་བརྩམས་པའི་<<སྤྲིན་གྱི་ཕོ་ཉ་>>དང༌། ཆོས་རྒྱལ་དགེ་དབང་གིས་བརྩམས་པའི་<<དཔག་བསམ་འཁྲི་ཤིང་>>ལྟ་བུ་ནི་ཤར་པའི་ལུགས་ཀྱི་ཉམས་འདོན་ཚུལ་གཙོ་བོར་བཟུང་ཡོད་པ་ལས་ཤེས་ཐུབ།  སྔོན་བྱོན་འཕགས་ཡུལ་གྱི་སྙན་ངག་མཁན་ཚོའི་རྩོམ་འགྲོས་མི་འདྲ་བའི་ལུགས་སྲོལ་དེ་ཉིད་བོད་དུའང་བྱུང་ཡོད་དེ། དཔེར་ན། ཆོས་རྗེ་ས་པཎ་དང་འཇམ་མགོན་ཙོང་ཁ་པ། རྗེ་གུང་ཐང༌། རྫ་དཔལ་སྤྲུལ།  འཇུ་མི་ཕམ་སོགས་ཀྱི་བརྩམས་ཆོས་རྣམས་གཙོ་བོ་ལྷོ་བའི་ཉམས་འདོན་ཐབས་བྱས་ཏེ། བརྗོད་དོན་ཁ་གསལ་ཞིང་རྗོད་བྱེད་ཚིག་འཇམ་ཞིང་སྙན་པས་ཀློག་པ་པོའི་ཡིད་དབང་འགུགས་ཐུབ་པ་དང༌། ཡང་མཁས་གྲུབ་ཐམས་ཅད་མཁྱེན་པ་དང༌། ཞང་ཞུང་ཆོས་དབང་གྲགསཔ། ྋགོང་ས་ལྔ་བ་ཆེན་པོ། བོད་མཁས། ཀུན་མཁྱེན་སྐུ་ཕྲེང་དང་པོ། དགེ་བཤེས་ཤེས་རབ་རྒྱ་མཚོ། བྲག་དཀར་བསྟན་འཛིན་སྙན་གྲགས་སོགས་ཀྱི་བརྩམས་ཆོས་རྣམས་གཙོ་བོ་རྒྱ་གར་ཤར་ལུགས་དང་བསྟུན་ཏེ་བརྗོད་བྱ་ཅུང་ཟད་ཁ་དམ་ཞིང་སྒྲིབ་པ་དང༌། རྗོད་བྱེད་ཚིག་སྡུད་ཧ་ཅང་མང་བ་དང༌། ཚིག་སྦྱོར་བརྗིད་པའི་ཉམས་ཀྱིས་ཀློག་པ་པོའི་སེམས་ལ་གསོན་ཉམས་ལྡན་པའི་སྤྲོ་བ་འཕེལ་ཐབས་བྱས་ཡོད་པ་རྣམས་ཞིབ་ཏུ་གཟིགས་ན་ཤེས་ཐུབ།

གཉིས་པ། ཡི་གེ་ལྕི་ཡང་གི་ངོས་འཛིན་དོགས་དཔྱོད།

ལྷོ་ཕྱོགས་ཡི་གེ་འཇམ་ཞིང་ཡང༌།། ཤར་པས་རྩུབ་ཅིང་ལྷོ་བའི་ཁྱད།། ཡི་གེ་འཇམ་དང་བརྗོད་པ་ལྷོད།། ཡངས་དང་སྲོག་ཆུང་དོན་གཅིག་ཅིང༌།། དེ་བཞིན་རྩུབ་དང་ལྕི་བ་དང༌།། དམ་དང་སྲོག་ཆེན་རྣམས་ཀྱང་གཅིག། འཕགས་ཡུལ་གསལ་བྱེད་སོ་བཞི་ལས།། ཕོ་ཡིག་ལྔ་དང་མོ་ཡིག་ལྔ།། ཤིན་ཏུ་མོ་ལྔ་མཐའ་གནས་བཞི།། འཇམ་པའི་ཡི་གེ་བཅུ་དགུ་ཡིན།། མ་ནིང་ལྔ་དང་མཐུག་པོ་ལྔ།།། དྲོ་བ་བཞི་དང་མཐའ་ཟད་གཅིག། རྩུབ་པའི་ཡི་གེ་བཅོ་ལྔར་འདོད།། བོད་ཡིག་གསལ་བྱེད་སུམ་ཅུ་ལས།། སྡེ་བ་ལྔ་བ་ཡན་ཆད་ཀྱི།། གཉིས་པ་བཏོན་པས་བཅོ་ལྔ་དང༌།། འ་ཡ་ར་ལ་ཨ་ཡིག་བཅས།། འཇམ་པའི་ཡི་གེ་ཉི་ཤུ་ཡིན།། མ་ནིང་ལྔ་དང་ཞ་ཟ་ཤ།། ས་དང་ཧ་བཅས་བཅུ་བོ་འདི།། རྩུབ་པའི་ཡི་གེ་འདི་ཉིད་ཅེས།། སྔོན་བྱོན་བོད་ཀྱི་མཁས་པས་བཤད།།

ཐུན་མོང་མིན་པའི་རྒྱན་གྱི་རྣམ་གཞག་ལེགས་པར་ཤེས་པ་ལ་ཐོག་མར་ཡི་གེ་འཇམ་རྩུབ་ཀྱི་མཚན་གཞི་དང་རྣམ་གྲངས་ཤེས་པ་སྔོན་དུ་འགྲོ་དགོས་ཏེ། དེ་ཡང་སྤྱི་ལྡོག་ནས་བཤད་ན་ལྷོ་བའི་ཡི་གེ་འཇམ་ཞིང་ཡང་བའི་སྒྲའི་ཉམས་ལ་ཡོན་ཏན་དུ་བརྩི་ཞིང༌། ཤར་བས་དེ་ལས་ལྡོག་སྟེ་རྩུབ་ཅིང་ལྕི་བའི་སྒྲའི་ཉམས་ལ་ཡོན་ཏན་དུ་འཇོག་པ་ཡིན་ལ། འཇམ་པ་ཞེས་པ་འདོན་པའི་ཚེ་བརྗོད་པ་རླུང་ཤུགས་དང་སྒྲ་གདངས་ལྷོད་པའི་ཡི་གེ་རྣམས་ལ་ཟེར་ཞིང༌། འཇམ་པ་དང༌། ལྷོད་པ། ཡང་བ། སྲོག་ཆུང༌། ཡི་གེ་མཆོག་རྣམས་དོན་གཅིག་ཡིན། དེ་བཞིན་རྩུབ་པའི་ཡི་གེ་རྣམས་འདོན་པའི་ཚེ་སྒྲ་གདངས་དམ་པའམ་གྲིམ་པའི་ཡི་གེ་རྣམས་ལ་ཟེར་ཞིང༌། རྩུབ་པ་དང༌། ལྕི་བ། དམ་པ། སྲོག་ཆེན། ཡི་གེ་དམན་པ་རྣམས་མིང་གི་རྣམ་གྲངས་ཡིན། འོ་ན་ཡི་གེ་འཇམ་རྩུབ་ཀྱི་ངོས་འཛིན་གནང་སྟངས་ཇི་ལྟར་ཡིན་ཞེ་ན། ལེགས་སྦྱར་གྱི་ཡི་གེ་ལ། ཕོ་ཡིག ཀ་ཙ་ཊ་ཏ་ཙ་ལྔ་དང༌། མོ་ཡིག ག་ཛ་ཌ་ད་བ་ལྔ།། ཤིན་ཏུ་མོ་ང་ཉ་ཎ་ན་མ་ལྔ།། མཐའ་གནས་ཡ་ར་ལ་ཝ་བཞི་སྟེ་བཅུ་དགུ་ལ་འཇམ་པའི་ཡི་གེ་དང༌། མ་ནིང་ཁ་ཚ་ཋ་ཐ་ཕ་ལྔ་དང༌། འཐུག་པོ་གྷ་ཛྷ་ཌྷ་དྷ་བྷ་ལྔ་དང༌། དྲོ་བ་ཤ་ཥ་ས་ཧ་བཞི། མཐའ་ཟད་ཀྵ་སྟེ་བཅོ་ལྔ་ལ་རྩུབ་པའི་ཡི་གེར་འདོད་དོ།། རང་རེའི་སྔོན་བྱོན་མཁས་པ་ཚོས་རྩོམ་འགྲོས་ཀྱི་ཉམས་དང་སྡེབ་སྦྱོར་གྱི་འགྲོས་ལ་བྱང་བའི་ཆེད་དུ་རྒྱ་གར་གྱི་ཡི་གེ་འཇམ་རྩུབ་གྱི་རྣམ་གཞག་ལ་དཔེར་བྱས་ཏེ། གསལ་བྱེད་སུམ་ཅུ་ལ་འཇམ་རྩུབ་གཉིས་སུ་ཕྱེས་ཡོད་དེ། སྡེ་བ་ལྔ་བ་ཡན་ཆད་ཀྱི་མ་ནིང་ལྔ་བཏོན་པའི་ལྷག་མ་ཀ་ག་ང་ཅ་ཇ་ཉ་ཏ་ད་ན་པ་བ་མ་ཙ་ཛ་ཝ་སྟེ་བཅོ་ལྔ་དང་འ་ཡ་ར་ལ་ཨ་ལྔ་བཅས་ཉི་ཤུ་བོ་འཇམ་པའི་ཡི་གེ་དང༌། མ་ནིང་ཁ་ཆ་ཐ་ཕ་ཚ་ལྔ་དང་ཞ་ཟ་ཤ་ས་ཧ་བཅས་བཅུ་བོ་རྩུབ་པའི་ཡི་གེ་ཉིད་དུ་འཇོག་ཅིང༌། ཡང་གོང་གསལ་འཇམ་པའི་ཡི་གེ་དེ་དག་ལ་མགོ་འདོགས་བརྩེགས་མ་བྱུང་ན་རྩུབ་ཡིག་ཏུ་འགྱུར་འགྲོ་བ་ཡིན་ཞེས་སྔོན་བྱོན་བོད་ཀྱི་སྙན་ངག་མཁན་མང་ཆེ་བས་བཤད་ཡོད། ཁམས་འགྲེལ་རྗེས་འབྲངས་དང་བཅས་པས་མིང་གཞིའི་ཡི་གེ་འཇམ་པ་ཡིན་ཕྱིན་ཆད་མགོ་འདོགས་བརྩེགས་གསུམ་གྱི་ཁྱད་པར་ཡོད་མེད་ལ་མ་ལྟོས་པར་འཇམ་པའི་ཡི་གེ་སོར་བཞག་མཛད་པ་དང༌། ཡང་འགའ་ཞིག་གིས་འཇམ་ཡིག་སུམ་བརྩེགས་ཅན་རྣམས་རྩུབ་མོ་བཞག་པ་མ་གཏོགས་ཉིས་བརྩེགས་ཅན་མོ་ཡིག་རང་སོར་བཞག་པའི་ཚུལ་རྣམས་ཀྱང་རང་རང་གི་དཔེར་བརྗོད་ལ་བརྟེན་ནས་ཤེས་དགོས། འདིར་ཤེས་དགོས་པ་ཞིག་ལ་ཡི་གེ་འཇམ་རྩུབ་ཀྱི་ངོས་འཛིན་སྟངས་ནི་འཕགས་ཡུལ་གྱི་ཡི་གེའི་སྦྱོར་བ་དང་སྒོ་བསྟུན་པའམ་དེའི་ལད་ཟློས་ཙམ་ཡིན་གྱི། རང་རེའི་སུམ་རྟགས་ཀྱི་གཞུང་ནས་བཤད་པའི་ཕོ་མོ་མ་ནིང་གི་བརྗོད་པ་དྲག་ཞན་དང་འབྲེལ་བའི་ཡི་གེ་ངོས་འཛིན་སྟངས་གཉིས་གཏན་ནས་མི་འདྲ་བའི་ཚུལ་འདི་ངེས་པར་དུ་ཤེས་དགོས་པ་ཡིན། སྐབས་འདིར་ཡི་གེ་འཇམ་རྩུབ་ཀྱི་ངོས་འཛིན་དང་སུམ་རྟགས་གཞུང་ནས་བཤད་པའི་ཕོ་མོ་མ་ནིང་གི་བཤད་སྟངས་གཉིས་མི་འདྲ་བ་ལ་བརྟེན་ནས། ྋགོང་ས་ལྔ་བ་ཆེན་པོ་དང་སི་ཏུའི་དངོས་སློབ་ཁམས་སྤྲུལ་རིན་པོ་ཆེ་གཉིས་ཀས་མགྲིན་གཅིག་དབྱངས་གཅིག་གིས། སྙན་ངག་གི་སྐབས་སུ་ཡི་གེ་འཇམ་རྩུབ་ཀྱི་ངོས་འཛིན་རྣམས་སུམ་རྟགས་ཀྱི་གཞུང་ནས་བཤད་པ་ལྟར་བྱས་ན་ལེགས་ཚུལ་གསུངས་པ་ནི། རང་རེ་བོད་ལ་མཚོན་ན་རིན་ཐང་གཞལ་དུ་མེད་པའི་ལེགས་བཤད་རྩ་ཆེན་ཞིག་ཡིན་མོད། དེ་ལྟ་ནའང་ཕྱིས་བྱོན་མཁས་པ་རྣམས་ལྟ་ཅི་ྋགོང་ས་ལྔ་པ་ཆེན་པོ་རང་ཉིད་ཀྱིས་ཀྱང་དབྱངས་ཅན་དགྱེས་གླུར་སྔོན་བྱོན་མཁས་པའི་བཞེད་སྲོལ་སོར་བཞག་གནང་བ་ལས། རང་གི་དགོངས་པའི་མཐིལ་ན་ཡོད་པའི་བཞེད་སྲོལ་དེ་དངོས་སུ་ལག་བསྟར་་གནང་མི་འདུག

གསུམ་པ། ཐུན་མོང་མིན་པའི་རྒྱན་གྱི་དབྱེ་བ།

སྦྱར་བ་རབ་དྭངས་མཉམ་ཉིད་དང༌། ། སྙན་དང་ཤིན་ཏུ་གཞོན་པ་དང༌། ། དོན་གསལ་བ་དང་རྒྱ་ཆེ་བ། ། བརྗིད་དང་མཛེས་དང་ཏིང་ངེ་འཛིན། ། ཡོན་ཏན་འདི་བཅུ་བེདརྦྷའི། ། ལམ་གྱི་སྲོག་ཏུ་བཤད་པ་ཡིན། ། འདི་དག་ཕལ་ཆེར་བཟློག་པ་ནི། ། གོ་ཌཱའི་ལམ་དག་མཚོན་པར་བྱེད། ། ཐུན་མོང་མ་ཡིན་པའི་རྒྱན་ལ་ནང་གསེས་དབྱེ་བ་བཅུ་ཡོད་དེ། སྦྱར་བའི་ཡོན་ཏན། རབ་དྭངས་ཀྱི་ཡོན་ཏན། མཉམ་ཉིད་ཀྱི་ཡོན་ཏན། སྙན་པའི་ཡོན་ཏན། ཤིན་ཏུ་གཞོན་པའི་ཡོན་ཏན། དོན་གསལ་བའི་ཡོན་ཏན། རྒྱ་ཆེ་བའི་ཡོན་ཏན། བརྗིད་པའི་ཡོན་ཏན། མཛེས་པའི་ཡོན་ཏན། ཏིང་ངེ་འཛིན་གྱི་ཡོན་ཏན་ཏེ། ཡོན་ཏན་འདི་བཅུ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་སྙན་ངག་པ་ཚོས་ལམ་གྱི་སྲོག་ཏུ་བཤད་པ་ཡིན་ལ། འདི་དག་ཕལ་ཆེ་བའི་ལྡོག་ཕྱོགས་ཀྱིས་ཤར་བའི་ལུགས་ཀྱི་རྩོམ་སྟངས་མཚོན་པ་ཡིན་ནོ།།

བཞི་བ། རྒྱན་སོ་སོའི་གོ་དོན་དང་དཔེར་བརྗོད་དོགས་གཅོད། དང་པོ། སྦྱར་བའི་ཡོན་ཏན་བཤད་པ།

༡༽ ལྷོ་པའི་ལུགས་ཀྱི་སྦྱར་བའི་ཡོན་ཏན་ནི།

རྩུབ་པ་ཤས་ཆེ་འཇམ་པ་ཡང༌།།

ཅུང་ཟད་བསྲེས་པ་ལྷོ་བའི་ལུགས།། རྩུབ་པའི་ཡི་གེ་ཤས་ཆེ་བར་འཇམ་པའི་ཡི་གེ་ཅུང་ཟད་བསྲེས་པའི་རྒྱན་ཏེ་ལྷོ་བའི་ལུགས་ཀྱི་སྦྱར་བའི་ཡོན་ཏན་ཡིན་ཏེ། དཔེར་ན། བཛྲ་ཧ་སས་ཤ་ཟ་མཁའ་འགྲོའི་ཚོགས།། འཁོར་དུ་བསྡུས་ཏེ་ཚོགས་འཁོར་བསྐོར་དང་ལྷན།། ཁ་སྦྱོར་དགྱེས་རྒུར་རོལ་བཞིན་ཟུར་མིག་བཅས།། ཞབས་བྲོ་འཁྲབ་ཚེ་ཆགས་ལྡན་སེམས་པ་ཤོར།། རྒྱུད་སྡེ་ནས་བཤད་པའི་ཡི་དམ་རྡོ་རྗེ་བཞད་པས་ཤ་ཟ་མཁའ་འགྲོའི་ཚོགས་རྣམས་འཁོར་དུ་བསྡུས་ཏེ་ཚོགས་འཁོར་རྒྱ་ཆེར་བསྐོར་བ་དང་ལྷན་ཅིག་ཏུ་ཁ་སྦྱོར་བ་སོགས་ཀྱིས་ཟུང་འཇུག་བདེ་བ་ཆེན་པོར་དགྱེས་དགུར་རོལ་བཞིན་ཟུར་མིག་དང་བཅས་རྡོ་རྗེའི་གར་སྟབས་ཀྱི་ཞབས་བྲོ་འཁྲབ་ཚེ་རྒྱུད་སྡེ་ལ་ཉམས་མྱོང་མེད་པའི་ཆགས་ལྡན་ཕལ་བ་རྣམས་སེམས་པ་ཤོར་རོ།། ཞེས་པར་རྩུབ་པའི་ཡི་གེ་ཉེར་བརྒྱད་དང་འཇམ་པའི་ཡི་གེ་བརྒྱད་ཙམ་མ་གཏོགས་མེད་པ་ལྟ་བུ། འདིར་འཇམ་དབྱངས་ཁ་ཆེ་བས། ཤོང་ལོའི་འགྱུར་དུ། སྦྱར་བ་སྲོག་ཆུང་ཡི་གེ་མཆོག། ལྷོད་པ་ཉིད་ཀྱིས་མ་རེག་པའོ།། ཞེས་པར་བརྟེན་ནས་ལྷོ་ལུགས་ཀྱི་སྦྱར་བའི་ཡོན་ཏན་ལ་འཇམ་ཡིག་གིས་མ་བསླད་པར་རྩུབ་པའམ་སྲོག་ཆེན་གྱི་ཡི་གེ་ཁོ་ནར་ངེས་པ་འདོད་མོད། དེ་ནི་རྩ་བའི་དཔེར་བརྗོད་དང་བསྡུར་ན་འཐད་དཀའ་བར་སྣང་ཞིང༌། བཞེད་པ་འདིར་རྗེ་བོད་མཁས་ཀྱིས་ཀྱང་མི་འཐད་པར་བཞེད་དེ། དཎྜིའི་དགོངས་རྒྱན་ལས། དེ་ནི་གསུངས་དུས་ཤོག་རལ་ཙམ་མ་གཏོགས་ལག་ཐོག་འདྲེན་རྒྱུའི་སྲོག་ཆེན་ནི་གྷ་དང་བྷ་ལས་སུས་ཀྱང་མ་རྙེད་ཅིང་སྲོག་ཆུང་ཡི་གེ་ཡང་དངོས་སུ་འབྱུང་བ་འདི་སྲོག་ཆེན་ཤས་ཆེ་བ་ཅི་ལ་འགྱུར་ཞེས་གསུངས་ནས། རང་ལུགས་བཞག་པའི་སྐབས་སྣར་ཐང་པཎ་ཆེན་སངྒྷ་ཤྲིས་འབྲུ་མནན་མཛད་པ་ཉིད་རྒྱ་དཔེ་དང་མཐུན་པར་བཞེད་ནས་ལྷོ་ལུགས་ཀྱི་སྦྱར་བའི་གོ་དོན་ལ་སྲོག་ཆུང་མང་ཞིང་སྲོག་ཆེན་ཡང་ཉུང་ཤས་འདྲེས་པ་ཞིག་ཏུ་འཇོག་གོ། དུས་ཕྱིས་སུ་སི་ཏུ་པཎ་ཆེན་གྱི་དངོས་སློབ་འབྲུག་ཁམས་སྤྲུལ་རིན་པོ་ཆེའི་སྙན་འགྲེལ་དུ་བཀོད་པ་ལྟར་ན། རྩ་བར། མཱ་ལ་ཏཱི་དཱ་མ།།ལམ་གྷི་ཏམ་བྷི་མེ་རཻཿ།། ཞེས་པར་རྩུབ་པའི་ཡི་གེ་གྷི་དང་བྷི་གཉིས་མ་གཏོགས་མི་འབྱུང་བས་རྒྱན་འདི་འཇམ་པའི་ཡི་གེ་ཤས་ཆེ་བར་རྩུབ་པའི་ཡི་གེ་ཉུང་ཤས་བསྲེས་པའི་རྒྱན་ཞིག་ཏུ་འདོད་དགོས་པར་བཤད་ཅིང༌། དེ་ལྟ་ནའང་བོད་མཁས་ཀྱི་བཞེད་པ་ལྟར་བྱས་ན་ཐུན་མོང་མ་ཡིན་པའི་རྒྱན་ལྔ་པ་ཤིན་ཏུ་གཞོན་པ་དང་འདྲེས་པའི་སྐྱོན་དུ་འགྱུར་པས། གཞུང་དང་རྒྱ་འགྲེལ་གྱི་དགོངས་པ་འཚོལ་བར་འདོད་ན་འདིའི་སྐབས་ཀྱི་ཡི་གེ་ལྕི་ཡང་དང་སྡེབ་སྦྱོར་གྱི་ཡི་གེ་ལྕི་ཡང་གི་པྲ་སྟྲ་ར་འགོད་ཚུལ་དང་མི་གཅིག་པས་བསྲེ་མི་རུང་བ་དེ་ཤེས་དགོས་པར་བཤད། ྋགོང་ས་ལྔ་བ་ཆེན་པོའི་བཞེད་པ་ནི་གོང་གི་དཔེར་བརྗོད་བཀོད་པ་དེ་དང་མཐུན་པ་ཡིན་ལ་དེའི་ཁུངས་ནི། དཔང་ལོའི་འགྱུར་བཅོས་སུ། སྦྱར་བས་ལྷོད་པས་མ་རེག་པའོ།། ཞེས་དང༌། ཤོང་འགྱུར་དུ། སྦྱར་པ་སྲོག་ཆུང་ཡི་གེ་མཆོག། ལྷོད་པ་ཉིད་ཀྱིས་མ་རེག་པའོ།། ཞེས་པ་འདི་གཉིས་ཡིན་ཞིང་དེའི་དོན་ནི་ལྷོ་ལུགས་ཀྱི་སྦྱར་པའི་ཡོན་ཏན་ལ་སྲོག་ཆུང་ངམ་ལྷོད་པའི་ཡི་གེ་མང་པོས་མ་རེག་པ་ཞིག་དགོས་པ་དེ་ཡིན་ནོ།། འོ་ན་སྙན་གཞུང་རྩ་ཚིག་ཏུ་རྩུབ་པའི་ཡི་གེ་གྷི་དང་བྷི་གཉིས་ལས་མི་འབྱུང་བས་སྲོག་ཆེན་མང་བ་དང་སྲོག་ཆུང་ཉུང་བ་ཇི་ལྟར་འཐད་ཅེ་ན་སྐྱོན་མེད་དེ། རྒྱ་སྐད་ཀྱི་དབང་དུ་བྱས་ན་མིང་གཞི་གསལ་བྱེད་དེ་དག་སྤྱིར་བཏང་འཇམ་པ་ཡིན་ཡང་དབྱངས་རིང་སྲོག་ཏུ་ཞུགས་པའི་ང་རོ་ཅན་མཱ་ཏཱི་སོགས་དང་རྣམ་བཅད་ཀྱི་ཡི་གེ་ རཻཿ རྣམས་སྲོག་ཆེན་གྱི་ཡི་གེ་དང་འདྲ་བས་འདིར་སྲོག་ཆེན་གྱི་ཁོངས་སུ་དྲངས་པ་ཡིན་ལ། སྔོན་བྱོན་མཁས་པ་མང་པོས་བཞེད་པའང་འདི་ཉིད་ཁོ་ནའོ།། ༢ ཤར་ཕྱོགས་པའི་སྦྱར་བའི་ཡོན་ཏན་ནི། འཇམ་པ་ཤས་ཆེན་ཡི་གེ་གཅིག། ཡང་ཡང་བསྐོར་བ་ཤར་བའི་ལུགས།། འཇམ་པའམ་སྲོག་ཆུང་གི་ཡི་གེ་ཤེད་ཆེ་ཞིང་གསལ་བྱེད་ཡི་གེ་གཅིག་ཉིད་ལ་ཡང་ཡང་བསྐོར་བའི་རྗེས་འཁྲིད་ཀྱི་རྒྱན་ལ་ཤར་བའི་ལུགས་ཀྱི་སྦྱར་བའི་ཡོན་ཏན་ཟེར། དཔེར་ན། གངས་ཅན་དབྱིག་འཛིན་དགའ་མའི་ལྟོ་བ་ན།། གྲང་རེག་གིས་འཁྱུད་གངས་ཀྱི་རི་བོ་དག། དྲོ་སྐྱིད་ཉི་འོད་གོས་དང་འགྲོགས་པ་ལས།། ནམ་ཡང་གུད་མེད་ཤིས་པའི་དགེ་མཚན་འབར།། གངས་ཅན་བོད་ཀྱི་ཞིང་ཁམས་ན་གྲང་རེག་གིས་འཁྱུད་པའི་གངས་རི་རྣམས་ཉི་འོད་དང་འགྲོགས་པ་ལས་གངས་ཀྱི་གཟི་མདངས་ཀྱི་མཛེས་པ་དང་གངས་རྒྱུན་གྱིས་ས་གཞི་བརླན་པའི་བོད་གངས་ཅན་པ་རྣམས་ནམ་ཡང་གུད་དུ་མེད་པའི་དགེ་མཚན་བསྐྲུན་པར་བྱས་སོ།། ཞེས་པར་འཇམ་པའམ་སྲོག་ཆུང་གི་ཡི་གེ་ཉེར་ལྔ་དང་སྲོག་ཆེན་བཅུ་གཉིས་མ་གཏོགས་མེད་ཅིང་གསལ་བྱེད་མིང་གཞི་ག་ཡིག་ལ་ཡང་ཡང་བསྐོར་ནས་རྗེས་སུ་འཁྲིད་པ་ལྟ་བུ། འདིར་སི་ཏུ་པཎ་ཆེན་དང་ཁམས་སྤྲུལ་རྗེས་འབྲངས་དང་བཅས་པས་བཞེད་པ་ལྟར་ན། འཇམ་པ་ཁོ་ནས་ཡི་གེ་གཅིག་ལ་ཡང་ཡང་བསྐོར་བའི་རྗེས་འཁྲིད་ཅན་ཞིག་ལ་ཤར་ལུགས་ཀྱི་སྦྱར་བའི་ཡོན་ཏན་དུ་འདོད་དེ། རྩ་བར། ལྷོད་པ་མཱ་ཏཱི་མཱ་ལ།། ལོ་ལཱ་ལི་ཀ་ལི་ལཱ་འདོད།། གཽ་ཌཱ་པ་ཡིས་རྗེས་འཁྲིད་བློས།། དེ་འདོད་་་་་། ཅེས་འབྱུང་བ་རྣམས་ཡིག་འབྲུ་རེ་རེ་བཞིན་སྲོག་ཆུང་ཁོ་ན་ཡིན་པས་སོ།། ཞེས་གསུངས་ཏེ། རྩ་བའི་ཡི་གེ་རྣམས་སྤྱིར་སྲོག་ཆུང་ཁོ་ན་ཡིན་པ་ཤིན་ཏུ་བདེན་པས། འོ་ན་ྋགོང་ས་ལྔ་བ་ཆེན་པོ་རྗེས་འབྲངས་དང་བཅས་པས་འཇམ་པ་ཁོ་ན་མི་དགོས་པར་འཇམ་པ་ཤས་ཆེ་ཙམ་གྱིས་འཐུས་པར་གསུངས་པ་རྩ་བ་དང་མི་མཐུན་ནམ་ཞེ་ན། གོང་དུ་ལྷོ་ཕྱོགས་ཀྱི་སྦྱར་བའི་ཡོན་ཏན་སྐབས་སུ་བཤད་ཟིན་པ་ལྟར་། སྙན་ངག་རྩ་བའི་དཔེར་བརྗོད་ཀྱི་ཡིག་འབྲུ་རྣམས་སྤྱིར་བཏང་སྲོག་ཆུང་ཡིན་ཡང་། དབྱངས་རིང་སྲོག་ཏུ་ཞུགས་པ་མཱ་དང་ཏཱི་ལ་སོགས་པ་སྣང་བ་དེ་དག་ང་རོའི་དབང་གིས་སྲོག་ཆེན་དང་འདྲ་བས་འདིར་སྲོག་ཆེན་དུ་བགྲངས་པས། རྩ་བའི་དཔེར་བརྗོད་དང་མི་མཐུན་པའི་སྐྱོན་མེད་པར་མ་ཟད། དཔང་ལོ་ཆེན་པོའི་འགྱུར་བཅོས་སུ། སྲོག་ཆུང་ཡི་གེ་ཤས་ཆེ་བ།། ཞེས་གསུངས་པ་འདི་ཉིད་དང་མཐུན་པ་ཡིན་ཏེ། འགྱུར་བཅོས་ཀྱི་མཚན་ཉིད་དེའི་དོན་ནི་ཤར་ཕྱོགས་པའི་ལུགས་ཀྱི་སྦྱར་བའི་ཡོན་ཏན་ལ་སྲོག་ཆུང་ཡི་གེ་ཤས་ཆེ་བ་ཙམ་ལ་སྲོག་ཆེན་ཡང་ཅུང་ཟད་འདྲེས་ཆོག་པ་བསྟན་པ་ཡིན་ནོ།།



གཉིས་པ། རབ་དྭངས་ཀྱི་ཡོན་ཏན་བཤད་པ།

༡༽ལྷོ་པའི་ལུགས་ཀྱི་རབ་དྭངས་ཀྱི་ཡོན་ཏན་ནི།

   བརྗོད་བྱ་རྗོད་བྱེད་གཉིས་ཀའི་ཆ།། 

འཇིག་རྟེན་གྲགས་པ་གཙོར་བྱས་ཏེ།། དོན་གསལ་གོ་སླ་ལྷོ་བའི་ལུགས།། ཞེས་བརྗོད་བྱ་རྗོད་བྱེད་གཉིས་ཀའི་ཆར་འཇིག་རྟེན་གྲགས་ཚད་གཙོ་བོར་བྱས་ཏེ་སྦྱར་བས་དོན་གསལ་ཞིང་གོ་སླ་བའི་རྒྱན་ལ་ལྷོ་ཕྱོགས་པས་རབ་དྭངས་ཀྱི་ཡོན་ཏན་དུ་འདོད་དེ། དཔེར་ན། དྲི་བྲལ་མཐོན་མཐིང་གནམ་གྱི་མཐོངས་ཡངས་པོར།། རྟ་བདུན་ཤུགས་ཀྱིས་འདྲེན་པའི་ཉི་གཞོན་གང༌།། འཆར་བས་མོད་ལ་མུན་པའི་མཚང་བརྟོལ་ཞིང༌།། སྣ་ཚོགས་འདབ་སྟོང་སྦྲང་རྩིའི་ཕོན་པོ་རྒོད།། ནམ་མཁའ་གཡའ་དག་པའི་ངོས་ནས་ཉི་གཞོན་ཤར་མ་ཐག་ཏུ་མུན་པ་གསལ་བ་དང་པདྨ་འདབ་མ་གྲོལ། ཞེས་བརྗོད་བྱ་རྗོད་བྱེད་གཉིས་ཀའི་ཆར་འཇིག་རྟེན་གྲགས་ཚད་གཙོ་བོར་བྱས་ནས་བརྗོད་དོན་གསལ་ཞིང་གོ་སླ་བ་ལྟ་བུ། འདིར་རབ་དྭངས་ཞེས་བརྗོད་པའི་རྒྱུ་མཚན་ནི་དཔེར་ན། ཆུ་རྫིང་ཧ་ཅང་ཆེ་བའི་ནང་བལྟས་པ་ཙམ་གྱིས་གཏིང་གི་རྡེའུ་དཀར་ནག་རྣམས་གསལ་ལེར་མཐོང་ནུས་པ་ལྟར། འདིར་ཡང་ཚིག་དོན་གཉིས་ཀ་འཇིག་རྟེན་ཡོངས་གྲགས་དང་སྦྱར་བས་སླར་གཏན་ཚིགས་སོགས་ཀྱིས་སྒྲུབ་མི་དགོས་པར་ཚིག་དེ་ཐོས་པ་དང་དེའི་དོན་བདེ་བླག་ཏུ་གོ་ནུས་པས་རབ་དྭངས་ཞེས་བཏགས་པ་ཡིན་ནོ།།

༢ ཤར་པའི་ལུགས་ཀྱི་རབ་དྭངས་ཀྱི་ཡོན་ཏན་ནི། སྔོན་དུས་གྲགས་པ་མི་ལྡན་ཡང༌།། ངེས་ཚིག་ཙམ་གྱིས་ངག་སྦྱོར་དེ།། བཤད་དུ་རུང་བའི་དོན་ཅན་ནི།། ཤར་བས་འདོད་པའི་རབ་དྭངས་ཡིན།། ཞེས་བརྗོད་དོན་ཡོངས་སུ་གྲགས་པ་ཞིག་ལ་རྗོད་ཚིག་སྔོན་དུ་འཇིག་རྟེན་གྲགས་པ་དེ་ཙམ་མི་ལྡན་ཡང་ངེས་ཚིག་ཙམ་བཤད་རུང་བའི་ཚིག་སྦྱོར་ཞིག་ལ་འདོད་པ་ཡིན་ཏེ། དཔེར་ན། མི་གཉིད་སད་པའི་འཇུག་ངོགས་ཡངས་པོ་ནས།། རྐང་འགྲོས་དོར་བའི་གསེར་རིའི་གྲངས་ལྡན་རྟས།། ཉེར་འདྲེན་སྒྲ་གཅན་ཟས་ཀྱི་འཛུམ་ཕྲེང་ནི།། དཀར་མིན་འདབ་མ་ཕྱེ་བའི་དཔྱིད་དུ་གསལ།། འདིའི་བརྗོད་གཞི་ནམ་མཁའི་དབྱིངས་ནས་ཉི་འོད་འཕྲོས་ན་པདྨ་རྣམས་ཁ་འབྱེད་པ་དེ་ཡིན་མོད། འཇིག་རྟེན་ན་ཡོངས་སུ་གྲགས་པ་དང་མི་ལྡན་པར་ཚིག་ཤིན་ཏུ་སྒྲིབ་པས་གོ་དཀའ་ཡང༌། ངེས་ཚིག་ཙམ་བཤད་དུ་རུང་བ་ལ་བརྟེན་པ་ལྟ་བུ། འདིར་རྗོད་བྱེད་ཀྱི་ཚིག་དེ་ཙམ་གྲགས་པ་མི་ལྡན་པས་ཤིན་ཏུ་མི་གསལ་ན་ཅིའི་ཕྱིར་རབ་དྭངས་ཀྱི་ཡོན་ཏན་དུ་འཇོག་ཅེ་ན། རྗོད་བྱེད་ངེས་ཚིག་ཙམ་ལ་ལྟོས་དགོས་པས་མི་གསལ་ན་ཡང༌། བརྗོད་དོན་བརྟག་ཅིང་ཞིབ་ཏུ་བཙལ་བ་ན་བརྗོད་བྱ་ཤིན་ཏུ་གསལ་བའམ་ཇེ་དྭངས་སུ་འགྲོ་བས་དེ་སྐད་དུ་འདོགས་པ་ཡིན་ནོ།།

གསུམ་པ། མཉམ་པའི་ཡོན་ཏན་བཤད་པ། ༡ ལྷོ་ལུགས་ཀྱི་མཉམ་པའི་ཡོན་ཏན་ནི། འཇམ་རྩུབ་ཡི་གེ་དོ་མཉམ་པ།། ཕྱོགས་སུ་མ་ལྷུང་ལྷོ་བའི་ལུགས།། ཚིགས་བཅད་གཅིག་གི་ཡི་གེ་འཇམ་རྩུབ་མང་ཉུང་དོ་མཉམ་པའི་རྒྱན་དེ་ལྷོ་པའི་ལུགས་ཀྱི་མཉམ་པའི་ཡོན་ཏན་དུ་འདོད་དེ། དཔེར་ན། འདི་ནས་བྱང་ཕྱོགས་ལེ་དབར་དུ་མའི་མཐར།། རབ་དཀར་གངས་ཀྱི་ས་འཛིན་ཕྲེང་བ་ཡིས།། ཡོངས་བསྐོར་བསིལ་ལྡན་ཞིང་གི་མཛེས་ལྗོངས་དེ།། ཁམས་ཕྲུག་འཁྱམས་པའི་ཕ་སའི་ཞིང་ཁམས་ཡིན།། འདི་ནས་བྱང་ཕྱོགས་ལེ་དབར་དུ་མ་བརྒལ་བའི་མཐར་གངས་རིས་བསྐོར་བའི་བོད་ཀྱི་ས་གནས་དེ་ཁམས་ཕྲུག་འཁྱམས་པའི་ཕ་ཡུལ་ཡིན་ནོ།། ཞེས་པར་འཇམ་པའི་ཡི་གེ་བཅོ་བརྒྱད་དང་རྩུབ་པའི་ཡི་གེ་ཡང་བཅོ་བརྒྱད་དེ་འཇམ་རྩུབ་དོ་མཉམ་པ་ལྟ་བུ་སྟེ། འདི་རྐང་པ་ཕྱེད་སྔ་མ་འཇམ་པ་དང་ཕྱེད་ཕྱི་མ་རྩུབ་པ་ལྟ་བུ་ཡང་བྱེད་ཆོག་པ་ཡིན་ནོ།། རཏྣ་ཤྲིའི་རྒྱ་འགྲེལ་དུ། འཇམ་པ་ལ་འཇམ་པའི་འཇམ་པ་དང༌། འཇམ་པའི་བར་བ། འཇམ་པའི་རྩུབ་པ་གསུམ་དུ་ཕྱེས་ཤིང་དེ་དག་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བས་དགུ་བོ་ལ་མཚན་གཞི་དཔེར་བརྗོད་དང་བཅས་པ་བཀོད་ཡོད་ཀྱང་བོད་ཚིག་ཡི་གེ་ལྕི་ཡང་གི་རྣམ་གཞག་དེ་ཙམ་གུ་ཡངས་མ་ཡིན་པ་དང་བོད་ལ་དེ་ཙམ་ཉེ་བར་མི་མཁོ་བ་བཅས་ལ་དགོངས་ནས་སྔོན་བྱོན་མཁས་པ་ཚོས་གསལ་བཤད་བྱས་མེད། དུས་ཕྱིས་ཕྱོགས་འདིར་རྩོད་མེད་མཁས་པའི་ཁྱུ་མཆོག་སི་ཏུ་ཡབ་སྲས་ཀྱིས་ཀྱང་འཕགས་བལ་གྱི་མཁས་པའི་གསུང་རྒྱུན་དང་རྒྱ་འགྲེལ་རྣམས་སུ་དེ་ལྟར་ཡོད་པའི་མཛུབ་སྟོན་ཙམ་མ་གཏོགས་བོད་སྐད་ཐོག་གསར་སྤེལ་གནང་མེད། ༢ ཤར་པའི་མཉམ་པའི་ཡོན་ཏན་ནི། འཇམ་རྩུབ་གྲངས་ཀ་མི་མཉམ་ཡང༌།། ཚིག་དོན་ལ་ལྟོས་མཉམ་པ་ནི།། ཤར་བའི་ལུགས་ཀྱི་མཉམ་པ་ཡིན།། ཡི་གེ་འཇམ་རྩུབ་ཀྱི་གྲངས་ཀ་མང་ཉུང་དོ་མི་མཉམ་ཡང་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་སྦྱོར་ལ་བལྟས་ནས་མཉམ་པ་ཞིག་ལ་ཟེར། དཔེར་ན། རབ་དཀར་བཀོད་ལེགས་གངས་རི་དུ་མའི་དབུས།། ལུགས་ཟུང་གསེར་འཁོར་མཁའ་ལ་འཕགས་དང་ལྷན།། བསིལ་ལྡན་ལྗོངས་ཀྱི་སྙན་གྲགས་ལྷ་ཡི་རྔ།།། ཕྱོགས་བྲལ་ཕྱོགས་ཀྱི་འཁོར་ལོའི་ཁྱོན་ཀུན་བརྡལ།། ཆོས་རྒྱལ་མེས་དབོན་རྣམ་པའི་སྐུ་རིང་ལ་གདོང་དམར་བོད་ཀྱིས་འཛམ་གླིང་སུམ་གཉིས་ས་ལ་དབང་བསྒྱུར་བྱས་ཏེ་ལུགས་ཟུང་གསེར་གྱི་འཁོར་ལོ་དགུང་ལ་འཕགས་པ་དང་མཉམ་དུ་བོད་རྒྱལ་ཁབ་ཆེན་པོའི་སྙན་གྲགས་འཛམ་གླིང་ཕྱོགས་མཐའ་ཡོངས་སུ་གྲགས་སོ།། ཞེས་པར་འཇམ་པའི་ཡི་གེ་ཉུང་ཞིང་རྩུབ་པ་མང་བས་འཇམ་རྩུབ་དོ་མི་མཉམ་ཡང་བརྗོད་བྱའི་དོན་གྱི་སྦྱོར་ཚུལ་ལ་བལྟས་ནས་མཉམ་པའི་ཡོན་ཏན་དུ་བཞེད་པ་ལྟ་བུ། སྨོན་འགྲོ་ལོ་ཙཱ་བ་ཡབ་སྲས་ཀྱི་གསུང་རྒྱུན་འདིར་ཁམས་སྤྲུལ་རིན་པོ་ཆེའི་སྙན་འགྲེལ་ངག་གི་རོལ་མཚོ་ལས། གཞུང་ཚིག་དངོས་བསྟན་ཁོ་ན་ལས་བཙལ་བའི་གོ་ཚོད་ཙམ་ཚད་མར་མཛད་ནས་དཔེར་བརྗོད་སྔ་མ་དངོས་ལྷོ་བ་དང༌། ཕྱི་མ་ཤར་བའི་ལུགས་སུ་མཛད་ཅིང༌། མཉམ་པའི་གོ་བ་ཡང་དཔེར་བརྗོད་གཅིག་ལ་ཡི་གེ་འཇམ་རྩུབ་ཆ་མཉམ་པ་ཙམ་ལ་བཞེད། དེ་ནས་བཟུང་འགྲེལ་ཕྱི་མ་ཀུན་དེའི་རྗེས་སུ་འབྲང་ནས་དགག་བཞག་མང་པོ་མཛད་པ་ནི། ཕྱོགས་སྔའི་ནམ་མ་ལངས་པར་དགག་བཞག་གི་ཉི་མ་ཤར་བས་མོན་སྤ་གྲོའི་ཞུ་དག་དང་འབྲི་གུང་གི་དམག་རྩིས་ཀྱིས་དཔེས་ཕྱིན་ཅི་ལོག་ཏུ་སོང་བ་དང༌། འབྲུག་སྤྲུལ་རང་གི་ལུགས་ལ། སློབ་དཔོན་རཏྣ་ཤྲིའི་རྒྱ་འགྲེལ་དུ། མཉམ་པ་ཞེས་པ་ལ་སོགས་པ་སྟེ། རྩོམ་པ་རྣམས་ཀྱི་ཡུལ་ལ་གང་ཞིག་ཐོག་མཐའ་བར་གསུམ་རྐང་པ་བཞི་ཀ་ལའང་མི་མཉམ་པ་མེད་པར་རིགས་མཐུན་མཉམ་པ་ཉིད་དུ་སྦྱར་བ་དེ་ནི་མཉམ་པའི་ཡོན་ཏན་དུ་བཤད་དོ།། ཞེས་དང༌། ཀུན་མཁྱེན་པདྨ་དཀར་པོས། འདིར་སྔ་མས་རྐང་པ་རེར་ཆུང་ན་ཆུང་མཉམ། བར་ན་བར་མཉམ། ཆེ་ན་ཆེ་མཉམ་པའི་དོན་དུ་བྱས། ཕྱི་མ་རྐང་པ་རེར་ཆེ་ཆུང་བར་མ་ཐམས་ཅད་མཉམ་པའི་དོན་དུ་གཞུང་གིས་ཐོན་ལ། ཊིཀ་བྱེད་གཞན་དུ་འཆད་པ་འཐད་པར་མི་སྣང་ངོ༌།། ཞེས་གསུངས་པ་འདི་དག་ཁུངས་སུ་བྱས་ཏེ། སྤྱིར་སྦྱོར་བ་འཇམ་ན་འཇམ་མཉམ་དང༌། རྩུབ་ན་རྩུབ་མཉམ། བསྲེས་ན་བར་མ་མཉམ་པའི་རྒྱན་ལ་ལྷོ་ལུགས་ཀྱི་མཉམ་པའི་ཡོན་ཏན་དང༌། མ་བརྟགས་པར་སྦྱོར་བའི་རྣམ་པས་ཚིགས་བཅད་ཕྱེད་མི་མཉམ་པ་ལ་དེའི་ལྡོག་ཟླ་ཤར་བའི་ལུགས་ཀྱི་མི་མཉམ་པའི་ཡོན་ཏན་དུ་འདོད་དོ།། རིན་སྤུངས་པ་དང་ལྔ་བ་ཆེན་པོ་སོགས་ཀྱིས་ཤར་པའི་ལུགས་ཀྱི་མཉམ་པའི་ཡོན་ཏན་ཞེས་སྦྱར་དགོས་ཏེ། འདི་རྣམས་ཐུན་མོང་མིན་པའི་རྒྱན་གྱི་མིང་ཙམ་མཐུན་པ་ཡོད་དགོས་པའི་ཕྱིར། དེ་ལྟར་མིན་ན་རྒྱན་འདི་དག་དབྱེ་བ་བཅུའི་ནང་དུ་མི་འདུ་བས་གཞུང་དོན་ལས་ཕྱི་རོལ་དུ་གྱར་བར་འགྱུར་རོ།། འདི་ཉིད་ཚིག་སྦྱོར་ལྕི་ཡང་མི་མཉམ་ཡང༌། དོན་མཉམ་པ་ཡིན་པའི་ཕྱིར་ཏེ། རྒྱ་དཔེར། ཙནྡན་གྱིས་བགོས་དྲི་ལྡང་ཞིང༌།། འཇམ་པ་མ་ལ་ཡ་ཡི་རླུང༌།། བདག་གི་བརྟན་འགོག་དགའ་མ་ནི།། མཆོག་གི་ཁ་ཡི་རླུང་དང་འགྲན།། ཞེས་པ་འདིར་རླུང་དང་དགའ་མའི་དབུགས་གཉིས་ཡོན་ཏན་མཉམ་པ་དང༌། ཁུ་བྱུག་དང་རླུང་གཉིས་དུས་མཉམ་དུ་ཚོགས་པ་ངོས་འཛིན་ཆོག་པས་སོ།། ཞེས་པར་འདོད་པར་ཡང༌། འབྲུག་འགྲེལ་དུ། ཡང་ཁ་ཅིག ཤར་བ་རྣམས་ཀྱིས་ཀྱང་སྒྲ་མི་མཉམ་ནའང་དོན་མཉམ་པ་ཞིག་དགོས། དེ་མེད་ན་མཉམ་པའི་མིང་ཡང་མི་ཐོབ། ཅེས་དང༌། དེ་ལྟ་བུའི་དོན་མཉམ་པ་ངོས་འཛིན་པའི་ཚེ། རླུང་དང་དགའ་མའི་དབུགས་གཉིས་ཡོན་ཏན་མཉམ་པ་དང༌། ཁུ་བྱུག་དང་རླུང་གཉིས་དུས་མཉམ་དུ་ཚོགས་པ་ངོས་འཛིན་མཛད་པའང་རང་ཉིད་ཀྱི་མཁྱེན་རབ་ལས་གང་བྱུང་ཁོ་ན་མ་གཏོགས་གཞུང་དང་རྒྱ་འགྲེལ་གཉིས་ཀའི་ཁུངས་དང་མི་མཐུན་ཞེས་ཟུར་ཟ་དང་བཅས་བཀག་སྟེ། རང་ལུགས་ལ་རྒྱ་འགྲེལ་གྱི་ཚིག་བསྒྱུར་བའི་ནང་དུ། དེའི་མི་མཉམ་པའི་སྙན་ངག་ཏུ་འགྱུར་རོ།། ཞེས་པ་འདི་ཁུངས་སམ་ལུང་དུ་བྱས་ཏེ། དཔེར་བརྗོད་ཕྱི་མ་འདི་ཉིད་མི་མཉམ་པའི་དོན་དུ་རྒྱ་འགྲེལ་དགོངས་པས་འཆད་ཀྱི་མཉམ་པའི་དོན་དུ་མི་འཇོག་པ་ནི་ཁྱད་པར་རོ།། ཞེས་གསུངས་པ་ནི་ལུང་རིགས་ཀྱི་སྒྲུབ་བྱེད་ལྡན་པའི་ལེགས་བཤད་ཁོ་ནར་གོ་མོད། དེ་ལྟ་ནའང་ལྔ་བ་ཆེན་པོ་སོགས་ཀྱིས་ཐུགས་དོགས་གནང་ས། ཤར་ལུགས་ཀྱི་རྒྱན་འདི་ཐུན་མོང་མིན་པའི་རྒྱན་བཅུའི་ནང་མིང་གང་གི་ཁོངས་སུ་སྡུད་པ་དེ་དང་འབྲེལ་མེད་དུ་འགྱུར་བའི་འགལ་སྤང་ཚིག་འབྲུ་གཅིག་ཀྱང་བཀོད་མི་འདུག་པ་ནི། འབྲུག་སྤྲུལ་རང་ཉིད་འདིའི་སྒྲུབ་ཕྱོགས་ནས་མ་གཏོགས་དགག་ཕྱོགས་ནས་ཐུགས་རྟོག་མ་བྱུང་བ་ཡིན་མཆི་ཡང་ཁོང་གིས་དགག་ཕྱོགས་ཀྱི་སྐྱོན་སྤང་མི་མཁྱེན་པ་ག་ལ་ཡིན། གཞན་ཡང་ལྷོ་ཕྱོགས་མཉམ་པའི་ཡོན་ཏན་བཤད་པའི་སྐབས་ཟུར་མཁར་པ་སོགས་ཀྱི་འཇམ་ན་འཇམ་མཉམ་དང༌། རྩུབ་ན་རྩུབ་མཉམ་བསྲེས་ན་བར་མཉམ་དུ་འཆད་པར། ལྔ་བ་ཆེན་པོས་རྒྱ་གཞུང་དུ་ཐ་སྙད་མེད་པས་མི་འབྲེལ་ལོ།།ཞེས་བཀག་སྟེ། ཟུར་མཁར་པ་བློ་གྲོས་རྒྱལ་བོ་དང༌། དཔལ་ཁང་བ། འབྲུག་པ་པདྨ་དཀར་པོ་གསུམ་ལ་ཟུར་ཟ་གནང་བའི་སྐབས། ཐ་སྙད་ལ་སྡང་བ་ཙམ་ལས་དགག་བཞག་རྒྱས་པ་མ་མཛད་པ་འདིས་སྒྲུབ་བྱེད་གཞན་མེད་པ་མཚོན་བྱེད་དུ་གོ་བ་མི་བྱ་སྟེ། དེ་ལྟ་ན་ཐུན་མོང་མ་ཡིན་པའི་རྒྱན་ཀུན་ཀྱང་མཉམ་པའི་ཡོན་ཏན་དུ་འདུ་བར་འགྱུར་བའི་ཕྱིར། གང་ལྟར་ཕྱོགས་གཉིས་ཀའི་དགོངས་ཚུལ་ངེས་པར་བྱས་ན་མཁས་པའི་ཡན་ལག་ཏུ་འགྱུར་གྱི་རང་གི་འཁྲིད་རྒྱུན་ཙམ་ལ་ཨུ་ཚུགས་གཅེས་འཛིན་གྱིས་གཞན་ཕྱོགས་ལ་སྡང་བ་ནི་མཁས་པའི་ལུགས་མིན་ནོ།།

བཞི་པ། སྙན་པའི་ཡོན་ཏན་བཤད་པ། ༡༽ སྙན་པའི་ཡོན་ཏན་ངེས་བཟུང་བ་ནི། བརྗོད་བྱ་རྗོད་བྱེད་གཉིས་ཀ་ལ། ། སྒྲ་དོན་ཉམས་ལྡན་གྲོང་ཚིག་མིན། ། བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་གཉིས་ཀ་ལ་སྒྲ་དང་དོན་གྱི་ཉམས་ལྡན་པའི་རྒྱན་ལ་ལྷོ་ཤར་གཉིས་ཀས་སྙན་པའི་ཡོན་ཏན་དུ་འདོད་དེ། དེ་དང་མི་ལྡན་པའི་གྲོང་ཚིག་ཕལ་བ་རྣམས་སྙན་པའི་ཉམས་མེད་པས་ངེས་པར་དུ་སྤོང་དགོས་སོ། ། ༢༽ ལྷོ་པའི་ལུགས་ཀྱི་སྒྲའི་ཉམས་འདོན་ཚུལ། ཡི་གེ་སྐྱེ་གནས་བརྩེགས་པ་སོགས། ། སྒྲ་མཚུངས་ཉེ་བ་རྗེས་འཁྲིད་པ། ། ལྷོ་པའི་ལུགས་ཀྱི་སྙན་པ་ཡིན། ། ཡི་གེའི་སྐྱེ་གནས་དང་བརྩེགས་པ་མགོ་འདོགས་མིང་གཞི་སོགས་སྒྲ་མཚུངས་པའམ་ཚིག་དོན་གཉིས་ཀར་ཉེ་བར་གནས་པ། རྗེས་སུ་འཁྲིད་པ་དང་བཅས་པའི་སྒྲའི་ཉམས་དང་ལྡན་པ་ཞིག་ལ་ལྷོ་པའི་ལུགས་ཀྱི་སྙན་པའི་ཡོན་ཏན་དུ་འདོད་དོ། ། དཔེར་ན། དབང་དང་ཉེ་དབང་དཔལ་ལྡན་དཔའ་བོ་སོགས། ། ལེགས་ལྡན་ལ་སོགས་ལེགས་སྲུང་སྲུང་མ་ལ། ། ཇ་ཆང་མཆོད་ཡོན་རྒྱ་ཆེ་ཉེར་འབུལ་ན། ། ཏ་ཐཱ་ག་ཏའི་བསྟན་དང་བསྟན་འཛིན་སྐྱོངས། ། བརྒྱ་བྱིན་དང་ཁྱབ་འཇུག་གུར་མགོན་ལེགས་ལྡན་ནག་པོ་ལ་སོགས་པའི་སྲུང་མའི་ཚོགས་ལ་ཇ་ཆང་མཆོད་ཡོན་རྒྱ་ཆེ་རྒྱུན་དུ་འབུལ་ན་སངས་རྒྱས་གྱི་བསྟན་པ་དང་དེ་འཛིན་དགེ་འདུན་གྱི་སྡེ་དང་བཅས་པ་སྐྱོངས་ཤིག་ཅེས་པ་འདིར། རྐང་པ་དང་པོ་པ་སྡེའི་སྐྱེ་གནས་མཚུངས་པ་དང་། གཉིས་པ་ལ་ཡི་གེ་མིང་གཞི་མཚུངས་པ། གསུམ་པ་དང་བཞི་པ་སྐྱེ་གནས་མཚུངས་པའི་སྒོ་ནས་རྗེས་སུ་འཁྲིད་པའི་སྒྲའི་ཉམས་དང་ལྡན་པ་ལྟ་བུ། ༣༽ ཤར་པའི་ལུགས་ཀྱི་སྒྲའི་ཉམས་འདོན་ཚུལ། སྐྱེ་གནས་ལ་སོགས་གང་ཡིན་ཡང་། ། སྒྲ་མཚུངས་ཙམ་གྱིས་མི་ཆོག་པར། ། རྗེས་འཁྲིད་ཁོ་ན་ཤར་པའི་ལུགས། ། ཡི་གེ་སྐྱེ་གནས་དང་སྒྲ་མཚུངས་པའི་རྗེས་ཁྲིད་ཙམ་གྱིས་མི་ཆོག་པར་མིང་གཞི་གཅིག་པའི་རྗེས་འཁྲིད་ཀྱི་ཕྱེད་སྔ་མ་རྩུབ་པ་དང་། ཕྱི་མ་འཇམ་པའི་ཚིག་སྦྱོར་ཞིག་ལ་ཤར་པའི་ལུགས་ཀྱི་སྙན་པའི་ཡོན་ཏན་དུ་འདོད་དེ། །དཔེར་ན། ཁ་ལྗོངས་ཁ་བའི་འདབ་མ་འཁེབས་པའི་ཞིང་། ། མཚར་སྡུག་ལང་ཚོ་མཚོན་བྱེད་མ་ཕམ་མཚོ། ། ཡིད་འོང་གཡུ་ཡི་མེ་ལོང་གཡོ་འདྲ་དེ། ། དྲན་ཚེ་དུང་དུང་དང་བའི་དད་པ་འདྲེན། ། ཁ་བས་ཡོངས་སུ་ཁེངས་པའི་བོད་ཀྱི་ཞིང་ཁམས་སུ་མཚར་སྡུག་ལང་ཚོ་མཚོན་པར་བྱེད་པའི་མ་ཕམ་གཡུ་མཚོ་གཡུ་ཡི་མེ་ལོང་དང་འདྲ་བ་དེ་ཉིད་དྲན་ཚེ་དང་བའི་དད་པ་ལྷག་པར་འདྲེན་ནོ། །ཞེས་པར་ཚིག་སྦྱོར་ཕྱེད་སྔ་མ་རྩུབ་ཅིང་ཕྱི་མ་འཇམ་པ་དང་། རྐང་པ་དང་པོ་མིང་གཞི་ཁ་ཁོ་ནས་རྗེས་སུ་འཁྲིད་པ་དང་། གཉིས་པ་ཚ་དང་། བཞི་པ་ད་ཡིག་ཁོ་ནས་རྗེས་སུ་ཁྲིད་པ་ལྟ་བུ་ཤེས་སླའོ། ། ༤༽ ཤར་པས་འདོད་པའི་རྐང་པ་ལ་སྐོར་བའི་རྗེས་འཁྲིད། ཚིག་རྐང་སོ་སོའི་མགོ་ཉིད་དུ། ། མིང་གཞི་འདྲ་བ་ཡང་ཡང་སྐོར། ། ཚིག་རྐང་སོ་སོའི་མགོར་མིང་གཞི་འདྲ་བ་རེ་ཡང་ཡང་སྐོར་བའི་རྗེས་འཁྲིད་ཀྱི་རྒྱན་ཉིད་ཤར་པས་འདོད་པའི་རྐང་པ་སྐོར་བའི་རྗེས་འཁྲིད་ཡིན་ནོ། ། དཔེར་ན། རབ་དཀར་གངས་རིས་བསྐོར་བའི་དབང་ཕྱོགས་ཀྱི། ། རི་བོ་སྒང་དྲུག་བསྒྲིགས་པའི་ཞིང་ཁམས་ན། ། རབ་དང་ཕུལ་བྱུང་རླབས་ཆེན་མཛད་པ་ཅན། ། རྭ་ལོའི་རྣམ་འཕྲུལ་ཧོར་སྲས་ཆོས་ཀྱི་རྗེ། ། གངས་རིས་བསྐོར་བའི་བོད་ཀྱི་ཤར་ཕྱོགས་མདོ་ཁམས་སྒང་དྲུག་གི་ཞིང་ན་རབ་དང་ཕུལ་དུ་བྱུང་བའི་མཛད་འཕྲིན་ཅན། རྭ་ལོ་ཆེན་པོའི་རྣམ་འཕྲུལ་ཧོར་ཇིང་གིར་རྒྱལ་པོའི་རིགས་ལས་འཁྲུངས་པ་ཧོར་ཆོས་རྗེ་ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བ། ཞེས་པའི་ཚིག་སྦྱོར་འདིའི་རྐང་པ་བཞི་གའི་མགོར་ར་ཡིག་ཡང་ཡང་བསྐོར་བའི་རྗེས་སུ་འཁྲིད་པ་ལྟ་བུ། ༥༽ ཚིག་ལ་སྐོར་བའི་རྗེས་འཁྲིད། རྐང་པ་སོ་སོར་མིང་གཞི་ནི། ། འདྲ་བ་སྐོར་བའི་རྗེས་འཁྲིད་ཡིན། ། ཚིགས་བཅད་ཀྱི་ཚིག་རྐང་རང་རང་ལ་མིང་གཞི་ཡི་གེ་འདྲ་བ་རེ་སྦྱར་བས་ཡང་ཡང་བསྐོར་བའི་རྒྱན་ལ་ཚིག་ལ་སྐོར་བའི་རྗེས་འཁྲིད་ཟེར་ཏེ། དཔེར་ན། གངས་རིའི་ཕྲེང་བས་བསྐོར་བའི་གངས་ལྗོངས་ན། ། དབྱངས་ཅན་དབྱངས་དང་བསྡེབས་པའི་གླུ་དབྱངས་ཀྱིས། ། སྙན་ཚིག་སྙན་རྒུ་སྨྲ་བའི་པཎྜི་ཏ། ། འཇམ་མགོན་མི་ཕམ་འཇམ་དབྱངས་དངོས་དང་འདྲ། ། གངས་ཅན་བོད་ཀྱི་ཞིང་ན་དབྱངས་ཅན་མའི་དབྱངས་དང་མཉམ་པའི་སྙ་ཚིག་འདོད་རྒུ་སྨྲ་བ་པོ་མཁས་པ་ཆེན་པོ་སྡེ་དགེ་མི་ཕམ་རྣམ་རྒྱལ་ཉིད་འཇམ་དབྱངས་དངོས་དང་འདྲ། ཞེས་པ་འདིའི་རྐང་པ་དང་པོར་མིང་གཞི་ག་ཡིག་དང་། གཉིས་པ་བ་ཡིག་དང་། གསུམ་པ་ཉ་ཡིག བཞི་བར་ཇ་ཡིག་བཅས་ཀྱིས་རྐང་པ་སོ་སོར་སྦྱར་བས་ཡང་ཡང་སྐོར་བའི་རྗེས་སུ་འཁྲིད་པ་ལྟ་བུ། ༦༽ རིང་བ་ཐོས་པའི་རྗེས་འཁྲིད། སྔ་ཕྱི་ཤིན་ཏུ་མི་རིང་བ། ། ཐོས་པ་དག་ནི་རྗེས་འཁྲིད་འདོད། ། ཚིག་སྦྱོར་སྔ་ཕྱི་ཤིན་ཏུ་མི་རིང་བའམ་ཅུང་ཟད་རིང་བའི་མཚམས་སུ་མིང་གཞི་འདྲ་བ་རེ་སྦྱར་བས་ཡང་ཡང་སྐོར་བའི་རྗེས་འཁྲིད་ལ། རིང་བ་ཐོས་པའི་རྗེས་འཁྲིད་ཟེར་ཏེ། དཔེར་ན། ལེགས་ལྡན་དཔྱིད་ཀྱི་དཔལ་ཡོན་གསར་པ་ཡིས། ། མཚོན་ནུས་མ་ཡིན་སྙན་ཚིག་རིག་པའི་དཔྱིད། ། སྒྲ་ལྡན་དཔྱིད་གྱུར་སྒེག་མོའི་ཕང་པ་ལས། ། རྣ་བའི་དཔྱིད་དུ་འཇོ་བ་སུ་མི་དགའ། ། ཡིད་དུ་འོངས་བའི་དཔྱིད་ཀྱི་དཔལ་ཡོན་གྱིས་ཀྱང་ཇི་བཞིན་མཚོན་པར་མི་ནུས་པའི་སྙན་ཚིག་གི་རིག་བྱེད་རྣམས་དབྱངས་ཅན་མའི་པི་ཝང་ལས་རྣ་བའི་དཔྱིད་དུ་འཇོ་བ་འདིར་མི་དགའ་བ་སུ་ཡོད། ཞེས་པའི་ཚིག་སྦྱོར་འདིའི་དཔྱིད་ཅེས་པའི་ཚིག་འབྲུ་འདི་ཉིད་རྐང་པ་སྔ་ཕྱི་ཀུན་ལ་ཅུང་ཟད་རིང་བར་སྦྱར་བས་ཡང་ཡང་བསྐོར་བ་ལྟ་བུ། ༧༽ ཟུང་ལྡན་གྱི་སྐོར་ནི། དབྱངས་གསལ་སོགས་ཀྱི་ཡི་གེའི་ཚོགས། ། ཡང་ཡང་སྐོར་བ་ཟུང་ལྡན་རྒྱན། ། དབྱངས་དང་གསལ་བྱེད་སོགས་ཀྱི་ཡི་གེའི་ཚོགས་པ་ཡང་ཡང་སྐོར་བའི་རྒྱན་ལ་ཟུང་ལྡན་གྱི་རྒྱན་ཟེར་ཞིང་། དེ་དག་ཀྱང་མཐའ་གཅིག་ཏུ་སྙན་པའི་ཉམས་དང་ལྡན་པ་ཡིན་པས་མ་ཁྱབ་པས། རྒྱུ་མཚན་དེའི་ཕྱིར་མེ་ལོང་མའི་རྩ་བར། ལེའུ་གསུམ་པའི་སྐབས་སུ་འཆད་པར་བྱ་བས། འདིར་ཡིག་ཚོགས་ཉུང་བའི་ཆེད་དུའང་མ་བཤད་པ་ཡིན་ནོ། ། ༨༽ ཤར་པ་ཁོ་ནས་འདོད་པའི་རྗེས་འཁྲིད། སྔ་རྩུབ་ཕྱི་མ་འཇམ་རྩུབ་བསྲེས། ། སྔ་ཕྱིར་ཡི་གེ་རེ་རེར་སྐོར། ། ཤར་པའི་ལུགས་ཀྱི་རྗེས་འཁྲིད་ཉིད། ། རྐང་པ་ཕྱེད་སྔ་མ་རྩུབ་པ་དང་ཕྱེད་ཕྱི་མ་འཇམ་རྩུབ་བསྲེས་ཏེ། སྔ་ཕྱི་ཡི་གེ་རེ་རེ་ལ་ཡང་ཡང་སྐོར་བའི་རྗེས་འཁྲིད་ཉིད། ཤར་ལུགས་ཀྱི་རྗེས་འཁྲིད་དོ། །དཔེར་ན། གསང་གསུམ་གསང་བ་བསམ་མི་ཁྱབ་པའི་ཚུལ། ། ཚུལ་གསུམ་སྲང་གིས་གསལ་བར་གཞལ་ནུས་སུ། ། དེ་སླད་དང་བའི་དད་འདུན་དྲག་པོ་ཡིས། ། དེ་རིང་ཙམ་མིན་ད་ནས་དུང་བར་མཛོད། ། གདུལ་བྱའི་བློ་ཡུལ་ལས་འགོངས་པའི་གསང་བ་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཚུལ་རྣམས་རྟོག་གེ་རིགས་པས་ཇི་ལྟ་བ་བཞིན་དཔོག་མི་ནུས་པས། དེས་ན་ད་ནས་དང་བའི་དད་པ་དྲག་པོས་འདུད་པར་མཛོད་ཅིག ཅེས་པར་ཕྱེད་སྔ་མ་འཇམ་པ་དང་ཕྱི་མ་འཇམ་རྩུབ་བསྲེས་ཏེ། རྐང་པ་དང་པོ་གཉིས་ས་དང་། ཕྱི་མ་གཉིས་ད་ལ་ཡང་ཡང་བསྐོར་བའི་རྗེས་སུ་འཁྲིད་པ་ལྟ་བུ། སྐབས་འདིར་མེ་ལོང་མའི་རྩ་གཞུང་དུ། གྲོང་ཚིག་འདྲེས་མ་འདྲེས་དང་། ཚོགས་སུ་དབྱུང་རུང་མི་རུང་གི་རྣམ་དབྱེ་བཙོག་གཏམ་དང་འདྲེས་པ་འགའ་ཞིག་བཀོད་ཡོད་པ་རྣམས། འཇིག་རྟེན་ཁྱིམ་པ་ཡ་རབས་ཤིག་གི་ངག་སྒོ་ནས་ཐོན་དཀའ་ན་གདན་ས་ཆེན་པོའི་རིགས་པ་སྨྲ་བའི་གྲྭ་བ་ཞིག་གི་སྨྱུག་རྩེ་ནས་འདོན་ཐབས་མི་འདུག་པས། རེ་ཞིག་བསྐྱུར་ནས་གཤམ་འོག་གི་དོན་རྣམས་འབྲི་རྒྱུ་ཡིན་མོད། འདོད་བརྩེ་དང་བཙོག་གཏམ་མ་གཏོགས་ཁ་ནས་འདོན་རྒྱུ་མེད་པའི་དུས་རབས་ཀྱི་རྩོམ་འཆལ་བ་འགའ་ཞིག་དང་། ཕྱི་ལུགས་ཀྱི་འཁྲིག་སྦྱོར་ལ་དགའ་བའི་གཞོན་སྐྱེས་ཚོས་བཙོག་གཏམ་གྱི་བཏེགས་བུ་ལ་གཟིགས་མོ་འདོད་ན། མེ་ལོང་མ་འདིའི་ཐད་ཀྱི་རྩ་བ་དང་། བོད་མཁས་དཎྜིའི་དགོངས་རྒྱན་གྱི་དཔེར་བརྗོད་འགའ་ཞིག ད་དུང་དགེ་ཆོས་དང་མི་ཕམ་པའི་དགའ་བཞིའི་སྟོང་གཟིགས་དང་འདོད་བརྩེའི་འཁྲུལ་སྣང་འདྲེས་པའི་བརྩམས་ཆོས་རྣམས་ཐུན་དྲུག་བླ་མའི་རྣལ་འབྱོར་བཞིན་ཉིན་ལན་གསུམ་དང་མཚན་ལན་གསུམ་མ་འཆགས་པར་ཀློགས་དང་། ཁྱེད་ཅག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྨྲ་བསམ་བརྗོད་ལས་འདས་པ་ཞིག་ཐོབ་ངེས། མེ་ལོང་མར་ཚོགས་སུ་དབྱུང་མི་རུང་བའི་བཙོག་གཏམ་སྒྲིབ་པའི་ཟོལ་གྱིས་དེ་ལས་དམར་རྗེན་དུ་བཏོན་ནས་བཤད་པ་རྣམས་ནི། ནེ་ཙོས་སྲོག་གཅོད་སྤངས་པ་ཡིན་ཟེར་ཞོར་འབུ་སྲིན་བསད་པའི་དཔེ་ལྟར་གྱུར་འདུག་མིན་སྐྱེས་སྦྱངས་ཀྱི་མིག་ཡོད་ན་མེ་ལོང་མའི་རྩ་གཞུང་ལ་གཟིགས་ན་ཤེས། ཡང་བློ་ཕམ་པ་ཞིག་ལ་སྲོལ་རྒྱུན་སྙན་ངག་ལ་སྦྱངས་པ་ཅུང་ཟད་ཙམ་ཡང་མེད་པར་ཚིགས་བཅད་དམ་དུམ་རེ་དང་། དེང་རྩོམ་ཐར་འཐོར་རེ་འབྲི་མཁན་གཞོན་སྐྱེས་ཁ་རྒྱགས་པ་རེ་ཟུང་གིས་གོང་གི་སྐྱོན་ཆ་འགའ་ཞིག་བགྲང་ནས། མེ་ལོང་མ་ཕ་གསོད་མཁན་གྱི་དགྲ་བོ་སྟེ་རིག་གསར་སྐབས་ཀྱི་ཧུར་བརྩོན་པ་ནང་བཞིན་འཐབ་འཛིང་གཏོང་བ་ནི་རང་ཉིད་ལ་སྐྱེས་སྦྱངས་ཀྱི་རྣམ་དཔྱོད་མེད་པའི་རང་མཚང་བསྟན་པ་མ་གཏོགས། མེ་ལོང་མ་ནི། སྲོག་གི་ཁུག་པ་བཅོ་བརྒྱད་དང་ལྡན་པའི་རྩོམ་སྒྲོམ་གྱི་གཉེར་པ་ཆེན་པོ་ཞིག་ཡིན་པས། ཁྱོད་ཆོས་དུས་ནམ་ཡང་མེད་པ་བཟོ་མི་ཐུབ། གཟུར་གནས་བློ་ལྡན་དོན་གཉེར་ཅན་ཞིག་ཡིན་ན་མེ་ལོང་མའི་ཤ་གཟུགས་གསོན་པོ་ཟ་རྐྱང་མི་རུང་ཡང་། མཆིལ་མ་དང་ཐུ་ལུ་བསྲེས་ནས་གད་སྙིགས་གསེབ་ཏུ་འཕེན་རུང་བ་ཞིག་མིན་པ་དེ་ཤེས་དགོས། ཡང་འགའ་ཞིག་གིས་མེ་ལོང་མར་བཙོག་གཏམ་གྱི་གཡའ་འདུག་ཅེས་དགག་སྒྲུབ་འབྲུག་སྐད་ལྟར་སྒྲོག་བཞིན་དུ་རང་ཉིད་སྨྱོན་པ་མིན་ན་ཀློག་མི་ཕོད་པའི་ཚད་ཀྱི་བཙོག་གཏམ་སྡུག་རིགས་ངན་ཚད་རྩོམ་པར་མ་ཟད། དཔེ་ཐོག་བཀོད་ནས་ཁྱབ་སྤེལ་བྱེད་པ། གཞན་ངོ་ན་ཤིག་འགྲོ་བ་མཐོང་ཡང་རང་ངོ་ན་གཡག་འགྲོ་བ་མི་མཐོང་བའི་སྙན་ངག་པ་དཔེ་གསར་དེ་ཚོས་ཚིག་གི་སྒྱུ་རྩལ་ཙམ་ལ་སྙིང་པོ་མི་འཛིན་པར་དོན་གྱི་རྡོག་སྣེ་གང་དུ་སྤོ་གིན་ཡོད་པ་དེ་ཤེས་དགོས། དེར་མ་ཟད་དགོད་བྲོ་བ་ཞིག་ལ། དུས་དེང་གི་སྨྱུག་ཐོག་པར་རློམ་པ་འགའ་ཞིག་གིས། རང་ཉིད་མེ་ལོང་མའི་རྩོམ་སྐྱིབས་འོག་ཏུ་འཛུལ་ནས། མ་འགྲིག་པ་དང་། མ་འདང་བ་ཡོད་ཚད་མེ་ལོང་མའི་ཐོག་ཏུ་གཡུགས་རྐྱང་བྱེད་པ་ནི། རྗེ་ས་པཎ་གྱིས། ཆོས་ཀྱི་གྲགས་པས་གཞན་བཟུང་ནས། །བདག་ཉིད་ཆེན་པོའི་རིགས་པ་འགོག །ནགས་ན་གནས་པའི་སྤྲེའུ་རྣམས། །ལྗོན་པའི་སིང་ལ་མི་གཙང་འདོར། །གསུངས་པ་འདི་དང་ཤིན་ཏུ་འགྲིགས་པ་མ་ཡིན་ནམ། ལྔ་པ། ཤིན་ཏུ་གཞོན་པའི་ཡོན་ཏན་བཤད་པ། ༡༽ ལྷོ་པའི་ལུགས་ཀྱི་ཤིན་ཏུ་གཞོན་པའི་ཡོན་ཏན། འཇམ་མང་རྩུབ་ཉུང་རང་བཞིན་རྒྱན། ། བརྗོད་དོན་ཟབ་རྒྱས་མིན་པ་དེ། ། ལྷོ་པའི་ལུགས་ཀྱི་ཤིན་ཏུ་གཞོན། ། རྗོད་བྱེད་འཇམ་པའི་ཚིག་མང་པ་དང་རྩུབ་པའི་ཡི་གེ་ཉུང་ཞིང་། རང་བཞིན་བརྗོད་པའི་རྒྱན་ལས་གཞན་པའི་ཉམས་མེད་པ་དང་བརྗོད་དོན་ཟབ་རྒྱས་སམ་དམ་པ་མིན་པའི་རྒྱན་ལ་ལྷོ་པའི་ལུགས་ཀྱི་ཤིན་ཏུ་གཞོན་པའི་ཡོན་ཏན་འདོད་དོ། །དཔེར་ན། དཀར་གཙང་ཤོག་གུའི་འདབ་མ་ཡངས་པོ་ལ། ། གནག་སྣུམ་སྣག་ཚས་བྲིས་པའི་ཡི་གེ་རིས། ། སྙན་འཇེབས་རྣ་བའི་བཅུད་ལེན་བདུད་རྩིའི་གཏེར། ། སྐྲུན་མཁས་ངག་རིག་སྨྲ་བ་དེ་དག་བསྔགས། ། ཤོག་བུ་དཀར་པོའི་ངོས་ལ་སྣག་ཚས་བྲིས་པའི་སྙག་ངག་གི་ཡི་གེ་སྙན་འཇེབས་རྣ་བའི་བཅུད་ལེན་སྐྲུན་མཁན་གྱི་སྙན་ངག་པ་འདི་ཚོ། ཞེས་པ་འདིར་འཇམ་པའི་ཡི་གེ་ཉེར་གསུམ་ཡོད་ཅིང་རྩུབ་པའི་རིགས་ཀྱི་རང་བཞིན་དྲང་པོར་བརྗོད་པ་དང་བརྗོད་དོན་གཏིང་ཟབ་པའམ་ཁ་དམ་པ་མ་ཡིན་པར་གོ་བདེ་བ་ལྟ་བུ། གོང་གི་ལྷོ་ལུགས་ཀྱི་སྦྱར་བའི་ཡོན་ཏན་དང་འདི་གཉིས། འཇམ་མང་རྩུབ་ཉུང་གི་སྦྱོར་ཚུལ་ཕྱོགས་ཙམ་མཚུངས་ཀྱང་འདྲེས་པའི་སྐྱོན་མེད་དེ། འདིར་རང་བཞིན་བརྗོད་པའི་རྒྱན་ལས་གཞན་གྱི་ཉམས་འདོན་དུ་མི་རུང་ཞིང་བརྗོད་དོན་ཡང་ཁ་གསལ་ཞིང་གོ་བདེ་བ་ཞིག་དགོས་པས་སོ།་།

༢༽ ཤར་པའི་ལུགས་ཀྱི་ཤིན་ཏུ་གཞོན་པའི་ཡོན་ཏན། 

འཇམ་ཉུང་རྩུབ་མང་བརྗོད་པ་དཀའ། ། ཤར་པའི་ལུགས་ཀྱི་སྦྱར་བ་ཡིན། ། བརྗོད་བྱེད་ཡི་གེ་འཇམ་པ་ཉུང་ཞིང་རྩུབ་པ་མང་བ་དང་། བརྗོད་དོན་ཁ་དམ་ཞིང་གོ་དཀའ་བ་ཞིག་ལ་ཤར་ལུགས་ཀྱི་ཤིན་ཏུ་གཞོན་པའི་ཡོན་ཏན་ཟེར། དཔེར་ན། སབ་སིབ་ཟང་ཟིང་རྒྱུས་མིན་འབྲས་བུ་མཆོག ། བཞི་ཟུང་འཕགས་པའི་ཆོས་ཀྱི་མཐོངས་བསྙེགས་པ། ། ཚུར་མཐོང་བྱིས་བློའི་གཞལ་བྱ་ལས་འགོངས་པའི། ། གསང་གསུམ་གསང་བ་བསམ་མི་ཁྱབ་པའི་མཛོད། ། བཅོས་མ་ཙམ་མིན་པའི་རྒྱུ་འཕགས་ལམ་ཡན་ལག་བརྒྱད་ཀྱི་འཇུག་ངོགས་ནས་འབྲས་བུ་མཆོག་གི་གོ་འཕང་ལ་སྙེག་པའི་འཕགས་ཆེན་དམ་པ་རྣམས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་དེ་ཉིད་མ་རྟོགས་པའི་ཚུར་མཐོང་སོར་སྐྱེས་རང་ག་བ་ཚོའི་བློའི་ཡུལ་དུ་ཇི་ལྟ་བ་བཞིན་འཆར་མི་ནུས། ཞེས་སྒྲིབ་པའི་དབང་གིས་བརྗོད་དོན་ཁ་དམ་ཞིང་གོ་དཀའ་བ་ལྟ་བུ། འདིའི་ཐད་ཀྱི་རྩ་བ་དཔང་འགྱུར་དུ། །ནྱཀྵས་རྒྱལ་རིགས་རྣམས་ཀྱི་ཕྱོགས། །ཞེས་པར་སི་ཏུས། རྒྱལ་རིགས་རྣམས་ཀྱི་ཕྱོགས་མཐའ་དག །ཅེས་བཅོས་སྣང་ཡང་དོན་ལ་ཁྱད་པར་མི་འདུག་སྙམ་མོ། །

དྲུག་པ། དོན་གསལ་བའི་ཡོན་ཏན་བཤད་པ། ༡༽ ཤར་ལྷོ་ཐུན་མོང་དུ་འདོད་པའི་དོན་གསལ་བའི་ཡོན་ཏན། བརྗོད་དོན་བརྟག་པ་མི་དགོས་པར། ། ཐོས་པ་ཙམ་གྱིས་དོན་གསལ་བ། ། ལྷོ་ཤར་གཉིས་ཀས་དོན་གསལ་འདོད། ། བརྗོད་དོན་བརྟག་པ་མི་དགོས་པར་རྗོད་བྱེད་ཀྱི་ཚིག་ཐོས་པ་ཙམ་གྱིས་བརྗོད་དོན་གསལ་བར་གོ་ནུས་པའི་རྒྱན་ལ་ཤར་ལྷོ་ཐུན་མོང་གི་དོན་གསལ་བའི་ཡོན་ཏན་ནོ། །དཔེར་ན། སྐལ་ལྡན་ཤིང་རྟའི་ལས་སྒྲིབ་སྦྱངས་སླད་དུ། ། དབང་ཕྱུག་རལ་བའི་ཀློང་ནས་ཏི་སེ་ལ། ། ལྷུང་ནས་ཁ་འབབ་རྣམ་བཞི་བྱུང་བའི་ཚུལ། ། གངྒཱ་མཛའ་མོའི་རྟོགས་བརྗོད་རྣ་བར་སྙན། ། འཇིག་རྟེན་ན་ཁ་འབབ་རྣམ་བཞི་བྱུང་བའི་ཚུལ་སྐལ་ལྡན་ཤིང་རྟའི་ལས་སྒྲིབ་སྦྱངས་པའི་ཆེད་དུ་དབང་ཕྱུག་རལ་བའི་ཀློང་ནས་ཏི་སེ་གངས་རི་ལ་ལྷུང་བ་ཡིན་ཞེས་གངྒཱའི་གཏམ་རྒྱུད་དུ་འཁོད་ཡོད། ཅེས་པའི་ཚིག་སྦྱོར་འདི་ཐོས་པ་ཙམ་གྱིས་ཁ་འབབ་རྣམ་བཞིའི་འབྱུང་ཁུངས་དང་བྱུང་ཚུལ་རྣམས་སླར་མ་བརྟག་ཀྱང་གོ་ནུས་པ་ལྟ་བུ། ༢༽ ཤར་ཕྱོགས་པ་འགའ་ཞིག་གིས་འདོད་པའི་དོན་གསལ་བའི་ཡོན་ཏན། བརྗོད་དོན་སླར་ཡང་མ་བརྟག་པར། ། ཇི་བཞིན་གོ་བར་མི་ནུས་པ། ། ཤར་པ་འགའ་ཡི་དོན་གསལ་འདོད། ། བརྗོད་དོན་དེ་ཉིད་སླར་ཡང་བརྟགས་ཤིང་མ་དཔྱད་པར་ཇི་ལྟ་བ་བཞིན་གོ་མི་ནུས་པའི་ཚིག་སྦྱོར་ལ་ཤར་ཕྱོགས་པ་འགའ་ཞིག་གིས་འདོད་པའི་དོན་གསལ་བའི་ཡོན་ཏན་ཟེར། དཔེར་ན། ཉི་མའི་ཁྱིམ་གྱི་གྲངས་ལྡན་འདྲེན་བྱེད་དག ། བྱུང་བའི་འཇིག་རྟེན་མེས་པོ་ཚངས་ཆེན་གྱི། ། སྟེང་གདོང་དཔལ་མགྲིན་ཁྲོས་པའི་སོར་མོ་ཡིས། ། དུམ་བུར་གཏུབས་འདི་དགེ་བ་ཡིན་ནམ་ཅི། ། མིག་བཅུ་གཉིས་ཡོད་པའི་ལྷ་ཚངས་པའི་སྟེང་གདོང་དབང་ཕྱུག་གི་སོར་མོས་གཏུབས་སོ། །ཞེས་པའི་ཚིག་སྦྱོར་འདི་ཐོས་པ་ཙམ་གྱིས་བརྗོད་དོན་ཇི་ལྟ་བ་བཞིན་རྟོགས་པར་མི་ནུས་པར། །ད་དུང་ཚངས་པ་ལ་མིག་བཅུ་གཉིས་བྱུང་ཚུལ་དང་། དབང་ཕྱུག་ཁྲོས་ནས་ཚངས་པའི་སྟེང་གདོང་བཅད་པའི་རྒྱུ་མཚན་རྣམས་བརྟགས་ཤིང་དཔྱད་ན་མ་གཏོགས་ཇི་ལྟ་བ་བཞིན་གོ་མི་ནུས་པ་ལྟ་བུ།

བདུན་པ། རྒྱ་ཆེ་བའི་ཡོན་ཏན་བཤད་པ། ༡༽ ལྷོ་ལུགས་ཀྱི་རྒྱ་ཆེ་བའི་ཡོན་ཏན། གང་ཞིག་བརྗོད་པའི་ཤུགས་ཉིད་ལས། ། བརྗོད་དོན་གཞན་ལས་ཁྱད་འཕགས་བསྟན། ། ལྷོ་ལུགས་རྒྱ་ཆེའི་ཡོན་ཏན་ནོ། ། གང་ཞིག་དངོས་སུ་བརྗོད་པའི་ཤུགས་ལ་བརྗོད་འདོད་དོན་གྱི་དངོས་པོ་གང་ཞིག་བཟུང་བ་དེ་ཉིད་གཞན་ལས་ཁྱད་དུ་འཕགས་པའི་ཡོན་ཏན་དང་ལྡན་པར་གོ་ནུས་པའི་རྒྱན། ལྷོ་པའི་ལུགས་ཀྱི་རྒྱ་ཆེ་བའི་ཡོན་ཏན་ཡིན་ནོ། །དཔེར་ན། ནོར་གླིང་ཞིབ་འཇུག་ཡངས་པའི་ལྡིང་ཁང་ནས། ། ཆོས་རིག་ལོ་རྒྱུས་སྒྲུང་དང་སྙན་ཚིག་གི ། རྩོམ་རིག་སྒྱུ་འཕྲུལ་དགའ་སྟོན་འདི་མཐོང་ཚེ། ། བསྟི་གནས་གཞན་ལ་སྨོན་པའི་རེ་བ་ལྷོད། ། ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་དེ་ལས་ཆོས་དང་རིག་གཞུང་། སྒྲུང་དང་སྙན་ཚིག་སོགས་ཀྱིས་མཚོན་པའི་རྩོམ་རིག་གི་དཔེ་དེབ་ཚད་ལྡན་དུ་མ་གསར་དུ་སྐྲུན་པ་འདི་དག་མཐོང་པའི་ཚེ། ཞིབ་འཇུག་དང་རྩོམ་རིག་ཁང་གཞན་ལ་སྨོན་པའི་རེ་བ་ལྷོད་སོང་། ཞེས་པ་འདིས་བསྟི་གནས་གཞན་ལ་རེ་བའི་གོ་སྐབས་ལྷོད་པའི་ཤུགས་སམ་རྒྱུ་མཚན་ལ་བལྟོས་ནས་བརྗོད་གཞི་ནོར་གླིང་ཞིབ་འཇུག་ཁང་འདི་ཉིད་གཞན་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་དང་ལྡན་པ་གོ་ནུས་པ་ལྟ་བུ། ༢༽ ཤར་པས་འདོད་པའི་རྒྱ་ཆེ་བའི་ཡོན་ཏན། ཁྱད་ཆོས་འགའ་ཞིག་བརྗོད་པ་ལས། ། ཁྱད་གཞི་བསྟོད་པ་གོ་ནུས་པ། ། ཤར་པས་རྒྱ་ཆེའི་ཡོན་ཏན་འདོད། ། བརྗོད་གཞི་དེའི་ཁྱད་པར་གྱི་ཆོས་འགའ་ཞིག་དངོས་སུ་བརྗོད་པའི་ཤུགས་ལས་ཁྱད་པར་གྱི་གཞི་དེའི་ཡོན་ཏན་རྣམས་གོ་ནུས་པ་ལ་ཤར་པས་རྒྱ་ཆེ་ཡོན་ཏན་དུ་འདོད། དཔེར་ན། བསམ་བཞིན་ལྟེ་ཁྲག་ཙོང་ཁའི་ཡུལ་དུ་འཕོས། ། དབུས་འགྱུར་ཞིང་ནས་མཁས་པའི་ཕ་མཐར་སོན། ། ལི་ཁྲིའི་མཚོན་གྱིས་ས་ཆེན་བརླན་བྱས་ཏེ། ། མི་མངོན་དགའ་ལྡན་དག་པའི་ཞིང་སར་བསྙེགས། ། སྔོན་གྱི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་ལས་བསམ་བཞིན་དུ་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས་ཤིང་། དབུས་འགྱུར་ཆོས་ཀྱི་ཞིང་སར་སློབ་གཉེར་ལ་ཕེབས་ཏེ་མཁས་པ་ཀུན་གྱི་ཡང་རྩེར་སོན་པ་དང་། གདུལ་བྱའི་སྤྱོད་པ་ཚུལ་བཞིན་སྐྱོང་བའི་མཉམ་མེད་དགེ་ལྡན་ལུགས་བཟང་འཛིན་པ། ངུར་སྨྲིག་གི་རྒྱལ་མཚན་འཆང་བའི་རབ་བྱུང་གི་འདུས་སྡེ་ས་ཆེན་ཡོངས་སུ་ཁྱབ་པར་བྱས་ཏེ། དགའ་ལྡན་དག་པའི་ཞིང་དུ་ཞི་བར་གཤེགས་སོ། །ཞེས་རྗེ་ཙོང་ཁ་པ་ཆེན་པོའི་ཁྱད་ཆོས་འགའ་ཞིག་བརྗོད་པའི་ཤུགས་ལས་ཁྱད་གཞི་རྗེ་བླ་མ་ཉིད་ལ་རྒྱ་ཆེ་བར་བསྟོད་པ་གོ་ནུས་པ་ལྟ་བུ། འདིའི་ཐད་ཀྱི་མེ་ལོང་མའི་རྩ་བར། རོལ་བའི་ཆུ་སྐྱེས་རྩེ་དགའི་མཚོ། ། གསེར་གྱི་རྒྱན་ལ་སོགས་པ་བཞིན། ། ཞེས་པ་དཔང་ཊིཀ་སོགས་བོད་འགྲེལ་རྣམས་སུ་རྒྱན་འདིའི་དཔེར་བརྗོད་དུ་བཀྲལ་བ་ལ། འབྲུག་སྤྲུལ་གྱིས་དེ་ནི་དཔེར་བརྗོད་བསྟན་པ་མིན་པ། རྒྱན་འདིར་རོལ་བའི་ཆུ་སྐྱེས་དང་། །རྩེ་དགའ་མཚོ། གསེར་གྱི་རྒྱན། སོགས་ཁུངས་ནས་བཏོན་པའི། ནོར་བུའི་སྐ་རགས། མེ་ཏོག་གི་ལྗོན་ཤིང་། བིབྷམཎྜལ། ལེ་ཁ་ཨངྒ་ན་སྟེ་སེན་མོའི་ཚོན་རྩིའམ་ཤ་མདངས་མཛེས་ཆོས་སུ་བསྒྱུར་བའི་རྩི་རྣམས་བརྗོད་གཞིར་བཀོལ་ཆོག་པ་ཙམ་བསྟན་པར་རཏྣ་ཤྲཱིའི་རྒྱ་འགྲེལ་ལ་ཁོངས་གཏུགས་ནས་བཤད་ཅིང་། གལ་ཏེ་དཔེར་བརྗོད་བྱེད་ན་གོང་གསལ་བརྗོད་གཞི་གང་ཡང་རུང་བ་ཞིག་གི་ཁྱད་ཆོས་བརྗོད་པའི་ཤུགས་ལས་ཆོས་ཅན་དེ་ཁྱད་འཕགས་སུ་ནུས་པས་དེས་ཆོག་པར་འདོད་དེ། ཤིན་ཏུ་འང་ཐུགས་མད་དོ། །གུང་ཐང་བདེ་བློས། རྒྱན་འདིར་དངོས་སུ་བསྟན་པའི་རྒྱ་ཆེའི་རྒྱན་དང་། ལྷོ་པས་འདོད་པའི་རྒྱ་ཆེ་བའི་ཤུགས་ཀྱིས་གོ་བའི་རྒྱ་ཆེ་བ་ཞེས་པའི་ཐ་སྙད་སྦྱར་པ་ནི་དོན་ལ་བསམ་ན་ཧ་ཅང་འདྲ་ཆགས་པར་སྣང་མོད། འོན་ཏེ་ཐ་སྙད་འདིའི་རྒྱུན་སྲོལ་འཛིན་མཁན་ནི་ད་ལྟའི་བར་སུ་ཡང་བྱུང་བ་མ་མཐོང་ངོ་། །

བརྒྱད་པ། བརྗིད་པའི་ཡོན་ཏན་བཤད་པ། ༤༽ ལྷོ་པའི་ལུགས་ཀྱི་བརྗིད་པའི་ཡོན་ཏན། ཡི་གེ་འཇམ་རྩུབ་དོ་མཉམ་ཞིང་། ། ཚིག་སྡུད་མང་བ་ལྷོ་པའི་ལུགས། ། ཚིགས་བཅད་གཅིག་གི་ནང་ཡི་གེ་འཇམ་རྩུབ་དོ་མཉམ་ཞིང་བྱེད་འབྲེལ་སོགས་ཚིག་སྡུད་མང་པའི་རྒྱན་ལ་ལྷོ་ལུགས་ཀྱི་བརྗིད་པའི་ཡོན་ཏན་ཟེར། དཔེར་ན། ཤར་ལྷོ་བསིལ་བ་ཚལ་གནས་དུར་ཁྲོད་ན། ། ཁྲག་སྦག་ཕྱག་ཟུང་དམ་ཉམས་ཐོད་རློན་རོལ། ། བསྟན་བསྲུང་དཔལ་མགོན་ནག་པོ་ཞལ་བཞི་པ། ། རྣམ་བཞི་འཕྲིན་ལས་གཡེལ་མེད་དུས་ཀུན་སྒྲུབས། ། ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ན་གནས་པའི་བསྟན་སྲུང་དཔལ་མགོན་ཞལ་བཞི་པས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་བཞི་གཡེལ་བ་མེད་པར་སྒྲུབས། ཞེས་པའི་ཚིག་སྦྱོར་འདིར་ཡི་གེ་འཇམ་རྩུབ་མང་ཉུང་དོ་མཉམ་པ་དང་། ཚིགས་བཅད་འདིའི་ནང་འབྲུ་མང་པོའི་སྡུད་པ་དང་བ་གཉིས་པའི་སྡུད་པ། ལས་འཛིན་གྱི་སྡུད་པ་སོགས་ཚིག་སྡུད་མང་བ་ལྟ་བུ། ༢༽ ཤར་པའི་ལུགས་ཀྱི་བརྗིད་པའི་ཡོན་ཏན། འཇམ་རྩུབ་དོ་མི་མཉམ་པ་དང་། ། ཚིག་སྡུད་མང་བ་ཤར་པའི་ལུགས། ། ཚིགས་བཅད་གཅིག་གི་ནང་འཇམ་རྩུབ་ཡི་གེའི་གྲངས་ཀ་དོ་མི་མཉམ་པ་དང་། རྣམ་དབྱེ་སོགས་ཀྱི་ཚིག་སྡུད་མང་བ་ཤར་པའི་ལུགས་ཀྱི་བརྗིད་པའི་ཡོན་ཏན་ཡིན་ཏེ། དཔེར་ན། ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་དགུང་སྔོན་སྒྲེངས། ། མཐའ་དག་འགྲོ་ཀུན་གདུང་སེལ་ཆོས་ཆར་འབེབས། ། ས་པཎ་བུ་སྟོན་འཇམ་མགོན་ཙོང་ཁ་པ། ། འགྲོ་མགོན་བསྟན་འཛིན་གྲགས་པ་དོན་དང་ལྡན། ། སངས་རྒྱས་བསྟན་པའི་དབུ་འཕངས་དགུང་ལ་བཏེགས་ཏེ་འགྲོ་བ་ཀུན་ལ་དམ་པའི་ཆོས་ཀྱི་ཆར་བ་རྒྱུན་མར་འཇོ་བར་མཛད་མཁན་ས་པཎ་དང་། བུ་སྟོན། རྗེ་ཙོང་ཁ་པ་རྣམ་པ་གསུམ་ནི། འགྲོ་བའི་མགོན་པོ་དང་བསྟན་འཛིན་གྱི་སྐྱེས་བུ་ཞེས་པའི་གྲགས་པ་ཕྱོགས་ཀུན་ཁྱབ་པ་དོན་དང་ལྡན་ནོ། ། ཞེས་པ་འདིར་ཡི་གེ་འཇམ་རྩུབ་ཀྱི་གྲངས་ཀ་དོ་མི་མཉམ་པ་དང་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱི་ཚིག་སྡུད་ཧ་ཅང་མང་བ་ལྟ་བུ།

དགུ་པ། མཛེས་པའི་ཡོན་ཏན་བཤད་པ། ༡) ལྷོ་པའི་ལུགས་ཀྱི་མཛེས་པའི་ཡོན་ཏན། འཇིག་རྟེན་གྲགས་ཚད་དང་བསྟུན་ཏེ། ། རན་པའི་སྙན་ཚིག་ལྷོ་པའི་ལུགས། ། བརྗོད་དོན་གང་ཞིག་བཟུང་བ་དེ་ཉིད་འཇིག་རྟེན་གྲགས་ཚད་དང་བསྟུན་ནས་འོས་ཤིང་འཚམ་པར་བརྗོད་པའི་ཚིག་རྒྱན་ལ་ལྷོ་པའི་ལུགས་ཀྱི་མཛེས་པའི་ཡོན་ཏན་དུ་བཤད་དེ། དཔེར་ན།ཞབས་སོར་འཁོར་ལོའི་རེ་ཁཱ་འཕགས་ཡུལ་བྲིས། ། དབྱངས་གསལ་སོ་བཞིའི་ལྡེ་མིག་བོད་དུ་བསྐྲུན། ། བཀའ་བསྟན་གསེར་གྱི་གླེགས་བུའི་སྒོ་འཕར་ཕྱེས། ། ཐོན་མིའི་མཛད་རྗེས་ནམ་ཡང་བསུབ་ཏུ་མེད། ། འཕགས་པའི་ཡུལ་དུ་ཕེབས་ནས་མདོ་སྔགས་རིག་གནས་དང་བཅས་པར་མཁས་པར་བསླབས། སླར་བོད་དུ་ཕེབས་ནས་དབྱངས་གསལ་སོ་བཞིའི་ཡི་གེ་གསར་བཟོ་གནང་། བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་དུ་མ་བོད་སྐད་དུ་བསྒྱུར་པའི་སྒོ་ཐོག་མར་ཕྱེས་པ་སོགས་ཐོན་མིའི་མཛད་རྗེས་རྣམས་དུས་ནམ་ཡང་བསུབ་ཏུ་མེད། ཅེས་པའི་ཚིག་སྦྱོར་འདིར་བརྗོད་དོན་ཐོན་མིའི་མཛད་རྗེས་རྣམས་འཇིག་རྟེན་གྲགས་ཚད་དང་བསྟུན་ནས་འོས་ཤིང་འཚམ་པར་བརྗོད་པ་ལྟ་བུ། ༢) ཤར་པའི་ལུགས་ཀྱི་མཛེས་པའི་ཡོན་ཏན།གྲགས་ཚད་ལས་བརྒལ་འུད་ཤོད་ཀྱིས། །སྒྲོ་བཏགས་ཤར་པའི་མཛེས་པར་འདོད། །བརྗོད་དོན་གང་ཞིག་བཟུང་བ་དེ་ཉིད་འཇིག་རྟེན་གྲགས་ཚད་ལས་བརྒལ་ཏེ་བློ་ངོར་མི་ཤོང་བའི་འུད་ཤོད་དང་སྒྲོ་བཏགས་པའི་རྒྱན་ལ་ཤར་པས་མཛེས་པའི་ཡོན་ཏན་དུ་བགྲང་སྟེ། དཔེར་ན།སྲོང་བཙན་ཁྲོས་པས་རྐང་མཐིལ་ཡ་གཅིག་གིས། ། སུམ་ཉིས་འཛམ་གླིང་ས་ཁྱོན་གནོན་པའི་ཚེ། ། ཏི་སེ་གངས་ཀྱི་རི་བོ་དགའ་དྲགས་ནས། ། གནམ་མཐོངས་ཚལ་བར་དབྲལ་ནས་དགུང་ལ་འཕགས། ། མེས་དབོན་སྲོང་བཙན་སྒམ་པོ་ཐུགས་ཁྲོས་པའི་རྐང་མཐིལ་ཡ་གཅིག་གིས་འཛམ་གླིང་སུམ་གཉིས་གནོན་ནས་དབང་བསྒྱུར་བྱས་པ་དེའི་ཚེ་གངས་དཀར་ཏི་སེ་དགའ་དྲགས་ནས་ནམ་མཁའ་དབྲལ་ཏེ་གྱེན་ལ་འཕགས་སོ། །ཞེས་པའི་ཚིག་སྦྱོར་འདིར་བརྗོད་གཞི་མེས་དབོན་སྲོང་བཙན་སྐབས་ཀྱི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་དམག་དོན། སྟོབས་འབྱོར་བཅས་ལ་བསྟོད་པ་ཡིན་ལ། བསྟོད་ཡུལ་དེ་རྣམས་འཇིག་རྟེན་གྲགས་པའི་མཚམས་ལས་བརྒལ་ནས་བློ་ངོར་ཤོང་ཐབས་མེད་པའི་འུད་ཤོད་ཀྱིས་སྒྲོ་བཏགས་ནས་བསྟོད་ར་བཏང་བ་ལྟ་བུ། རྒྱན་འདི་དང་ལེའུ་བར་བའི་སྐབས་ཀྱི་རབ་རྟོག་གི་རྒྱན་གཉིས་མི་འདྲ་སྟེ། རབ་རྟོག་གི་རྒྱན་ལ་རབ་རྟོག་གསལ་བྱེད་ཀྱི་སྒྲ་ངེས་པར་དུ་སྦྱར་དགོས་པས་སོ། ། བཅུ་པ། ཏིང་ངེ་འཛིན་གྱི་རྒྱན་བཤད་པ། འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། ། ཆོས་དང་ཆོས་ཅན་ཕན་ཚུན་དུ། ། ཡང་དག་སྦྱོར་བ་ཏིང་འཛིན་གྱི། ། རྒྱན་ཞེས་ལྷོ་ཤར་གཉིས་ཀས་འདོད། ། འཇིག་རྟེན་མིང་དོན་ཇི་ལྟར་གྲགས་པའི་ལུགས་ཀྱི་རྗེས་སུ་འབྲངས་ནས་ཆོས་དང་ཆོས་ཅན་གཉིས་ཕན་ཚུན་སྦྱོར་བའི་རྒྱན་ལ་ཏིང་ངེ་འཛིན་གྱི་རྒྱན་ཞེས་ལྷོ་ཤར་གཉིས་ཀས་འདོད་དོ། །དབྱེ་ན། ཆོས་སྤྱི་ཙམ་བཀོད་པ་དང་། ཆོས་གཅིག་ཙམ་བཀོད་པ། ཆོས་དུ་མ་བཀོད་པ་དང་གསུམ་ཡོད་ཅིང་། གསུམ་པོ་འདི་དག་ནི་སྙན་ངག་གི་རྒྱན་ཐམས་ཅད་ཀྱི་ནང་ནས་ཉམས་འདོན་ཚུལ་ཚིག་རྒྱན་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཀྱང་ཡིན་ནོ། །དེ་དག་གི་གོ་དོན་དང་དཔེར་བརྗོད་རིམ་པ་བཞིན་འགོད་ན། ༡) ཆོས་སྤྱི་ཙམ་བཀོད་པའི་ཏིང་ངེ་འཛིན།གོང་དུ་བཤད་པའི་ཏིང་ངེ་འཛིན་གྱི་རྒྱན་གྱི་གོ་བ་ལས་ལོགས་སུ་མེད། དཔེར་ན།ཉིན་མོར་བྱེད་པས་གླིང་བཞི་གསལ་དུས་ཀྱི། ། སྣང་བ་གཞིབ་པས་ཀུན་མུ་ཏ་ཡི་ཁ། ། འཛུམ་ཞིང་སྦྲང་རྩིའི་རྒྱལ་མཚན་དག་གི་ཞལ། ། རྣམ་པར་འབྱེད་པའི་སོ་ཕྲེང་བུང་བའི་དཔྱིད། ། ཉི་མས་གླིང་བཞི་གསལ་དུས་ཀྱི་སྣང་བ་འཇིབ་མཁན་ཀུན་མུ་ཏའི་ཁ་ཟིམ་ཞིང་། པད་མ་ཁ་འབྱེད་པའི་སོ་ཕྲེང་བུང་བའི་དཔྱིད་དུ་སྨིན། ཞེས་སེམས་མེད་ཀྱི་ཁྱད་གཞི་ཀུན་མུ་ཏ་དང་པདྨ་གཉིས་ལ་སེམས་ལྡན་གྱི་ཁྱོད་ཆོས་ཁ་འབྱེད་པ་དང་འཛུམ་པའི་བྱ་བ་གཉིས་བཀོད་པ་ལས། ཁའི་བྱ་བ་འབྱེད་འཛུམ་གཉིས་པོ་དེའི་རྗོད་བྱེད་ཀྱི་སྒྲ་དེ་དག་ཁ་དངོས་ལས་གཞན་མེ་ཏོག་དེ་གཉིས་ལའང་ཐོབ་པ་ཡིན་ནོ། །འདི་ཉི་མ་ཤར་དུས་ཀྱི་སྣང་བ་ནི་ཆོས་ཅན་དང་། པདྨ་ཁ་འབྱེད་པ་དང་ཀུ་མུ་ཏ་ཁ་འཛུམ་པ་གཉིས་ནི་ཆོས་ཡིན་ལ། དེ་དག་འཇིག་རྟེན་ན་མིང་དོན་ཇི་ལྟར་གྲགས་པའི་ལུགས་ཀྱི་རྗེས་སུ་འབྲངས་ནས་ཕན་ཚུན་སྦྱོར་བ་ཡིན་ནོ། ། ༢) ཆོས་གཅིག་ཙམ་བཀོད་པའི་ཏིང་ངེ་འཛིན།དངོས་བཏགས་ཀྱི་ཁྱད་གཞི་ཐ་དད་པ་དུ་མ་ཁྱད་ཆོས་གཅིག་ཉིད་སྦྱར་ནས་བཏགས་པའི་རྒྱན་ལ་ཆོས་གཅིག་ཙམ་བཀོད་པའི་ཏིང་ངེ་འཛིན་གྱི་རྒྱན་ཟེར། དཔེར་ན།དུས་ཀྱི་འཁོར་ལོ་ཟླུམ་པོའི་འགྱུར་འགྲོས་ལས། ། ཆ་རྫོགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་གྱི། ། འདོད་འཇོ་སྣང་བ་དཀར་པོ་རྒྱས་པའི་གཟིས། ། མཐའ་བཞི་ཆུ་གཏེར་རྒྱས་པའི་ཤིས་པ་བསྐྲུན། ། དུས་ཀྱི་འགྱུར་འགྲོས་ལས་བྱུང་བའི་ཟླ་བ་ཉ་གང་བའི་དཀྱིལ་འཁོར་གྱི་འོད་ཟེར་དཀར་པོ་རྒྱས་པ་དེས་མཐའ་བཞིའི་རྒྱ་མཚོ་རྒྱས་པའི་དགེ་མཚན་བསྐྲུན་ནོ། །ཞེས་རྒྱས་ཞེས་པའི་ཁྱད་ཆོས་གཅིག་པོ་དེ་ཉིད་ཁྱད་གཞི་དངོས་པོ་གཞན་ཟླ་བའི་ཉ་དང་། འོད་ཟེར། རྒྱ་མཚོ་བཅས་ལ་བཏགས་ནས་སྦྱར་ཆོག་པ་ལྟ་བུ་སྟེ། ཕུགས་ཀྱི་གོ་དོན་དངོས་ནི། དུས་ཀྱི་འགྱུར་འགྲོས་ལས་ན་ཚོད་དར་ལ་བབས་པའི་ལང་ཚོས་ཕྱོགས་མཐའི་ཆགས་ལྡན་གཞོན་སྐྱེས་ཀུན་ལ་དགའ་བ་འཕེལ་བའི་དགེ་མཚན་བསྐྲུན་པ་དེ་ཡིན་ནོ། ། ༣) ཆོས་དུ་མ་བཀོད་པའི་ཏིང་ངེ་འཛིན། དོན་དངོས་ལ་ཡོད་པའི་ཁྱད་ཆོས་དུ་མ་ཞིག་ཆོས་གཞན་ལ་བཏགས་ནས་བཀོད་པའི་རྒྱན་ཞིག་ལ་ཆོས་དུ་མ་བཀོད་པའི་ཏིང་ངེ་འཛིན་གྱི་རྒྱན་ཟེར། དཔེར་ན།གཡང་སའི་འགག་འཕྲང་དོག་པའི་སྲུབ་ཀའི་ཁྲོད། ། ཀྱག་ཀྱོག་འཇུག་པ་རྩུབ་པའི་གཅོང་རོང་ནས། ། ཕན་ཚུན་འཛིངས་པའི་རྦ་རླབས་རལ་ཚོགས་ཀྱིས། ། ཀུ་ཅོ་བསྒྲགས་པས་གནམ་མཐོངས་དབྲལ་བར་བྱེད། ། འགག་འཕྲང་དོག་ཅིང་འབར་འབུར་མང་པའི་ལུང་ཀྱོག་ནས་འབབ་པའི་ཆུ་ཕྲན་གྱི་རྦ་རླབས་རྣམས་ཕན་ཚུན་འཛིངས་པའི་ཀུ་ཅོ་བསྒྲགས་པས་གནམ་ཡང་དབྲལ་བར་བྱེད་དོ། །ཞེས་ཆོས་གཞན་ཆུ་ཕྲན་ལ་ཡོད་པའི་ཁྱད་ཆོས་དེ་དག་བཀོད་ནས་དོན་ལ་ཁྱད་གཞི་ལུང་ཀྱོག་ནང་དུ་སྡོད་པའི་བླུན་པོ་ཚོ། ཁྱད་ཆོས་ཐོས་པ་ཉུང་བ་དང་། གུ་དོག་པ། ང་རྒྱལ་ཆེ་བ། ཀུ་ཅོ་ཆེ་བ་བཅས་ལ་བཏགས་ནས་བརྒྱན་པ་ཡིན་ནོ། །འདིར་ཏིང་ངེ་འཛིན་གྱི་ཡོན་ཏན་དང་། ལེའུ་བར་བའི་སྐབས་ཀྱི་རབ་རྟོག་གི་རྒྱན་དང་། བསྡུས་བརྗོད་ཀྱི་རྒྱན་རྣམས་ཕན་ཚུན་ཁད་ཉེ་བས་དེ་དག་གི་ཁྱད་པར་ཞིབ་ཏུ་བཤད་ན། དུང་དཀར་རིན་པོ་ཆེས། འདི་(ཏིང་ངེ་འཛིན་གྱི་ཡོན་ཏན་)ནི་འཇིག་རྟེན་ན་གྲགས་པ་དང་། ཆོས་གཞན་གྱི་ཁྱད་ཆོས་དེ་དག་ཁྱད་ཆོས་གཞན་ལ་བཀོད་པ་ཡིན་ལ། རབ་རྟོག་གི་རྒྱན་ནི། རབ་རྟོག་གསལ་བྱེད་ཀྱི་སྒྲ་ངེས་པར་ཚང་པའི་སྒོ་ནས་དངོས་པོའི་གནས་ཚུལ་གཞན་དུ་སྒྲོ་བཏགས་པ་ཙམ་ཞིག་དང་། བསྡུས་བརྗོད་ནི། ཆོས་འགོད་དགོས་པར་མ་ངེས་ཤིང་མཚུངས་པའི་དངོས་པོ་ཙམ་སྦྱར་བ་ཙམ་ཡིན་པས་གཞི་གང་ལ་སྦྱར་ཀྱང་ཆོག་པ་ཡིན་ནོ། །ཞེས་གསུངས་པ་ལྟར་འབྱེད་དགོས་པར་སེམས་ཏེ། འདི་ཉིད་ནི་རིན་ཐང་གཞལ་དུ་མེད་པའི་ལེགས་བཤད་ཁོ་ནར་འཁུམས་སོ། །

ཐུན་མོང་མིན་པའི་རྒྱན་གྱི་མཇུག་བསྡུ་བ། སྙན་ངག་མེ་ལོང་ལས།བུར་ཤིང་འོ་མ་ལ་སོགས་ཀྱི། །མངར་བ་ཉིད་ཀྱི་ཁྱད་པར་ཆེ། །དེ་ལྟ་མོད་ཀྱི་དེ་བརྗོད་པར། །དབྱངས་ཅན་མས་ཀྱང་ནུས་མ་ཡིན། །ཞེས་གོང་དུ་བཤད་པའི་རྒྱན་བཅུ་པོ་དེ་དག་ནི། ལྷོ་ཤར་གཉིས་ཀྱི་ཐུན་མོང་མིན་པའི་རྒྱན་གྱི་གནད་རྣམས་ཅུང་ཟད་བཤད་པ་ཡིན་གྱི། ནང་གསེས་ཀྱི་དབྱེ་བ་ཕྲ་མོ་རྣམས་ནི་ཞིབ་པར་བརྗོད་པར་མི་ནུས་ཏེ། དཔེར་ན། བུར་ཤིང་དང་། འོ་མ། ཀ་ར། སྦྲང་རྩི། བུ་རམ་ལ་སོགས་པ་སྤྱི་ཁྱབ་ནས་མངར་བའི་རོ་ཡིན་པར་མཚུངས་ཀྱང་། ནང་གསེས་མངར་ལུགས་མངར་སྟངས་ཀྱི་ཁྱད་པར་མི་འདྲ་བ་ལྟར། འདིར་ཡང་སྙན་ངག་མཁན་སོ་སོའི་རྣམ་དཔྱོད་དང་བློ་གྲོས་ཀྱི་རྩལ་ལས་རྣམ་རྟོག་གི་རྒྱུ་བ་མཐའ་ཡས་པ་འབྱུང་ཞིང་། དེས་ཀུན་ནས་སློང་པའི་སྙན་ཚིག་གི་དབྱེ་བ་ཡང་མུ་མཐའ་མེད་པས། དེ་དག་གི་ཚུལ་ལུགས་མ་འདྲེས་པ་དང་མཐའ་དག་པ་ནི་གཞན་ལྟ་ཅི། དབྱངས་ཅན་མས་ཀྱང་བརྗོད་པར་མི་ནུས་སོ། །ཞེས་སྐྱེས་བུའི་བློ་གྲོས་རྩལ་དང་རྣམ་རྟོག་གི་འཆར་སྒོ། དེ་ལ་བརྟེན་པའི་ཉམས་དང་འགྱུར་གྱི་ཁྱད་པར་དང་རྣམ་གྲངས་མཐའ་ཡས་པས་རང་ཉིད་ཀྱི་བློ་གྲོས་དང་བརྩོན་པས་འདང་ན་མེ་ལོང་མའི་རྩོམ་འགྲོས་ཀྱིས་མི་འདང་བ་མེད་པ་ཡང་འདིས་གསལ་བར་བསྟན་པས། དེས་ན། རང་ཉིད་ཕྱོགས་འདི་ལ་སྦྱང་པ་ཉིན་གཅིག་བྱེད་མ་མྱོང་པ་དང་། བྱས་ཀྱང་དུས་ཡུན་ཐུང་བའམ་རྣམ་དཔྱོད་དང་བརྩོན་འགྲུས་མེད་པ་སོགས་ཀྱིས་མེ་ལོང་མའི་སྒྱུ་རྩལ་གྱི་བྲོ་བ་མ་མྱོང་པར། ཨ་གསར་གྱིས་གཡམ་རྒྱུག་བྱེད་མཁན་གཞོན་སྐྱེས་ཆོ་མེད་འགའ་ཞིག་ལ་མེ་ལོང་མའི་རང་ལུས་ཀྱི་གཞུང་ཚིག་འདིས་གསལ་འདེབས་བྱེད་པའང་ཡིན་ནོ། ། སྨྲས་པ། རིགས་ཞེན་སྙིང་ལ་ཉར་བའི་སྙིང་ནད་ཀྱིས། ། སྙིང་གི་ཁྲག་མཚོ་གྱེན་དུ་འཕྱུར་ན་ཡང་། ། ཌོ་ལོས་སྨན་བཅོས་བྱས་པ་མི་ཕན་པས། ། རང་གི་ནུས་པའི་སྨན་བཅོས་འདི་ཙམ་ཟད། ། ཀྱེ་མ་སྔོན་བྱོན་ས་ཐོབ་ལོ་པཎ་རྣམས། ། བསམ་བཞིན་སྐྱེ་བ་ལེན་པའི་མཐུ་ཡོད་ན། ། གངས་ལྗོངས་རིག་པའི་མུན་པ་སེལ་བའི་སླད། ། གཟིགས་པ་དུས་ལས་གཡོལ་བ་མེད་པར་མཁྱེན། ། སྤྱི་ལོ ༡༩༩༨ ཟླ་བ ༡༠ པར་མོན་གྷོ་འབྲས་སྤུངས་རང་ཤག་ཏུ་བྲིས།