Jump to content

སྙན་ངག་མེ་ལོང་ངོ་སྤྲོད་

ཡོང་ཁུངས་Wikipedia

སྙན་ངག་མེ་ལོང་གི་ངོ་སྤྲོད་

[རྩོམ་སྒྲིག]

སྙན་ངག་མེ་ལོང་ (སཾསྐྲྀཏ་སྐད་དུ། Kāvyādarśa) ནི་རྒྱ་གར་གྱི་སྙན་ངག་རིག་པའི་གཞུང་ལུགས་ཀྱི་རྩ་བའི་བསྟན་བཅོས་ཤིག་ཡིན་ཞིང་། བོད་ཀྱི་རིག་གནས་ཁྲོད་རིག་གནས་ཆུང་བ་ལྔའི་ནང་གསེས་སྙན་ངག་གི་གཞུང་ལུགས་རྨང་གཞི་ལྟ་བུར་བརྩི་བ་ཡིན། བསྟན་བཅོས་འདི་ནི་བོད་ཀྱི་སྙན་ངག་འབྲི་ཐབས་ཀྱི་གཞི་བཅོལ་སའི་སྙན་ངག་གི་གཞུང་ལུགས་གལ་ཆེ་ཤོས་ཤིག་ཡིན། སྙན་གཞུང་འདིའི་བརྗོད་བྱ་གཙོ་བོ་ནི་སྙན་ངག་གི་ལུས་རྒྱན་སྐྱོན་སེལ་གསུམ་ཡིན།

མཛད་པ་པོ་དང་བྱུང་རབས།

[རྩོམ་སྒྲིག]

སྙན་ངག་མེ་ལོང་ནི་རྒྱ་གར་གྱི་སློབ་དཔོན་དབྱུག་པ་ཅན་ (Dandi) གྱིས་དུས་རབས་ ༧ པའི་སྨད་དམ་ ༨ པའི་སྟོད་ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་ཀཱཉྩིའི་གྲོང་ཁྱེར་དུ་མཛད་པ་ཞིག་ཡིན། སློབ་དཔོན་འདིའི་ཡབ་ལ་བཱིར་དཏྟ་དང་ཡུམ་ལ་མ་གཽ་རི་ཞེས་ཞུ་ཞིང་། ཁོང་ནི་རྒྱལ་པོ་པལླ་བའི་བློན་པོ་དང་། རྒྱལ་པོ་པུ་ལ་ཀེ་ཤའི་སྤུན་ཁྱབ་འཇུག་འཕེལ་གྱི་སྲས་དག་གི་སློབ་དཔོན་དུ་བཞུགས་སྐབས་གཞུང་འདི་བརྩམས་པར་གྲགས། ཁོང་གིས་སྙན་ངག་མེ་ལོང་ལས་གཞན་སྒྲུང་རྩོམ་《གཞོན་ནུ་བཅུའི་སྤྱོད་པ་》 (Dashakumaracharita) དང་། 《མཛེས་མ་ཨ་བཱནྟིའི་གཏམ་རྒྱུད་》 (Avantisundari)། 《སྡེབ་སྦྱོར་རྣམ་བཀྲ་》 (Chhandoviciti) སོགས་ཀྱང་མཛད་ཡོད།

སྙན་གཞུང་འདིའི་བཀོད་པ་མདོར་བསྡུས།

[རྩོམ་སྒྲིག]

སྙན་ངག་མེ་ལོང་ནི་སྔོན་གྱི་སྙན་ངག་མཁན་རཱ་མ་ཤརྨ་དང་བྷ་ར་ཏ་སོགས་ཀྱི་བསྟན་བཅོས་ཀྱི་སྙིང་པོ་བསྡུས་ཏེ་བརྩམས་པ་ཞིག་ཡིན། གཞུང་འདི་ལ་ལེའུ་གསུམ་ཡོད་ཅིང་། ཤོ་ལོ་ཀའི་གྲངས་ལ་བཞེད་པ་མི་འདྲ་བ་ཡོད་ཀྱང་ཡོངས་གྲགས་སུ་ ༦༦༠ ལྷག་གིས་གྲུབ་ཡོད།

ལེའུ་དང་པོ། འདིར་སྙན་ངག་གི་ལུས་ (Body) ཏེ་ཚིགས་བཅད་དང་། ལྷུག་པ། སྤེལ་མ་གསུམ་གྱི་རྣམ་གཞག་དང་། ལྷོ་ཕྱོགས་པ་དང་ཤར་ཕྱོགས་པའི་ལམ་ (Marga) གཉིས། སྙན་ངག་གི་སྲོག་ལྟ་བུའི་ཡོན་ཏན་བཅུ་ སྟེ། སྙན་ངག་མེ་ལོང་རྩ་བ་ལས། སྦྱར་བ་རབ་དྭངས་མཉམ་ཉིད་དང་།། སྙན་དང་ཤིན་ཏུ་གཞོན་པ་དང་།། དོན་གསལ་བ་དང་རྒྱ་ཆེ་དང་།། བརྗིད་དང་མཛེས་དང་ཏིང་ངེ་འཛིན།། (Ten Gunas) བཅས་སྟོན་པ་ཡིན། སྙན་ངག་གི་ཡོན་ཏན་དེ་ལའང་ཤར་ཕྱོགས་པ་དང་ལྷོ་ཕྱོགས་པའི་འདོད་ཚུལ་མི་འདྲ་བ་ཡོད།

ལེའུ་གཉིས་པ། སྙན་ངག་མཛེས་པར་བྱེད་པ་ཡི།། ཆོས་རྣམ་རྒྱན་ཞེས་རབ་ཏུ་བརྗོད།། ཅེས་སྙན་ངག་མེ་ལོང་གི་རྩ་བ་ལས་གསལ་བ་ལྟར་ལེའུ་འདིའི་ནང་དོན་གྱི་རྒྱན་ (Ornaments of Sense) སོ་ལྔ་དང་དེའི་ནང་གསེས་དབྱེ་བ་རྣམས་དཔེར་བརྗོད་དང་བཅས་པ་ཞིབ་པར་སྟོན་པ་ཡིན། སྙན་གཞུང་གི་རྩ་བ་ལས། ལམ་ནི་རྣམ་པར་དབྱེ་དོན་དུ།། རྒྱན་འགའ་ཞིག་ནི་སྔར་ཡང་བསྟན།། ཐུན་མོང་དག་ཏུ་རྒྱན་གྱི་ནི།། རིགས་གཞན་རབ་ཏུ་བསྟན་པར་བྱ།། རང་བཞིན་བརྗོད་དང་དཔེ་དང་ནི།། གཟུགས་ཅན་གསལ་བྱེད་བསྐོར་བ་དང།། འགོག་དང་དོན་གཞན་བཀོད་པ་དང།། ལྡོག་པ་ཅན་དང་སྲིད་པ་ཅན།། བསྡུས་དང་ཕུལ་བྱུང་རབ་བརྟགས་དང།། རྒྱུ་དང་ཕྲ་མོ་ཆ་དང་རིམ།། དགའ་དང་ཉམས་ལྡན་གཟི་བརྗིད་ཅན།། རྣམ་གྲངས་བརྗོད་དང་ཀུན་དུ་ཕན།། རྒྱ་ཆེ་བསྙོན་དོར་སྦྱར་བ་དང།།ཁྱད་པར་མཚུངས་པར་སྦྱོར་བ་དང།། འགལ་དང་སྐབས་མིན་བསྟོད་པ་དང།། ཟོལ་བསྟོད་ངེས་པར་བསྟན་པ་དང།། ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤིས།། རབ་སྤེལ་དེ་ནས་དགོངས་བ་ཅན།། འདི་དག་ཚིག་རྣམས་དག་གིས་ནི།། རྒྱན་དུ་སྔོན་གྱི་མཁས་པས་བསྟན།། ཅེས་གསལ་ལོ།། དཔེར་ན། རང་བཞིན་བརྗོད་པའི་རྒྱན་ ༤ དང་། དཔེ་རྒྱན་ལ་དབྱེ་བ་ ༣༢ གཟུགས་རྒྱན་ལ་དབྱེ་བ་ ༢༠ ལ་སོགས་ཡོད།

ལེའུ་གསུམ་པ། འདིར་སྒྲའི་རྒྱན་ (Ornaments of Sound) ཏེ་ཟུང་ལྡན་སོགས་དང་། བྱ་དཀའ་བའི་ཁྱད་པར། གབ་ཚིག་བཅུ་དྲུག སྙན་ངག་གི་སྐྱོན་བཅུ་ (Ten Faults) བཅས་ཀྱི་རྣམ་གཞག་སྟོན་པ་ཡིན།

སྙན་ངག་གི་སྐྱོན་བཅུ།

[རྩོམ་སྒྲིག]

སློབ་དཔོན་དབྱུག་པ་ཅན་གྱིས་སྙན་ངག་པ་དག་གིས་སྤང་དགོས་པའི་སྐྱོན་བཅུ་བསྟན་པ་ནི། འབྲེལ་མེད་དོན་གཞན། རང་ཚིག་སྔ་ཕྱི་འགལ་བ། དགོས་མེད་ཟློས་པ། ཐེ་ཚོམ་བསྐྱེད་པའི་སྒྲ། གོ་རིམ་འཆོལ་བ། སྒྲ་དམན་པའམ་དག་ཡིག་དང་མི་མཐུན་པ། མཚམས་སྦྱོར་ཉམས་པ། སྡེབ་སྦྱོར་ཉམས་པ། མཚམས་སྦྱོར་མ་བྱས་པ། (འདི་རྒྱ་གར་གྱི་སྐད་ལ་གཙོ་ཆེ་བ་ཡིན།) ཡུལ་དུས་ལུང་རིགས་དང་འགལ་བ།

བོད་དུ་དར་ཚུལ།

[རྩོམ་སྒྲིག]

བོད་དུ་སྙན་ངག་མེ་ལོང་ཐོག་མར་ངོ་སྤྲོད་གནང་མཁན་ནི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ (༡༡༨༢-༡༢༥༡) ཡིན་ཞིང་། ཁོང་གིས་མཛད་པའི་《མཁས་པ་འཇུག་པའི་སྒོ་》ནང་མེ་ལོང་མའི་ལེའུ་དང་པོ་དང་གཉིས་པའི་གནད་དོན་མང་པོ་བསྒྱུར་ཅིང་དྲངས་ཡོད། དེ་རྗེས་ཕྱི་ལོ་ ༡༢༧༧ ལོར། འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་ལྟར། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་རྒྱ་གར་གྱི་པཎྜི་ཏ་ལཀྵྨཱི་ཀ་ར་དང་ལྷན་དུ་སྙན་ངག་མེ་ལོང་གི་ལེའུ་གསུམ་ཡོངས་སུ་རྫོགས་པ་བོད་ཡིག་ཏུ་བསྒྱུར་ཅིང་གཏན་ལ་ཕབ། དེ་ནས་བཟུང་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སོགས་བོད་ཀྱི་མཁས་པ་རིམ་བྱོན་གྱིས་འགྱུར་བཅོས་དང་མཐའ་དཔྱོད་མང་དུ་མཛད་དེ་བོད་ཀྱི་རྩོམ་རིག་གི་རྩ་བའི་གཞུང་ལུགས་སུ་གྱུར་ཡོད།

བོད་ཀྱི་འགྲེལ་པ་གྲགས་ཅན་ཁག

[རྩོམ་སྒྲིག]

དཔང་ཊཱིཀ་ (དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་མཛད་པ)། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་བསྟན་བཅོས་དང་བཅས་པའི་རྒྱ་བོད་ཤན་སྦྱར་གྱི་པར་མ། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་སྙན་འགྲེལ་དང་ཞུས་དག་མཛད་པའི་པར་མ། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི་《དབྱངས་ཅན་ངག་གི་རོལ་མཚོ་》། (འདི་ནི་བོད་དུ་ཤིན་ཏུ་དར་ཆེ་བའི་རྒྱས་འགྲེལ་ཞིག་ཡིན།) བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་མཛད་པའི་《སྙན་འགྲེལ་དཎྜིའི་དགོངས་རྒྱན་》། ༸རྒྱལ་བ་ལྔ་པ་ཆེན་པོའི་སྙན་འགྲེལ་《དབྱངས་ཅན་དགྱེས་གླུ་》། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་སྙན་འགྲེལ་ 《ཚིག་རྒྱན་རིག་པའི་སྒོ་འབྱེད་》།

སྙན་གཞུང་འདིའི་གལ་ཆེའི་རང་བཞིན།

[རྩོམ་སྒྲིག]

སྙན་ངག་མེ་ལོང་བོད་དུ་དར་བ་དེས་བོད་ཀྱི་གནའ་རབས་ཀྱི་གླུ་དང་མགུར་གྱི་ལམ་སྲོལ་ལས་བརྒལ་ཏེ། ཚིག་གི་སྦྱོར་བ་གཟབ་ནན་དང་། རྒྱན་གྱི་བཀོད་པ་ཕུན་སུམ་ཚོགས་པའི་རྩོམ་ལུས་གསར་པ་ཞིག་བཏོད་ཡོད། འདི་ནི་བོད་ཀྱི་རྣམ་ཐར་དང་། ཆབ་ཤོག བསྟོད་ཚོགས་སོགས་རྩོམ་རིག་གི་རྣམ་གྲངས་ཀུན་ལ་རིན་ཐང་བྲལ་བའི་རྩོམ་རིག་གི་སྒྱུ་རྩལ་མཁོ་འདོན་བྱེད་མཁན་གཞུང་ལུགས་གཙོ་བོ་དེ་ཡིན