Jump to content

སྙན་ངག་གི་སྡོམ་ཚིག བེ་རི་འཇིགས་མེད།

ཡོང་ཁུངས་Wikipedia

༄༅། །སྙན་ངག་མེ་ལོང་མའི་སྡོམ་ཚིག་མཁས་པའི་སྙིང་ནོར་བློ་གསལ་མགྲིན་པའི་རྒྱན་གཅིག་མུཀྟི་ཀའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

བེ་རི་འཇིགས་མེད།

ལེའུ་དང་པོའི་སྡོམ་ཚིག

༈ རྒྱལ་ཀུན་མཁྱེན་རབ་དམར་སེར་ལི་ཁྲིའི་ཁམས། ། གཅིག་བསྡུས་འོད་ཞགས་རྣོན་པོས་ཤེས་བྱའི་ཁྱོན། ། གསལ་མཛད་ནང་གི་ཉི་མ་སྨྲ་བའི་ལྷ། ། འཇམ་དཔལ་རྣོན་པོས་ངག་གི་ཤིས་པ་སྒྲུབས། ། རབ་དཀར་འོ་མའི་ཆུ་གཏེར་གཡོ་བའི་འཇིངས། ། རབ་སྙན་དྲི་ཟའི་འཕང་འགྲོ་འཁྲོལ་བའི་ཉམས། ། རབ་མཛེས་ཚངས་སྲས་དབྱངས་ཅན་ངག་གི་ལྷ། ། རབ་དང་ཕུལ་བྱུང་སྨྲ་བའི་ཤིས་པ་སྒྲུབས། ། ཕུལ་བྱུང་མཁས་རྒུའི་སྙིང་ནོར་ཚིག་གི་སྦྱོར། ། དཎྜིའི་དགོངས་པའི་མུཀྟི་ཀ་ཡི་ཕྲེང༌། ། རྣམ་གྲངས་དར་གྱི་སྲད་བུ་ལ་བརྒྱུས་ཏེ། ། བཀོད་ལེགས་བློ་གསལ་མགྲིན་པའི་སྐྱེས་སུ་འདེགས། ། དུས་ཀྱི་ཐུན་མཚམས་ཐ་མ་འདིར། ། བཅུ་ཕྲག་ཤེས་བྱ་རིག་པའི་གཞུང༌། ། སྨྲ་བའི་ཉི་མ་ཕལ་ཆེར་ནུབ། ། འགའ་ཞིག་སྒྲ་གཅན་ཁ་ན་ཟིམ། ། མུན་སྟུག་སྨག་རུམ་འཐུག་པོའི་ནང༌། ། འབྱུང་པོའི་བྱ་ཚོགས་འབུམ་ཕྲག་གིས། ། འདི་ཀོ་མཁོ་མེད་གཞུང་ཡིན་ཞེས། ། མགྲིན་པ་བསྡེབས་ནས་མཉམ་དུ་གླེང༌། ། རྒྱུ་ཚོགས་ཤེས་པ་མཁོ་མེད་ན། ། འབྲས་བུ་ཀུན་མཁྱེན་མཁོ་མེད་སྨོས། ། རྒྱུ་མ་ཚོགས་པའི་འབྲས་བུ་དག ། ཀུན་མཁྱེན་ཡིན་ཀྱང་རྙེད་ནུས་མིན། ། མ་བསླབས་ཀུན་མཁྱེན་འགྱུར་སྲིད་ན། ། ལས་འབྲས་རྫུན་ཞེས་སྨྲ་བར་གྱིས། ། ཤེས་བྱ་ཕྱོགས་རེ་ཙམ་བསླབས་པས། ། ཀུན་མཁྱེན་ཐོབ་པར་ནུས་སོ་ལོ། ། ཤེས་བྱ་ཀུན་ལ་མ་བསླབས་ན། ། ཀུན་མཁྱེན་ནམ་མཁའི་མཐའ་ལྟར་རིང༌། ། དེ་སླད་རྒྱལ་བ་མ་ཕམ་པས། ། དེ་ལ་དེ་བརྩོན་བྱ་ཞེས་གསུངས། ། སྒྲ་ཚད་གསོ་བཟོ་ནང་དོན་དང༌། ། སྙན་ངག་མངོན་བརྗོད་སྡེབ་སྦྱོར་རྩིས། ། ཟློས་གར་བཅས་ཏེ་བཅུ་ཕྲག་གནས། ། མཁྱེན་ན་མཁས་པའི་གོ་ས་སྙེགས། ། རང་གིས་སྦྱངས་པའི་ཤེས་བྱ་དེ། ། ཆེ་མཐོ་ནམ་མཁའི་དབྱིངས་བཏེགས་ནས། ། རང་ཉིད་རྨོངས་པའི་རིག་གཞུང་ལ། ། སྨོད་པ་བླུན་པོའི་རང་མཚང་ཡིན། ། ༈སྔོན་ཀྱི་འཕགས་ཡུལ་སྙན་ངག་མཁན། ། རམ་ཤ་རྨ་དང་བྷ་ར་ཏ། ། སོགས་ཀྱི་གཞུང་ལས་བསྟན་པ་རྣམས། ། དཎྜིས་མེ་ལོང་ནང་དུ་བསྡུས། ། འདི་ལ་ལེའུ་གསུམ་ཡོད་དེ། ། དང་པོར་བརྒྱ་དང་བཅོ་ལྔ་དང༌། ། གཉིས་པར་སུམ་བརྒྱ་དྲུག་ཅུ་ལྔ། ། གསུམ་པར་བརྒྱ་དང་གྱ་དྲུག་སྟེ། ། བསྡོམས་པས་ཤོ་ལོ་ཀ་ཡི་གྲངས། ། དྲུག་བརྒྱ་དྲུག་ཅུ་རྩ་དྲུག་གོ ། ༈ གང་ཞིག་བརྗོད་བྱའི་དངོས་པོ་དག ། ཕུན་ཚོགས་རྗོད་བྱེད་ཚིག་གི་ཉམས། ། རྣ་བར་སྙན་ཞིང་ཡིད་ལ་ནི། ། འཇེབས་པ་སྙན་ངག་མཚན་ཉིད་ཡིན། ། ༈ འདི་བཤད་གཞུང་གི་སྔོན་འགྲོ་གསུམ། ། སྙན་ངག་ཤེས་པའི་ཕན་ཡོན་དང༌། ། མ་ཤེས་པ་ཡི་ཉེས་དམིགས་དང༌། ། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུའོ། ། ༈ འཆད་དང་རྩོད་དང་རྩོམ་པ་དང༌། ། ཤགས་འགྱེད་ཟུར་ཟ་གླེང་མོ་སོགས། ། རྗོད་ཚིག་སྔ་ཕྱི་མི་འགལ་ཞིང༌། ། དོན་གྱི་ཆ་ལ་སྐྱོན་མེད་པ། ། བློ་ལྡན་ཀུན་གྱིས་གོ་སླ་བ། ། སྙན་ངག་ཤེས་པའི་ཕན་ཡོན་ཡིན། ། ༈ བརྗོད་དོན་ལོག་པར་བཀྲལ་བ་དང༌། ། ཚིག་དོན་སྔ་ཕྱི་འབྲེལ་མེད་དང༌། ། གྲོང་ཚིག་ཕལ་སྐད་འདྲེས་པ་སོགས། ། སྙན་ངག་མི་ཤེས་པ་ཡི་སྐྱོན། ། ༈ སྐྱེས་སྦྱངས་ཤེས་རབ་མྱུར་བ་ལས། ། རང་བཞིན་སྨྲ་བརྗོད་བདེ་བ་དང༌། ། བརྡ་སྤྲོད་མངོན་བརྗོད་སྡེབ་སྦྱོར་དང༌། ། ཕྱི་དང་ནང་གི་བརྗོད་གཞི་ཀུན། ། མང་ཐོས་བརྩོན་པས་ཕྱུག་པ་ནི། ། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུའོ། ། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བ། ། རྟེན་འབྱུང་རྒྱལ་མོའི་རྩ་ཁྲིམས་ཏེ། ། མ་ཚང་མེད་རྒྱུ་དེ་ལས་ནི། ། འབྲས་བུ་གང་གིས་ཟློག་ནུས་མིན། ། ༈ དེ་ལྟར་སྔོན་འགྲོ་གསུམ་ཤེས་ནས། ། ལུས་དང་རྒྱན་དང་སྐྱོན་སེལ་གསུམ། ། སྙན་ངག་གཞུང་འདིའི་བརྗོད་བྱ་ཡིན། ། ༈ ལུས་ནི་བརྗོད་དོན་གོ་བྱེད་ཀྱི། ། ཚོགས་གསུམ་ཕྲེང་བའི་བདག་ཉིད་དོ། ། དེ་ལ་བཅད་ལྷུག་སྤེལ་མ་གསུམ། ། ཚིགས་བཅད་ཅེས་པ་ཚིག་གི་ཕྲེང༌། ། རྐང་པས་ངེས་པར་གཅོད་པར་འདོད། ། ༈ སྡེབ་སྦྱོར་དབང་གིས་རྒྱ་སྐད་ཐོག ། པྲིཏ་ཛཱ་ཏི་གཉིས་སུ་ངེས། ། འབྲིའི་ཚུལ་སྡེབ་སྦྱོར་གཞུང་དུ་གསལ། ། བོད་སྐད་རྐང་པ་རེ་རེའི་ནང༌། ། ཚེག་ཁྱིམ་གསུམ་ནས་སོ་ལྔ་བར། ། ཡོད་ཅིང་རྐང་པ་བཞི་རེ་ལ། ། ཚིག་བཅད་ཅེས་པའི་ཐ་སྙད་འདོགས། ། སྦྱོར་ཚུལ་སྒོ་ནས་བཞིར་འགྱུར་ཏེ། ། གྲོལ་བ་དང་ནི་རིགས་དང་མཛོད། ། འདུས་པ་རྣམས་སུ་མཁས་པས་བཤད། ། གྲོལ་བ་བརྗོད་དོན་གང་ཡིན་ཏེ། ། ཚིག་བཅད་གཅིག་ཏུ་རྫོགས་པར་འདོད། ། རིགས་ནི་བརྗོད་དོན་གཅིག་ཉིད་པོ། ། ཚིག་བཅད་དུ་མ་འདས་པའི་མཐར། ། བྱ་ཚིག་གཅིག་གིས་སྟོན་པར་འདོད། ། མཛོད་ནི་བརྗོད་བྱ་སྣ་ཚོགས་པ། ། རྗོད་བྱེད་གཅོད་མཚམས་ཤོ་ལོ་ཀ། ། བྱ་ཚིག་མང་ཉུང་ཅི་རིགས་སོ། ། འདུས་པ་ཚིགས་བཅད་བྱ་ཚིག་བཅས། ། དུ་མས་དོན་གཅིག་སྟོན་པར་འདོད། ། དེ་དག་ས་རྒའམ་ལེའུ་ཡིས། ། བཅིངས་པ་སྙན་ངག་ཆེན་པོར་བཤད། ། ༈ དེ་ལ་འཇུག་པའི་སྒོ་གསུམ་སྟེ། ། སྒོ་དང་སྲོག་དང་རྩོམ་ཚུལ་ལོ། ། ཤིས་བརྗོད་ཕྱག་བྱ་ངེས་བསྟན་གསུམ། ། སྙན་ངག་ཆེན་པོར་འཇུག་པའི་སྒོ། ། ༈ གང་ཞིག་བརྗོད་དོན་སྙིང་པོའི་ཆ། ། སྙན་ངག་གི་ནི་སྲོག་ཡིན་ནོ། ། དབྱེ་ན་ཆོས་དང་ཐར་པ་ནོར། ། འདོད་པ་བཅས་ཏེ་སྡེ་བཞི་དང༌། ། དེ་ལས་འཕྲོས་པའི་ལོ་རྒྱུས་སོགས། ། སྔོན་བྱུང་འདས་དང་ད་ལྟ་ཡི། ། གྲོང་ཁྱེར་རྒྱ་མཚོ་རི་དང་དུས། ། ཉི་ཟླ་འཆར་ནུབ་སྐྱེད་ཚལ་དང༌། ། ཆུ་ཡི་རོལ་རྩེད་ཆང་འཐུང་བ། ། དགའ་སྟོན་དང་ནི་དུས་མ་ཚོགས། ། གཉེན་བསུ་གཞོན་ནུ་སྐྱེས་འཕེལ་དང༌། ། གྲོས་དང་ཕོ་ཉ་འགྲོ་འོངས་དང༌། ། གཡུལ་འཐབ་མངའ་ཐང་དར་བ་སོགས། ། བརྗོད་བྱའི་ཕྱིར་ན་སྲོག་ཡིན་ནོ། ། ༈ རྩོམ་ཚུལ་བསྟོད་པའི་ཡུལ་དེ་ཡི། ། དགྲ་སྡེ་ཕྱོགས་ལ་ཆེས་བསྔགས་ནས། ། དེ་ལས་བསྟོད་ཡུལ་རྒྱལ་བའི་ཉམས། ། བསྟོད་ཚུལ་མཛེས་པའི་མཆོག་ཅེས་བཤད། ། ༈ རྐང་པས་མ་བཅད་ཚིག་སྦྱོར་དག ། གཅོད་མཚམས་ངེས་མེད་སྣ་ཚོགས་རྒྱུན། ། ལྷུག་པའི་ལུས་ཏེ་དབྱེ་བ་གཉིས། ། བརྗོད་པ་དང་ནི་གཏམ་ཉིད་དེ། ། དནྜིས་འདི་གཉིས་གཅིག་ཏུ་འདོད། ། ༈ རྐང་པས་བཅད་དང་མ་བཅད་པ། ། ཕན་ཚུན་བསྲེས་པ་སྤེལ་མར་འདོད། ། ༈ ངག་གི་རང་བཞིན་དེ་དག་ཀྱང༌། ། ལེགས་སྦྱར་དང་ནི་རང་བཞིན་སྐད། ། ཟུར་ཆགས་སྐད་དང་ཤ་ཟའི་སྟེ། ། སྐད་རིགས་བཞི་ལས་བརྩམས་པར་བཤད། ། འདི་བཞི་བོད་སྐད་ལ་མེད་ཀྱང༌། ། རྗེས་མཐུན་རེ་རེ་ཞ་ལུས་གསུངས། །

༈ སྙན་ངག་མཛེས་པར་བྱེད་པ་ཡི། ། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། ། དེ་ལ་ཐུན་མོང་མིན་པ་དང༌། ། ཐུན་མོང་རྒྱན་ཏེ་རྣམ་པ་གཉིས། ། ༈ འཕགས་ཡུལ་ལྷོ་ཤར་གཉིས་པོ་ཡི། ། སོ་སོ་ཁོ་ནའི་ལམ་སྲོལ་རྒྱན། ། ཐུན་མོང་མིན་པའི་རྒྱན་ཡིན་ནོ། ། དེ་ལ་ལྷོ་ཕྱོགས་བཻདརྦྷ་དང༌། ། ཤར་ཕྱོགས་གཽ་ཌཱ་བའི་ལུགས་གཉིས། ། ལྷོ་ཕྱོགས་ཡི་གེ་འཇམ་ཞིང་ཡང༌། ། ཤར་པས་རྩུབ་ཅིང་ལྕི་བས་ཁྱད། ། ཡི་གེ་འཇམ་དང་བརྗོད་པ་ལྷོད། ། ཡངས་དང་སྲོག་ཅུང་དོན་གཅིག་ཅིང༌། ། དེ་བཞིན་རྩུབ་དང་ལྕི་བ་དང༌། ། དམ་དང་སྲོག་ཆེན་རྣམས་ཀྱང་གཅིག ། འཕགས་ཡུལ་གསལ་བྱེད་སོ་བཞི་ལས། ། ཕོ་ཡིག་ལྔ་དང་མོ་ཡིག་ལྔ། ། ཤིན་ཏུ་མོ་ལྔ་མཐའ་གནས་བཞི། ། འཇམ་པའི་ཡི་གེ་བཅུ་དགུ་ཡིན། ། མ་ནིང་ལྔ་དང་འཐུག་པོ་ལྔ། ། དྲོ་བ་བཞི་དང་མཐའ་ཟད་གཅིག ། རྩུབ་པའི་ཡི་གེ་བཅོ་ལྔར་འདོད། ། བོད་ཡིག་གསལ་བྱེད་སུམ་བཅུ་ལས། ། སྡེ་བ་ལྔ་པ་ཡན་ཆད་ཀྱི། ། གཉིས་པ་བཏོན་པས་བཅུ་གཉིས་དང༌། ། འ་ཡ་ར་ལ་ཨ་ཡིག་བཅས། ། འཇམ་པའི་ཡི་གེ་ཉི་ཤུ་ཡིན། ། མ་ནིང་ལྔ་དང་ཞ་ཟ་ཤ། ། ས་དང་ཧ་བཅས་བཅུ་པོ་འདི། ། རྩུབ་པའི་ཡི་གེ་ཉིད་ཡིན་ཞེས། ། སྔོན་བྱོན་བོད་ཀྱི་མཁས་པས་བཤད། ། ༈ སྦྱར་བ་རབ་དྭངས་མཉམ་ཉིད་དང༌། ། སྙན་དང་ཤིན་ཏུ་གཞོན་པ་དང༌། ། དོན་གསལ་བ་དང་རྒྱ་ཆེ་བ། ། བརྗིད་དང་མཛེས་དང་ཏིང་ངེ་འཛིན། ། ཡོན་ཏན་འདི་བཅུ་བཻདརྦྷ་པའི། ། ལམ་གྱི་སྲོག་ཏུ་བཤད་པ་ཡིན། ། འདི་དག་ཕལ་ཆེར་ལྡོག་པ་ཡིས། ། གཽ་ཌཱ་པ་ཡི་ལམ་སྲོལ་མཚོན། ། ༈ འཇམ་པ་ཤས་ཆེ་རྩུབ་པ་ཡང༌། ། ཅུང་ཟད་བསྲེས་པ་ལྷོ་ལུགས་དང༌། ། འཇམ་པ་ཁོ་ན་དེ་ལ་ཡང༌། ། ཡི་གེ་གཅིག་གིས་རྗེས་འཁྲིད་ཅན། ། ཤར་བའི་ལུགས་ཀྱི་སྦྱར་བའོ། ། ༈ བརྗོད་བྱ་རྗོད་བྱེད་གཉིས་ཀའི་ཆ། ། འཇིག་རྟེན་གྲགས་པ་གཙོར་བྱས་སྟེ། ། སྦྱར་བས་གོ་སླ་ལྷོ་ལུགས་དང༌། ། སྔོན་དུས་གྲགས་པ་མི་ལྡན་ཡང༌། ། ངེས་ཚིག་ཙམ་གྱིས་ངག་སྦྱོར་དེ། ། བཤད་དུ་རུང་བའི་དོན་ཅན་ནི། ། ཤར་བས་འདོད་པའི་རབ་དྭངས་ཡིན། ། ༈ འཇམ་རྩུབ་ཡི་གེ་དོ་མཉམ་ཞིང༌། ། ཕྱོགས་སུ་མ་ལྷུང་ལྷོ་ལུགས་དང༌། ། ཕྱེད་སྔ་འཇམ་ཞིང་ཕྱི་རྩུབ་པའམ། ། གཅིག་རྩུབ་གཞན་འཇམ་མི་མཉམ་ཅན། ། ཤར་བའི་ལུགས་ཀྱི་མཉམ་ཉིད་ཡིན། ། ༈ ཡི་གེ་སྐྱེ་གནས་བརྩེགས་པ་སོགས། ། སྒྲ་མཚུངས་ཉེ་བའི་ཉམས་ལྡན་པ། ། ལྷོ་བའི་ལུགས་ཀྱི་སྙན་པ་དང༌། ། སྐྱེ་གནས་ལ་སོགས་གང་ཡིན་ཡང༌། ། སྒྲ་མཚུངས་ཙམ་གྱིས་ཆོག་མིན་པར། ། རྗེས་འཁྲིད་ཁོ་ན་ཤར་བའི་ལུགས། ། ༈ འཇམ་ཡིག་ཤུགས་ཆེ་རང་ཤུགས་ཀྱིས། ། ངག་ནས་བརྗོད་བདེ་ལྷོད་བ་དང༌། ། རྩུབ་ཡིག་མང་པོ་ཚོགས་ཆེན་པོས། ། བརྗོད་པར་བྱ་བའི་རང་བཞིན་ཅན། ། ཤར་བའི་ལུགས་ཏེ་ཤིན་ཏུ་གཞོན། ། བརྗོད་དོན་ཚིག་གང་ཐོས་མ་ཐག ། སྒྲ་དོན་ལ་བརྟེན་རྟོགས་སླ་བས། ། སླར་ཡང་ཁྱད་པར་མ་ལྷོད་པར། ། དོན་གསལ་བ་དེ་གཉིས་ཀའི་ལུགས། ། ༈ བསྔགས་པའི་ཚིག་སྦྱོར་འགའ་ཞིག་ལས། ། ཁྱད་འཕགས་ཡོན་ཏན་རྟོགས་ནུས་པ། ། དེ་ནི་རྒྱ་ཆེ་རྒྱན་ཡིན་ཞེས། ། ལྷོ་ཤར་གཉིས་ཀའི་འདོད་པར་མཐུན། ། ༈འཇམ་རྩུབ་ཆ་མཉམ་ཚིག་སྡུད་མང༌། ། ལྷོ་བའི་ལུགས་ཀྱི་བརྗོད་པ་སྟེ། ། འཇམ་རྩུབ་དོ་མི་མཉམ་པ་དང༌། ། ཚིག་སྡུད་མང་བ་ཤར་བའི་ལུགས། ། འཇིག་རྟེན་གྲགས་ཚད་དང་བསྟུན་ཏེ། ། རན་པའི་སྙན་ཚིག་ལྷོ་པའི་ལུགས། ། གྲགས་ཚད་ལས་བརྒལ་འུད་བཤད་ཀྱིས། ། སྒྲོ་བཏགས་ཤར་པས་མཛེས་པར་མདོད། ། ༈ འཇིག་རྟེན་ལུགས་ཀྱི་རྗེས་འབྲང་ནས། ། ཆོས་དང་ཆོས་ཅན་ཕན་ཚུན་དུ། ། རྒྱན་ཞེས་ལྷོ་ཤར་གཉིས་ཀས་འདོད། ། དབུས་འགྱུར་འཕགས་པའི་ལྷོ་ཤར་གྱི། ། ཐུན་མོང་མིན་པའི་རྒྱན་འདི་དག ། ལམ་དང་ལུགས་སྲོལ་ཙམ་མ་གཏོགས། ། བོད་ལ་དེ་ཙམ་རྒྱུག་མི་ཆེ། ། འོན་ཀྱང་རིག་པ་འཕེལ་བའི་སླད། ། སྔོན་བྱོན་བོད་ཀྱི་མཁས་པ་ཚོས། ། བོད་ཡིག་འཇམ་རྩུབ་དང་བསྟུན་ནས། ། ལད་མོའི་ཚུལ་དུ་སྤེལ་བ་ཡིན། ། སྙན་ཚིག་མཁས་པའི་སྙིང་གི་ནོར། ། བློ་གསལ་མགྲིན་པ་མཛེས་པའི་རྒྱན། ། མུཀྟི་ཀ་ཡི་ཕྲེང་བ་ལས། ། ལེའུ་དང་པོའི་སྡོམ་ཚིག་གོ། །།


ལེའུ་བར་བའི་སྡོམ་ཚིག

༈ ལྷོ་ཤར་གཉིས་ཀས་ཐུན་མོང་དུ། ། འདོད་པ་ཐུན་མོང་རྒྱན་ཡིན་ནོ། ། དེ་ལ་དོན་རྒྱན་སྒྲ་རྒྱན་དང༌། ། གབ་ཚིག་རྒྱན་ཏེ་རྣམ་པར་གསུམ། ། ༈ གང་ཞིག་བརྗོད་བྱའི་དོན་གྱི་ཉམས། ། གཙོ་བོར་འདོན་པ་དོན་རྒྱན་ཡིན། ། འདི་དོན་ཉེ་བར་སྟོན་པའི་ཕྱིར། ། སྙན་ངག་ལེའུ་བར་པ་གསུངས། ། ༈ རང་བཞིན་བརྗོད་དང་དཔེ་དང་ནི། ། གཟུགས་ཅན་གསལ་བྱེད་སྐོར་བ་དང༌། ། འགོག་དང་དོན་གཞན་བཀོད་པ་དང༌། ། ལྡོག་པ་ཅན་དང་སྲིད་པ་ཅན། ། བསྡུས་དང་ཕུལ་བྱུང་རབ་བཏགས་དང༌། ། རྒྱུ་དང་ཕྲ་མོ་ཆ་དང་རིམ། ། དགའ་དང་ཉམས་ལྡན་གཟི་བརྗིད་ཅན། ། རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། ། རྒྱ་ཆེར་བསྙོན་འདོར་སྦྱར་བ་དང༌། ། ཁྱད་པར་མཚུངས་པར་སྦྱོར་པ་དང༌། ། འགལ་དང་སྐབས་མིན་བརྗོད་པ་དང༌། ། ཟོལ་བསྟོད་ངེས་པར་སྟོན་པ་དང༌། ། ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤིས། ། རབ་སྤེལ་དེ་ནས་དགོངས་པ་ཅན། ། དོན་རྒྱན་སོ་ལྔ་འདི་དག་ནི། ། ལེའུ་བར་པའི་བརྗོད་གཞི་ཡིན། ། ༈ དངོས་རྣམས་རང་བཞིན་སྒྲོ་སྐུར་དང༌། ། ཤུགས་སྟོན་ཙམ་མིན་དྲང་པོ་བརྗོད། ། རང་བཞིན་བརྗོད་པའི་རྒྱན་ཏེ་བཞི། ། རིགས་དང་བྱ་བ་ཡོན་ཏན་རྫས། ། ༈ མཚོན་བྱེད་དཔེ་དང་མཚན་བྱ་དོན། ། མཚུངས་པར་སྟོན་པ་དཔེ་རྒྱན་ཡིན། ། ཆོས་དཔེ་དངོས་དཔེ་བཟློག་པའི་དཔེ། ། ཕན་ཚུན་དཔེ་དང་ངེས་ངེས་མེད། ། བསྡུས་དང་ཕུལ་བྱུང་རབ་བཏགས་རྨད། ། རྨོངས་དང་ཐེ་ཚོམ་གཏན་འབེབས་དཔེ། ། སྦྱར་དང་མཉམ་ཉིད་རྨད་དང་བསྔགས། ། ངོ་བསྟོད་དེ་ཉིད་ཐུན་མོང་ནིན། ། བྱུང་མིན་སྲིད་མན་མང་བའི་དཔེ། ། བརྗོད་འདོད་འགལ་དང་དགག་པའི་དཔེ། ། རྣམ་འགྱུར་ཕྲེང་བ་ངག་དོན་དང༌། ། ཟླ་བོ་དངོས་དང་མཚུངས་སྦྱོར་དཔེ། ། རྒྱུ་ཡི་དཔེ་སྟེ་སུམ་ཅུ་གཉིས། ། དཔེ་ཡི་རྒྱན་གྱི་དབྱེ་བ་ཡིན། ། ༈ རྟགས་ཐ་དད་དང་ཚིག་ཐ་དད། ། དཔེ་དོན་མཆོག་དམན་ཆེ་བ་རྣམས། ། སྙན་ངག་མཁན་གྱི་སྐྱོན་རྩི་ཡང༌། ། སྦྱོར་ཚུལ་ཤེས་ན་རྒྱན་དུ་འགྱུར། ། ༈ དཔེ་དོན་མཚུངས་པར་གསལ་བྱེད་སྒྲ། ། ཤོང་དཔང་ལོ་ཙཱས་རེ་གསུམ་བསྒྱུར། ། དུས་ཕྱིས་སྣར་ཐང་པཎ་ཆེན་གྱིས། ། རྫོགས་པར་བསྒྱུར་ཏེ་རེ་ལྔར་འགྱུར། ། དེ་ལ་སྡེ་ཚན་བཞིར་ཕྱེས་ཏེ། ། དཔེ་དོན་གསལ་བྱེད་ཉེ་གཉིས་དང༌། ། འདྲ་དོན་གསལ་བྱེད་ཉི་ཤུ་དང༌། ། དཔེ་རྒྱན་གསལ་བྱེད་བཅོ་ལྔ་དང༌། ། དེ་ལྟ་བུ་སོགས་བརྒྱད་རྣམས་སོ། ། ༈ བཞིན་ལྟར་ལྟ་བུ་ཇི་ལྟར་མཐུན། ། མཚུངས་དང་ཡང་དག་མཚུངས་དང་མཉམ། ། ཡང་དག་གསལ་དང་ངེས་པར་གསལ། ། རབ་གསལ་གཟུགས་ཀྱི་ཟླ་བོ་དང༌། ། མཉེན་པོ་དང་ནི་དགྲ་ཟླ་བྱེད། ། སོ་སོར་རྟོགས་དང་འགྲན་དང་འདྲ། ། ལྟ་བཅས་བསླུ་བ་རིགས་མཐུན་དང༌། ། རྗེས་སུ་སྨྲ་སྟེ་ཉེར་གཉིས་ནི། ། སྡེ་ཚན་དང་པོའི་དབྱེ་སྒོ་ཡིན། ། ༈ གཟུགས་བརྙན་ཅན་དང་སོ་སོར་སྡེབ། ། གཟུགས་མཚུངས་གཟུགས་མཉམ་གཟུགས་གཞལ་དང༌། ། མཚན་ཉིད་མཐུན་དང་མཚན་ཉིད་འདྲ། ། མཚན་ཉིད་མཚུངས་དང་མཐུན་ཕྱོགས་དང༌། ། དཔེར་བྱས་དཔེ་དང་རྟོག་དང་དམན། ། ཅུང་ཟད་དམན་དང་རབ་ཏུ་སྨྲ། ། སོ་སོར་ཟློག་དང་རིགས་མཐུན་མཉམ། ། ཆོས་མཐུན་དང་ནི་ཆོས་ཐུན་མོང༌། ། འདྲ་དོན་གསལ་བྱེད་ཉི་ཤུ་ཡིན། ། ༈ འབྲུ་མང་པོ་ཡི་ཚིག་སྡུད་དང༌། ། འགྲན་དང་རྒྱལ་དང་སྡང་དང་འཁུ། ། མི་མཐུན་སྒྲོག་དང་འཐབ་དང་འཕྱ། ། སྨ་འབེབས་སྨད་པ་ཅོ་འདྲི་འགོག ། རྒོད་དང་ཕྲག་དོག་མི་བཟོད་བྱེད། ། དཔེ་རྒྱན་གསལ་བྱེད་བཅོ་ལྔ་ཡིན། ། དེ་ཡི་སྐལ་བཟང་འཕྲོག་བྱེད་དང༌། ། དེ་ཡི་མཛེས་པ་ཟུམ་པར་བྱེད། ། དེ་དང་འགྲན་ལས་ཚར་གཅོད་དང༌། ། དེ་ཡི་རྗེས་སུ་རྐང་པ་འཇོག ། དེ་ཡི་ནུས་པ་འཇུག་པ་དང༌། ། དེ་ཡི་ངང་ཚུལ་དེ་འགོག་པ། ། དེ་ཡི་རྗེས་སུ་བྱེད་པ་སྟེ། ། དེ་ལྟ་བུ་སོགས་བརྒྱད་ཡིན་ནོ། ། འདི་ནི་དབྱངས་ཅན་དགྱེས་གླུའི་སྲོལ། ། ཡིན་གྱི་མཚུངས་གསལ་འདྲེན་ཚུལ་ལ། ། བོད་མཁས་སི་ཏུའི་རྗེས་འབྲངས་བཅས། ། བཞེད་ཚུལ་སོ་སོའི་གཞུང་དུ་གཟིགས། ། ༈ རྩ་བས་དངོས་སུ་མ་ཟིན་པ། ། ཆ་གྲོགས་སྤུན་ཟླ་མཐོང་ཐོས་དྲན། ། རེག་ཕམ་སྙེག་འཛེགས་སེམས་པ་སྟེ། ། དབྱེ་བའི་རྣམ་གྲངས་བཅུ་གཅིག་འདི། ། རིན་སྤུངས་སྡེ་བས་བཞེད་པ་ལྟར། ། དབྱངས་ཅན་དགྱེས་གླུའི་གཞུང་དུ་བཀོད། ། དཔེ་ཡི་རྒྱན་གྱི་ཚིག་སྦྱོར་ལ། ། མཚུངས་གསལ་འདི་དག་ཤིན་ཏུ་གལ། ། ༈ བརྗོད་བྱའི་དོན་དེ་དཔེ་ཡི་གཟུགས། ། བཀོད་པའི་རྒྱན་དེ་གཟུགས་རྒྱན་ཡིན། ། བསྡུས་དང་མ་བསྡུས་བསྡུས་མ་བསྡུས། ། མཐའ་དག་ཆ་ཤས་ཆ་ཤས་ཅན། ། ཡན་ལག་གཅིག་སོགས་ལྡན་མི་ལྡན། ། མི་མཉམ་ཁྱད་པར་འགལ་དང་རྒྱུ། ། སྦྱར་དང་དཔེ་ལྡོག་འགོག་པ་དང༌། ། མཉམ་འཇོག་གཟུགས་ཅན་གྱི་གཟུགས་ཅན། ། བསྙོན་དོར་བཅས་ཏེ་ཉི་ཤུ་འདི། ། གཟུགས་རྒྱན་དབྱེ་བའི་རྣམ་གྲངས་ཡིན། ། ༈ རིགས་དང་བྱ་བ་ཡོན་ཏན་རྫས། ། ཚིག་གཅིག་ལ་ནི་གནས་པ་ཡིས། ། གལ་ཏེ་ངག་ཀུན་ལ་ཕན་ན། ། དེ་ནི་གསལ་བྱེད་རྒྱན་དུ་འདོད། ། རིགས་དང་བྱ་བ་ཡོན་ཏན་རྫས། ། ཐོག་མར་བརྗོད་པའི་གསལ་བྱེད་དང༌། ། རིགས་དང་བྱ་བ་བར་མཐའ་གསལ། ། ཕྲེང་བ་འགལ་དོན་དོན་གཅིག་སྦྱར། ། དངོས་བསྟན་དབྱེ་བ་བཅུ་གཉིས་དང༌། ། ཤུགས་བསྟན་བཞི་དང་བཅུ་དྲུག་གོ།

༈ ཚིག་སྦྱོར་གང་གི་ཐོག་མཐའ་བར། །

བརྗོད་དོན་གསལ་བྱེད་ཚིག་དང་དོན། ། ཅི་རིགས་ཟློས་པ་བསྐོར་པའི་རྒྱན། ། དབྱེ་ན་དོན་བསྐོར་ཚིག་བསྐོར་དང༌། ། གཉིས་ཀ་བསྐོར་པའི་རྒྱན་དང་གསུམ། ། ༈ དགག་བྱ་གང་ཞིག་གཟུང་བ་དེ། ། འགོག་བྱེད་དགག་ཚིག་དངོས་སམ་དོད། ། ཅི་རིགས་ཀྱིས་ནི་འགོག་བྱེད་པ། ། དེ་ནི་འགོག་པའི་རྒྱན་ཡིན་ནོ། ། བྱུང་བ་མངོན་གྱུར་འབྱུང་འགྱུར་ཆོས། ། ཆོས་ཅན་རྒྱུ་འབྲས་རྗེས་གནང་དབང༌། ། མ་གུས་ཤིས་བརྗོད་རྩུབ་མོ་གྲོགས། ། འབད་དང་གཞན་དབང་ཐབས་དང་ཁྲོ། ། མྱ་ངན་འགྱོད་དང་ཐེ་ཚོམ་སྦྱར། ། དོན་གཞན་རྒྱུས་འགོག་ཉི་ཤུ་གསུམ། ། ༈ བསྒྲུབ་བྱའི་དངོས་འགའ་སྔོན་བཀོད་ནས། ། དེ་ཡི་སྒྲུབ་བྱེད་ནུས་པ་ཅན། ། དངོས་པོ་གཞན་ཞིག་འགོད་པ་དེ། ། དོན་གཞན་བཀོད་པའི་རྒྱན་ཞེས་བྱ། ། ཀུན་ཁྱབ་ཁྱད་པར་སྦྱར་དང་འགལ། ། འོས་པ་དང་ནི་མི་འོས་པ། ། འོས་ཤིང་མི་འོས་དེ་བཟློག་བརྒྱད། ། ༈ སྒྲས་ཟིན་པའམ་ཤུགས་ལ་ནི། ། དཔེ་དོན་མཚུངས་པར་བསྟན་ནས་ཕྱིས། ། ལྡོག་ཆོས་གང་ཞིག་ལ་བརྟེན་ནས། ། ཁྱད་པར་འབྱེད་པ་ལྡོག་པའི་རྒྱན། ། གཅིག་ལྡོག་གཉིས་ལྡོག་སྦྱར་དང་འགོག ། གཏན་ཚིགས་ལྡོག་པ་ཅན་དང་ལྔ། ། ༈ རྟེན་གྱི་དབྱེ་དང་དཔེ་ཅན་ལྷག ། མཚུངས་ཆོས་སྒྲས་ཟིན་འབྱེད་ཆོས་ལྡོག ། རིགས་མཐུན་ལྡོག་པ་ཅན་དང་བཅུ། ། ༈ རབ་ཏུ་གྲགས་པའི་རྒྱུ་ཟློག་ནས། ། གང་ཞིག་རྒྱུ་གཞན་ཅུང་ཟད་ཙམ། ། གང་དུ་རང་གི་ངོ་བོ་ཉིད། ། སྟོན་པ་དེ་ནི་སྲིད་པ་ཅན། ། ཕྱི་ནང་ཤེས་བྱེད་རྒྱུ་གཉིས་དང༌། ། འབྲས་བུ་རང་གི་ངོ་བོ་ཙམ། ། སྟོན་པའི་སྲིད་པ་ཅན་དང་གསུམ། ། ༈ དངོས་པོ་གཞན་ཞིག་བརྗོད་འདོད་ནས། ། དེ་དང་མཚུངས་པའི་དངོས་པོ་གཞན། ། བསྡུས་པའི་ཚུལ་གྱིས་བརྗོད་པ་གང༌། ། དེ་ནི་བསྡུས་བརྗོད་རྒྱན་ཡིན་ནོ། ། སྤྱི་དང་ཁྱད་གཞི་ཐ་དད་དང༌། ། ཁྱད་པར་ཐ་དད་ཐ་དད་མིན། ། སྔོན་མེད་བསྡུས་བརྗོད་རྒྱན་དང་བཞི། ། ༈ བརྗོད་འདོད་དེ་ཉིད་འཇིག་རྟེན་གྱི། ། མཚམས་ལས་བརྒལ་བའི་འུད་ཤོད་ཀྱིས། ། རྗོད་པ་ཕུལ་བྱུང་རྒྱན་ཡིན་ཏེ། ། ཁྱད་འཕགས་ཐེ་ཚོམ་ངེས་པ་དང༌། ། གྲགས་པ་བརྗོད་པའི་ཕུལ་བྱུང་བཞི། ། ༈ སེམས་དང་ལྡན་མིན་ཇི་ལྟར་ཡང༌། ། བརྗོད་བྱའི་དངོས་པོ་དེ་ཉིད་ལ། ། རྣམ་པར་གཞན་ཞིག་སྒྲོ་བཏགས་ནས། ། བརྗོད་པ་རབ་བཏགས་རྒྱན་དུ་འདོད། ། སེམས་ལྡན་སེམས་མེད་རབ་རྟོག་གཉིས། ། ཏིང་འཛིན་རབ་རྟོག་བཞིན་སྒྲ་ཅན། ། སྙམ་དང་དྭོགས་དང་ངེས་དང་འདྲ། ། མིན་ནམ་ཞེས་སོགས་རབ་རྟོག་གི ། གསལ་བྱེད་འདིར་སྟོན་དྲུག་ཉིད་དོ། ། ༈ བྱེད་པོ་ཤེས་བྱེད་དངོས་མེད་སོགས། ། རྒྱུ་ཡི་ཁྱད་པར་འགའ་ཞིག་ལ། ། བརྟེན་ནས་དེ་མཐུན་འབྲས་བུ་དག ། གོ་བར་བྱེད་པ་རྒྱུ་རྒྱན་ཡིན། ། དངོས་དང་དངོས་མེད་མཚར་རྒྱུ་སྟེ། ། རྩ་བའི་དབྱེ་བ་གསུམ་ཡོད་དེ། ། དང་པོ་དངོས་པོའི་རྒྱུ་ལ་གཉིས། ། བྱེད་པོའི་རྒྱུ་དང་ཤེས་བྱེད་རྒྱུ། ། བྱེད་པོ་ལ་ཡང་རྣམ་གཉིས་ཏེ། ། སྒྲུབ་བྱེད་རྒྱུ་དང་ལས་ཀྱི་རྒྱུ། ། སྒྲུབ་བྱེད་རྒྱུ་ལ་རྣམ་གཉིས་ཏེ། ། སྐྱེད་བྱེད་རྒྱུ་དང་ཉམས་བྱེད་རྒྱུ། ། ལས་རྒྱུ་ལའང་གཉིས་ཡོད་དེ། ། རྣམ་འགྱུར་རྒྱུ་དང་ཐོབ་བྱེད་རྒྱུ། ། ཤེས་བྱེད་རྒྱུལ་རྣམ་གཉིས་ཏེ། ། ཕྱི་དང་ནང་གི་ཤེས་བྱེད་རྒྱུ། ། དེ་དག་དངོས་པོའི་རྒྱུ་དྲུག་ཡིན། ། གཉིས་པ་དངོས་མེད་རྒྱུ་ལ་གཉིས། ། སྔར་ནས་མེད་དང་ཞིག་ནས་མེད། ། ཕན་ཚུན་མེད་དང་སྤངས་ནས་མེད། ། མེད་དགག་རྒྱུ་ནི་རྣམ་བཞི་དང༌། ། བཟློག་པའི་རྒྱུ་གཅིག་མ་ཡིན་དགག ། དངོས་མེད་རྒྱུ་རྒྱན་བསྡོམས་པས་ལྔ། ། གསུམ་པ་མཚར་བའི་རྒྱུ་ལ་ལྔ། ། རིང་འབྲས་རྒྱུ་འབྲས་ལྷན་ཅིག་པ། ། འབྲས་བུ་སྔོན་དང་རིགས་མིན་རྒྱུ། ། རིགས་པའི་རྒྱུ་དང་མཚར་རྒྱུ་སྟེ། ། བསྡོམས་པས་དབྱེ་བ་བཅུ་དྲུག་གོ། ༈ བསམ་དོན་སྒྲས་ཟིན་མ་བརྗོད་པར། ། ལུས་དང་ངག་གི་བརྡ་ཐབས་ལས། ། གོ་བར་ནུས་པ་ཕྲ་མོའི་རྒྱན། ། ཟུར་དང་རྣམ་པ་ཕྲ་མོ་གཉིས། ། ༈ དོན་དེའི་སྐྱོན་མཚང་འགེབས་པའི་སླད། ། སྒྲིབ་བྱེད་ཆོས་མཐུན་མཛེས་པ་ཞིག ། རྗོད་པའི་ཟོལ་ཀྱིས་སྒྲིབ་པ་དེ། ། ཆ་ཡི་རྒྱན་གྱི་མཚན་ཉིད་ཡིན། ། འོས་པ་དང་ནི་མི་འོས་དང༌། ། བསྟོད་པའི་ཆ་ལས་སྨད་པ་དང༌། ། སྨད་པའི་ཆ་ལས་བསྟོད་པ་བཞི། ། ༈ དཔེ་ཅན་འགའ་ཞིག་གོ་རིམ་བཞིན། ། སྔོན་དུ་བཀོད་ནས་དེ་དག་གི། འཇལ་བྱེད་དཔེ་རྣམས་རིམ་གྱིས་བཀོད། ། དེ་ནི་རིམ་པ་ཅན་གྱི་རྒྱན། ། ༈ རྒྱུ་རྐྱེན་འགའ་ཞིག་ལ་བརྟེན་ནས། ། ནང་སེམས་དགའ་བ་ཁྱད་པར་ཅན། ། སྐྱེས་བར་རྗོད་པའི་ཚིག་སྦྱོར་དེ། ། དགའ་བའི་རྒྱན་གྱི་མཚན་ཉིད་ཡིན། ། དངོས་ཐོབ་གཟུགས་བརྙན་ལས་བྱུང་གཉིས། ། ༈ ནང་གི་བསམ་པའི་འགྱུར་བ་ལ། ། བརྟེན་ནས་ཕྱི་ཡི་ལུས་ངག་ཏུ། ། ཐོན་པའི་ཉམས་དག་སྟོན་པའི་ངག ། དེ་ནི་ཉམས་ལྡན་རྒྱན་ཞེས་བྱ། ། སྒེག་དང་དྲག་ཤུལ་དཔའ་བ་དང༌། ། སྙིང་རྗེ་མི་སྡུག་གཞད་གད་དང༌། ། རྨད་བྱུང་འཇིགས་རུང་ཉམས་ཏེ་བརྒྱད། ། ༈ རྗོད་བྱེད་ཚིག་བརྗིད་དྲེགས་པའི་ཉམས། ། གཟེངས་སུ་མཐོ་བ་སྟོན་པའི་ངག ། གཟི་བརྗིད་ཅན་གྱི་རྒྱན་ཏེ་གཅིག ། ༈འདོད་དོན་དངོས་སུ་མ་བརྗོད་པར། ། དེ་ཉིད་བསྒྲུབ་པར་བྱ་བའི་སླད། ། རྣམ་པ་གཞན་ཞིག་བརྗོད་པ་གང༌། ། དེ་ནི་རྣམ་གྲངས་རྒྱན་ཏེ་གཅིག ། ༈ བྱ་བ་འགའ་ཞིག་རྩོམ་པ་ལ། ། སྐལ་བ་ཡི་ནི་སྟོབས་ལས་ཀྱང༌། ། དེ་ཡི་སྒྲུབ་བྱེད་ཕུན་ཚོགས་གང༌། ། ཀུན་ཕན་རྒྱན་ཏེ་གཅིག་ཉིད་དོ། ། ༈ བརྗོད་དོན་དེ་ཉིད་བསམ་པ་དང༌། ། འབྱོར་པ་གང་ཡང་རུང་སྒོ་ནས། ། ཁྱད་པར་འཕགས་པ་སྟོན་པའི་ངག ། རྒྱ་ཆེན་རྒྱན་གྱི་ངོ་བོར་འདོད། ། དབྱེ་ན་བསམ་འབྱོར་རྒྱ་ཆེ་གཉིས། ། ༈ བརྗོད་དོན་དངོས་པོའི་གནས་ལུགས་ལ། ། བསྙོན་ནས་དོན་གཞན་ཅུང་ཟད་ཙམ། ། བསྟན་པ་དེ་ནི་བསྙོན་དོར་རྒྱན། ། ཆོས་ལ་བསྙོན་དང་ཡུལ་ལ་བསྙོན། ། རང་བཞིན་བསྙོན་པའི་རྒྱན་དང་གསུམ། ། ༈ སྒྲ་དོན་གང་རུང་གི་སྒོ་ནས། ། རྗོད་བྱེད་གཅིག་ཏུ་སྦྱར་བ་ལས། ། བརྗོད་དོན་དུ་མ་གོ་ནུས་པ། ། དེ་ནི་སྦྱར་བའི་རྒྱན་དུ་འདོད། ། ཚིག་གི་གཅོད་མཚམས་ཐ་དད་མིན། ། ཐ་དད་ཚིག་འདྲའི་སྦྱར་བ་དང༌། ། བྱ་བ་གཅིག་དང་འགལ་མིན་པ། ། བྱ་བའི་ཡུལ་ཅན་སྦྱར་བ་དང༌། ། ངེས་པར་ཅན་དང་ངེས་པར་འགོག ། འགལ་མིན་འགལ་བ་ཅན་དང་དགུ། ༈ བརྗོད་བྱའི་དངོས་དེར་རྒྱུ་རྐྱེན་སོགས། ། ཁྱད་ཆོས་འགའ་ཞིག་མ་ཚང་ཡང༌། ། ཁྱད་པར་ཚང་པ་ལས་ལྷག་པ། ། སྟོན་པ་ཁྱད་པར་བརྗོད་པའི་རྒྱན། ། ཡོན་ཏན་རིགས་དང་བྱ་བ་རྫས། ། རྒྱུ་ཡི་ཁྱད་པར་བརྗོད་པ་ལྔ། ། ༈ བརྗོད་འདོད་སྐྱོན་ཡོན་གང་རུང་ཞིག ། མཚུངས་དོན་མེད་པའི་དཔེ་ཞིག་དང༌། ། བསྟོད་སྨད་ཅི་རིགས་ཀྱི་སྒོ་ནས། ། མཚུངས་པར་སྦྱོར་པ་མཚུངས་སྦྱོར་རྒྱན། ། དབྱེ་ན་བསྟོད་སྨད་མཚུངས་སྦྱོར་གཉིས། ། ༈ འགལ་ཟླ་སྒྲུབ་བྱེད་སླད་དུ་ནི། ། འགལ་བའི་ཆོས་དང་ཆོས་ཅན་འགའ། ། གཞི་གཅིག་སྟེང་དུ་མཉམ་དུ་སྡེབ། ། དེ་ནི་འགལ་བའི་རྒྱན་དུ་འདོད། ། གཞི་ཐ་དད་དང་བྱ་བ་འགལ། ། གཞི་གཅིག་ཡོན་ཏན་གཉིས་འགལ་དང༌། ། གཞི་གཅིག་ཆོས་འགལ་རྫས་འགལ་དང་། ། བྱ་བ་འགལ་དང་སྦྱར་འགལ་དྲུག ། ༈ རང་ལས་དམན་པའི་ཡུལ་ཞིག་ལ། ། བསྟོད་པ་བྱེད་པ་སྐབས་མིན་ཀྱང༌། ། རྐྱེན་གྱི་དབང་གིས་བསྟོད་འདོད་པ། ། སྐབས་མིན་བསྟོད་པའི་རྒྱན་ཏེ་གཅིག ། ༈ གང་ཞིག་བརྗོད་གཞི་གཟུང་བ་དེར། ། རྗོད་ཚུལ་སྐྱོན་ལྟར་སྣང་ན་ཡང༌། ། དོན་ལ་ཆེ་བའི་ཡོན་ཏན་ཉིད། ། ཉེ་བར་སྟོན་པ་ཟོལ་བསྟོད་དེ། ། མཐུ་དཔའ་སྟོབས་ཀྱི་ཟོལ་བསྟོད་གསུམ། ། ༈ སྟོན་བྱེད་དཔེ་སྔོན་བཀོད་པ་དེས། ། དེ་དང་མཚུངས་པའི་བསྟན་བྱའི་དོན། ། མཆོག་དམན་རང་བཞིན་གསལ་བྱེད་པ། ། དེ་ནི་ངེས་སྟན་རྒྱན་ཏེ་གཉིས། ། མཆོག་དང་མཆོག་མིན་ངེས་བསྟན་ནོ། ། ༈ བརྗོད་དོན་དེ་དང་འབྲེལ་བ་ཡི། ། ཡོན་ཏན་བྱ་བ་གང་ཡང་རུང༌། ། ལྷན་ཅིག་ཚོགས་པ་སྟོན་པའི་ངག ། དེ་ནི་ལྷན་ཅིག་བརྗོད་པའི་རྒྱན། ། ཡོན་ཏན་ལྷན་ཅིག་བརྗོད་པ་དང༌། ། བྱ་བ་ཐ་དད་བྱ་བ་གཅིག ། ལྷན་ཅིག་བརྗོད་པའི་རྒྱན་ཏེ་གསུམ། ། ༈ བརྗོད་བྱའི་དོན་རྣམས་ཕན་ཚུན་དུ། ། བརྗེ་རེས་བྱེད་པ་ཡོངས་བརྗེས་རྒྱན། ། ༈ འདོད་བྱའི་དོན་དེ་འགྲུབ་པའི་སླད། ། སྨོན་ཚིག་སྦྱོར་བ་ཤིས་བརྗོད་ཡིན། ། ༈ ཐ་དད་རྒྱན་གསུམ་བསྲེས་ཤིང་སྤེལ། ། དེ་ནི་རབ་སྤེལ་རྒྱན་ཡིན་ཏེ། ། ཕན་ཚུན་ལྟོས་པའི་རབ་སྤེལ་དང༌། ། སྟོབས་མཚུངས་རབ་སྤེལ་རྒྱན་དང་གཉིས། ། ༈ རྩོམ་མཁན་རང་གི་བསམ་དོན་ལྟར། ། སྙན་ངག་རྩོམ་པའི་དགོས་དོན་དེ། ། གསལ་བར་མཚོན་པ་དགོངས་རྒྱན་ཡིན། ། དེ་ཡི་ཆོས་བཞི་རྒྱས་བཤད་ན། ། དངོས་པོ་ཡི་ནི་ཚིག་རྣམས་ཀུན། ། ཕན་ཚུན་ཕན་པར་བྱེད་པ་ཉིད། ། དོན་དང་བྲལ་བའི་ཁྱད་པར་རྣམས། ། མ་བྱས་གནས་སུ་བསྔགས་པ་དང༌། ། བརྗོད་རིམ་སྟོབས་ལས་དངོས་པོ་ནི། ། ཟབ་མོ་དག་ཀྱང་གསལ་པ་སྟེ། ། དེཀུན་དགོངས་པའི་དབང་གྱུར་ཕྱིར། ། དེ་དག་དགོངས་པ་ཅན་ཡིན་ནོ། ། དེ་ལྟར་ལེའུ་བར་བ་ཡི། ། དོན་རྒྱན་སོ་ལྔའི་མཚན་ཉིད་དང༌། ། ནང་ཚན་དཔེར་བརྗོད་དངོས་བསྟན་གྲངས། ། དྲིལ་བས་ཉིས་བརྒྱ་རྩ་གསུམ་ཡོད། ། དེ་ཉིད་རྨང་གཞིར་བྱས་པའི་སྟེང༌། ། ད་དུང་རྒྱ་བོད་མཁས་པ་ཚོའི། ། མཁྱེན་རྩལ་མུ་མཐའ་མེད་པ་ལས། ། བྱུང་བའི་སྙན་ཚིག་རྣམས་ལའང་གཟིགས། ། སྙན་ཚིག་མཁས་པའི་སྙིང་གི་ནོར། ། བློ་གསལ་མགྲིན་པའི་མཛེས་རྒྱན་གཅིག ། མུཀྟིཀ་ཡི་ཕྲེང་བ་ལས། ། ལེའུ་གཉིས་པའི་སྡོམ་ཚིག་གོ།


ལེའུ་གསུམ་པའི་སྡོམ་ཚིག

༈ སྒྲ་རྒྱན་གབ་ཚིག་སྐྱོན་སེལ་རྣམས། ། བསྟན་ཕྱིར་ལེའུ་ཐ་མ་གསུངས། ། ༈ སྒྲ་དོན་གཉིས་ལས་གཙོ་བོ་སྒྲའི། ། ཉམས་ལ་བརྟེན་ནས་བརྗོད་དོན་དག ། གསལ་ཞིང་རྗོད་ཚིག་སྙན་པ་ཡི། ། ཚིག་སྦྱོར་དེ་ནི་སྒྲ་རྒྱན་ཡིན། ། དེ་ལ་ཟུང་ལྡན་རྣམ་བཞག་དང༌། ། བྱ་དཀའི་ཁྱད་པར་གཞན་བརྗོད་པ། ། དབྱངས་སོགས་ངེས་པའི་བྱ་དཀའ་གསུམ། ། ༈ བར་མ་ཆོད་དང་བར་ཆོད་དག ། ཡི་གེ་ཚོགས་པ་བསྐོར་བ་ནི། ། ཟུང་ལྡན་རྒྱན་ཏེ་དབྱེ་བའི་སྒོ། ། བྱ་སླའི་རྐང་བ་དང་པོ་ལ། ། ཡོད་པའི་ཟུང་ལྡན་བྱ་དཀའ་པ། ། གནས་གཞན་ཡོད་པའི་ཟུང་ལྡན་དང༌། ། ཀུན་ཏུ་ཟུང་ལྡན་བསྲེས་པ་དང༌། ། ཟློག་པའི་ཟུང་ལྡན་དང་རྣམ་དྲུག ། ༈ བྱ་སླ་རྐང་པ་དང་པོ་ལ། ། ཡོད་པའི་ཟུང་ལྡན་ནང་བསྲེས་གྲངས། ། བར་མ་ཆོད་པའི་ཟུང་ལྡན་དང༌། ། བར་དུ་ཆོད་པའི་ཟུང་ལྡན་དང༌། ། ཆོད་ཅིང་མ་ཆོད་ཟུང་ལྡན་གསུམ། ། ༈ བར་མ་ཆོད་པའི་ཟུང་ལྡན་ལ། ། རྐང་པ་གཅིག་གཉིས་གསུམ་བཞི་རུ། ། རེ་རེ་གཉིས་གཉིས་གསུམ་གསུམ་བཞིར། ། དབྱེ་བས་རྣམ་གྲངས་བཅོ་ལྔ་ཡོད། ། ༈ བར་དུ་ཆོད་པའི་ཟུང་ལྡན་ལ། ། གཉིས་རེ་ཡོད་པའི་དབྱེ་བ་དྲུག ། གསུམ་རེ་ཡོད་པའི་དབྱེ་བ་གསུམ། ། བཞི་ཡོད་གཅིག་སྟེ་བཅུ་བཅུ་ཡི་ཐོག ། ཆ་གཉིས་ཡོད་པའི་དབྱེ་བ་གསུམ། ། བསྣན་པས་དབྱེ་ངོ་བཅུ་གསུམ་ཡོད། ། ༈ ཆོད་ཅིང་མ་ཆོད་ཟུང་ལྡན་ལ། ། སྔ་མ་གཉིས་འདྲ་ཕྱི་མ་གཉིས། ། ཐོག་མཐའ་གཉིས་འདྲ་བར་བ་གཉིས། ། རྐང་པ་བཞི་ཡི་ཐ་མ་ལ། ། ཡོད་པའི་ཟུང་ལྡན་རྒྱན་དང་གསུམ། ། ༈ ཚིགས་སུ་བཅད་པའི་རྐང་བ་ཡི། ། ཐོག་མར་ཁོ་ནར་མ་ཡིན་པར། ། གནས་གཞན་ལ་ཡང་ཡོད་པ་དེ། ། བྱ་དཀའི་གནས་གཞན་ལ་ཡོད་པའི། ། ཟུང་ལྡན་རྒྱན་ཏེ་དབྱེ་བའི་གྲངས། ། བཞི་ཀའི་དབུས་ན་ཡོད་པ་དང༌། ། མཐར་ཡོད་བར་མཐའ་གཉིས་ཀ་དང༌། ། ཐོག་མ་གཉིས་དང་ཐ་མ་གཉིས། ། གནས་གསུམ་ལ་ཡོད་དྲུག་པོ་ཉིད། ། བར་ཆོད་ཆོད་ཅིང་མ་ཆོད་པ། ། གཉིས་ཏེ་སྦྱར་བས་བཅུ་གཉིས་འགྱུར། ། ༈ ཚིགས་རྐང་སྔ་མའི་མཐའ་མ་དང་། ། ཕྱི་མའི་ཐོག་མ་སྒྲ་མཚུངས་སྦྱོར། ། མཐའ་ཐོག་སྦྱོར་བའི་ཟུང་ལྡན་ཡིན། ། ༈དོན་གྱི་གོ་བ་ཐ་དད་ཀྱི། ། རྐང་པ་འགའ་འམ་མཐའ་དག་ནི། ། རྗོད་བྱེད་གཟུགས་མཚུངས་ཉིད་སྦྱོར་བ། ། དེ་ནི་ཀུན་ཏུ་ཟུང་ལྡན་ཟེར། ། རྐང་པ་བཟླས་དང་ཚིགས་བཅད་བཟླས། ། ཟུང་ལྡན་ཆེན་པོའི་རྒྱན་དང་གསུམ། ། ༈ རྐང་པ་ལན་གཅིག་བཟླས་པ་དྲུག ། ལན་གཉིས་བཟླས་པའི་དབྱེ་བ་གསུམ། ། ལན་གསུམ་བཟླས་པ་གཅིག་གི་ཐོག ། ཚིག་བཅད་བཟླས་དང་ཟུང་ལྡན་ཆེ། ། རེ་རེ་བསྣན་པས་བཅོ་ལྔ་འོ། ། ༈ ཚིགས་བཅད་གཅིག་གི་ནང་ཚན་དུ། ། ཟུང་ལྡན་སྣ་ཚོགས་ཕན་ཚུན་དུ། ། བསྲེས་པའི་སྒྲ་ཡི་རྒྱན་ཞིག་ལ། ། བསྲེས་པའི་ཟུང་ལྡན་རྒྱན་ཞེས་ཟེར། ། ༈ ཚིགས་བཅད་ལུགས་འབྱུང་ལས་བཟློག་ནས། ། ཀློག་རུང་བཟློག་པའི་ཟུང་ལྡན་ཡིན། ། རྐང་བཟློག་ཚིགས་བཅད་ཕྱེད་བཟློག་དང་། ། རངས་པོ་བཟློག་པའི་ཟུང་ལྡན་གསུམ། ། ༈བྱ་དཀའི་ཁྱད་པར་གཞན་གནས་པར། ། བ་ལང་གཅིན་གྱི་བྱ་དཀའ་དང༌། ། འཁོར་པའི་བྱ་དཀའ་རྣམ་པ་གཉིས། ། ༈ ཚིགས་བཅད་གོང་འོག་ཕྱེད་སྔ་ཕྱིར། ། བ་ལང་གཅིན་ལྟར་འལོག་པོ་རུ། ། ཀློག་ཏུ་རུང་བའི་ཚིག་སྦྱོར་དེ། ། བ་ལང་གཅིན་གྱི་བྱ་དཀའ་ཡིན། ། ༈ ཚིགས་བཅད་གོང་འོག་ཕྱེད་འཁོར་ན། ། ཕྱེད་དུ་འཁོར་བའི་བྱ་དཀའི་རྒྱན། ། ༈ ཚིགས་སུ་བཅད་པའི་སྟེང་འོག་དང༌། ། གྲ་བཞི་མཐའ་དབུས་ཕྱོགས་ཀུན་ནས། ། ལུགས་འབྱུང་ལུགས་ལྡོག་ཅི་རིགས་སུ། ། སྒྲ་མཚུངས་པ་འམ་ཀློག་རུང་བ། ། དེ་ནི་ཀུན་བཟང་འཁོར་ལོའི་རྒྱན། ། ཟླུམ་པོ་དང་ནི་གྲུ་བཞི་གཉིས། ། གཞན་ཡང་རིན་སྤུངས་དཔལ་སྒང་དང༌། ། རྒྱལ་དབང་གཉིས་པ་ལྔ་པ་དང༌། ། བོད་མཁས་པཎ་ཆེན་བདུན་པ་དང༌། ། དེང་གི་ཚེ་ཏན་ཞབས་དྲུང་སོགས། ། མཁས་པ་སོ་སོའི་རྣམ་དཔྱོད་ལས། ། བཟོ་དབྱིབས་སྡེབ་སྒྲིགས་སྣ་ཚོགས་ཡོད། ། དེ་དག་སོ་སོའི་གསུང་ལ་གཟིགས། ། ༈ དབྱངས་དང་གནས་དང་ཡི་གེ་རྣམས། ། ངེས་པར་གང་དུ་བྱ་དཀའ་བ། ། བཞི་ལ་སོགས་ལ་རབ་བསྟན་འདི། ། དབྱངས་སོགས་ངེས་པའི་བྱ་དཀའི་རྒྱན། ། དེ་ལ་དབྱངས་དང་གནས་དང་ནི། ། གསལ་བྱེད་ངེས་པ་རྣམ་གསུམ་སྟེ། ། དེ་དག་ནང་གསེས་རེ་རེ་ལའང༌། ། རྐང་པ་བཟི་ལ་བཞི་དང་གསུམ། ། གཉིས་དང་གཅིག་ཏུ་ངེས་པ་སྟེ། ། བསྡོམས་པས་རྣམ་གྲངས་བཅུ་གཉིས་སོ། ། ༈ གབ་བྱའི་བརྗོད་དོན་གང་ཡིན་དེ། ། གབ་བྱེད་ཚིག་གི་སྦྱོར་བ་ཡིས། ། མངོན་པར་སྒྲིབ་ཏེ་སྐབས་མིན་གྱིས། ། གོ་མི་ནུས་པ་གབ་ཚིག་རྒྱན། ། ཀུན་ཚོགས་སླུ་བྱེད་རིམ་པ་བྲལ། ། རབ་བཅོམ་མཐུན་གཟུགས་རྩུབ་མོ་གྲངས། ། རབ་བཏགས་མིང་འདུས་བསྒྲིབས་མཐུན་སྒྲ། ། རྨོངས་དང་ཡོངས་འཕྲོག་གཅིག་གཉིས་སྒྲིབ། ། ཡོངས་འདྲེས་རྒྱན་ཏེ་བཅུ་དྲུག་ཡོད། ། ༈ཚིག་མཚམས་སྦྱར་བས་དོན་སྦས་པ། ། ཀུན་ཏུ་ཚོགས་པའི་གབ་ཚིག་ཡིན། ། ༈ གབ་བྱེད་ཡོངས་གྲགས་སྒྲས་ཕྱེར་ནས། ། གབ་བྱ་སླུ་བ་སླུ་བྱེད་རྒྱན། ། ༈ ཚིག་སྦྱོར་ཤིན་ཏུ་འཁྲུགས་པ་ཡིས། ། དོན་ལ་རྨོངས་བྱེད་རིམ་པ་བྲལ། ། ༈ སྒྲ་དོན་གང་རུང་སྦྱོར་བས་དོན། ། རྟོགས་དཀའི་ཚིག་ཕྲེང་རབ་བཅོམ་རྒྱན། ། ༈ བཏགས་པའི་དོན་བཀོད་ཚིག་སྡེབ་ཀྱིས། ། བརྗོད་དོན་སྒྲུབ་པ་མཐུན་པའི་གཟུགས། ། ༈ མཚན་ཉིད་ཡོད་ཙམ་ངེས་ཚིག་དང༌། ། ལྡན་པའི་ཚིག་རྒྱན་རྩུབ་མོ་འོ། ། ༈ གྲངས་ཀྱི་མིང་གིས་གབ་བྱ་དེ། ། རྨོངས་བྱེད་གྲངས་ཀྱི་གབ་ཚིག་ཡིན། ། ༈ བརྗོད་དོན་གཞན་དུ་སྒྲོ་བཏགས་ཏེ། ། སྒྲིབ་པ་རབ་བཏགས་གབ་ཚིག་ཡིན། ། ༈ དོན་མང་ལ་འཇུག་མིང་གཅིག་ཉིད། ། གབ་བྱར་བཏགས་པ་འདུས་པའི་རྒྱན། ། ༈ ཚིག་གི་ཆོས་མཚུངས་ལ་རིག་པས། ། དོན་གཞན་སྒྲིབ་པ་བསྒྲིབས་པས་སོ། ། ༈ དངོས་མིང་མི་གསལ་རྣམ་གྲངས་སྒྲ། ། བཀོད་པ་དོན་སྒྲིབ་མཐུན་པའི་སྒྲ། ། ༈ བརྗོད་དོན་དངོས་སུ་བསྟན་ན་ཡང༌། ། ཚིག་གིས་རྨོངས་བྱེད་རྨོངས་པ་ཡིན། ། ༈ ཚིག་སྦྱོར་སྔ་མའི་བརྗོད་དོན་རྣམས། ། ཕྱི་མས་འཕྲོག་པ་ཡོངས་འཕྲོག་ཡིན། ། ༈ རྟེན་སྦས་བརྟེན་པ་གཅིག་པུ་གསལ། ། ཚིག་སྦྱོར་དེ་ནི་གཅིག་བསྒྲིབས་སོ། ། ༈ རྟེན་དང་བརྟེན་པ་གཉིས་ཀ་སྦས། ། ཚིག་སྦྱོར་དེ་ནི་གཉིས་ཀ་བསྒྲིབས། ། ༈ གབ་ཚིག་མཚན་ཉིད་སྣ་ཚོགས་པ། ། འདྲེས་པ་དེ་ནི་ཡོངས་འདྲེས་རྒྱན། ། ༈ སྙན་ངག་ཕུན་སུམ་ཚོགས་པའི་གཞི། ། ལུས་སྲོག་རྒྱན་གྱི་ཉམས་འགྱུར་ལས། ། ལྡོག་པའི་སྒྲ་དོན་སྐྱོན་ཅན་ནི། ། སྙན་ངག་མཁན་པོས་སྐྱོན་དུ་བགྲངས། ། དོན་ཉམས་དོན་འགལ་དོན་གཅིག་པ། ། ཐེ་ཚོམ་ཅན་དང་རིམ་པ་ཉམས། ། སྒྲ་ཉམས་གཅོད་མཚམས་ཉམས་པ་དང༌། ། སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། ། ཡུན་དུས་སྒྱུ་རྩལ་འཇིག་རྟེན་དང༌། ། ལུང་རིགས་དག་དང་འགལ་བ་སྟེ། ། བཅུ་པོ་འདི་དག་སྙན་ངག་སྐྱོན། ། ཚིག་ཕྲེང་མང་པོ་ཚོགས་ན་ཡང༌། ། དོན་གྱིས་སྟོང་པ་དོན་ཉམས་སྐྱོན། ། ༈ བརྗོད་དོན་སྔ་མས་ཕྱི་མ་འཇོམས། ། འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན། ། ༈ དགོས་མེད་དོན་གཅིག་ཡང་ཡང་བཟླས། ། དོན་གཅིག་པ་ཡི་སྐྱོན་ཉིད་དོ། ། ༈ བརྗོད་དོན་ངེས་བཟུང་བྲལ་བ་ལས། ། སོམ་ཉི་སྐྱེད་བྱེད་ཐེ་ཚོམ་སྐྱོན། ། མདོར་བསྟན་རྗེས་བཤད་གོ་རིམ་དག ། འཁྱམས་ན་རིམ་པ་ཉམས་པའི་སྐྱོན། ། ༈ སྒྲ་དོན་མཚོན་ཚུལ་མ་འབྲེལ་བ། ། སྒྲ་ཉམས་པ་ཡི་སྐྱོན་ཡིན་ནོ། ། ༈ ཚིག་རྐང་གཅོད་མཚམས་ངལ་གསོ་བྲལ། ། གཅོད་མཚམས་ཉམས་པའི་སྐྱོན་དུ་བགྲང༌། ། ༈ ཡི་གེ་ལྷག་ཆད་ལྕི་ཡང་དག ། ཇི་བཞིན་མི་གནས་སྡེབ་སྦྱོར་ཉམས། ། ༈ ཚིག་དོན་སྔ་ཕྱི་མཚམས་སྦྱོར་བྲལ། ། དེ་ནི་མཚམས་སྦྱོར་བྲལ་བའི་སྐྱོན། ། ༈ཡུལ་སོགས་འགལ་བ་ཞེས་པ་ནི། ། ཡུལ་ནི་རི་ནགས་ཡུལ་འཁོར་དང༌། ། དུས་ནི་ཉིན་མཚན་དབྱར་དགུན་སོགས། ། སྒྱུ་རྩལ་གླུ་དང་གར་སོགས་མཚོན། ། འཇིག་རྟེན་ཞེས་པ་སྣོད་དང་བཅུད། ། རིགས་པ་གཏན་ཚིགས་ཉིད་ལ་སྟེ། ། ལུང་ནི་ཕྱི་ནང་གཞུང་ལུགས་སོགས། ། དྲུག་པོ་དག་དང་འགལ་བ་ནི། ། ཡུལ་སོགས་ཉམས་པའི་སྐྱོན་ཞེས་བགྲངས། ། ༈ སྦྱོར་ཚུལ་མཁས་པའི་ཁྱད་པ་ལས། ། དེ་དག་ལས་ལྡོག་དམིགས་བསལ་ཉིད། ། དེ་ལྟར་སྐྱོན་ཡོན་ཁྱད་པར་དག ། ཤེས་ནས་སྐྱོན་བྲལ་ཚངས་པའི་དབྱངས། ། དཔལ་ལྡན་དྲན་དབང་མགུ་བའི་སྐྱེས། ། བློ་གསལ་མགྲིན་པའི་རྒྱན་དུ་སྟོན། ། སྙན་ཚིག་མཁས་པའི་སྙིང་གི་ནོར། ། བློ་གསལ་མགྲིན་པ་མཛེས་རྒྱན་གཅིག ། མུཀྟིཀ་ཡི་ཕྲེང་བ་ལས། ། ལེའུ་གསུམ་པའི་སྡོམ་ཚིག་གོ །

༈ དུས་རབས་ཉི་ཤུའི་འདུ་འཛིན་སྤྲིན་བཞིན་གཡོ། ། སྔོན་བྱོན་མཁས་པའི་སྙན་གཞུང་མཚོ་ལྟར་ཟབ། ། དེ་སླད་ཕལ་ཆེར་རིག་པའི་ཁྱད་ནོར་གྱི། ། གྲོང་ཁྱེར་འདི་ལ་ཕྱོགས་སླེབས་མགྲོན་པོ་བཞིན། ། ཕུལ་བྱུང་མཁས་རྒུ་རལ་པའི་ཅོན་པན་ལ། ། དབང་བསྒྱུར་སྙན་ཚིག་གསེར་གྱི་འཁོར་ལོའི་འཕྲུལ། ། འཆད་རྩོད་རྩོམ་པས་ཁ་ལོ་བསྒྱུར་བ་ལས། ། རྫོགས་ལྡན་གསར་པས་འགྲོ་འདི་སླར་ཡང་འཚོ། ། གངས་ཅན་གཙུག་ལག་རིག་པའི་དབྱིག་འཛིན་མ། ། དུས་ཀྱི་ཀློང་དུ་བྱིང་པར་མ་བཟོད་དེ། ། ལྷག་བསམ་འཇུག་པ་བཅུ་པའི་དཔུང་ཤུགས་ཀྱིས། ། གྱེན་དུ་འདེགས་པའི་ངལ་བ་འདི་བྱས་དགེས། ། འཆད་པ་ཚིག་དོན་མ་འཁྱོགས་ཚངས་པའི་ཐིག ། རྩོད་པ་མི་ཤིགས་རྡོ་རྗེའི་ཐོག་གི་འདའ། ། རྩོམ་པ་སྙན་འཇེབས་དྲི་ཟའི་ན་ཆུང་གླུ། ། རྣམ་གསུམ་མཁས་པས་འཛམ་གླིང་མཛེས་གྱུར་ཅིག ། ཞེས་སྙན་ངག་མེ་ལོང་གི་སྡོམ་ཚིག་མཁས་པའི་སྙིང་ནོར་བློ་གསལ་མགྲིན་པའི་རྒྱན་གཅིག་མུཀྟིཀའི་ཕྲེང་བ་ཞེས་བྱ་བ་འདི་ནི་གངས་ཅན་བོད་ཀྱི་མདོ་ཁམས་ར་བ་སྒང་གི་ཉེ་འགྲམ་ཏྲེ་ཤོད་ཡུལ་སྐྱེས་སྤྲང་འཁྱམས་གཙུག་ལག་སྨྲ་བ་བེ་རི་འཇིགས་མེད་དབང་རྒྱལ་བས་རབ་བྱུང་བཅུ་བདུན་པའི་ཉག་མ་གསུམ་པ་དཀར་པོ་ཞེས་པ་ས་སྦྲུལ་ ༡༩༨༩ ལོར་བརྩམས་ཤིང།་ སླར་ཡང་ ༡༩༩༥ ན་ཚོད་ལྡན་ལོར་ཞུས་དག་གིས་སྣོན་འཕྲི་ཅུང་ཟད་བྱས་ཏེ་བློ་གླིང་གཙུག་ལག་སློབ་གྲྭར་སྙན་ངག་མེ་ལོང་མའི་འཛུབ་འཁྲིད་བྱེད་སྐབས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་གི་རང་ཤག་རྫ་མའྀ་སྤྱིལ་བུ་ལྔ་རིག་ནོར་བུའི་ལྡིང་ཁང་དུ་སྦྱར་བ་དགེ་ལེགས་འཕེལ།། །།