Jump to content

སྔགས་འཆང་རྣམས་ཀྱི་བླང་དོར་མདོར་བསྡུས་

ཡོང་ཁུངས་Wikipedia

སྔགས་འཆང་རིག་པ་འཛིན་པ་རྣམས་ཀྱི་བླང་དོར་མདོར་བསྡུས་པ་རིན་པོ་ཆེའི་གཏེར་སྒྲོམ་ཞེས་བྱ་བ།


བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ༎ རང་རེ་སྔགས་འཆང་རིག་པ་འཛིན་པ་རྣམས་ཀྱི་ཆས་གོས་ཡོ་བྱད་དང་། རྒྱུན་གྱི་ཀུན་སྤྱོད། ཚོམ་བུ་ཚོགས་སྒྲུབ་སོགས་ཀྱི་སྐོར་ལ། རིག་འཛིན་གོང་མ་རྣམས་ཀྱིས་མཛད་པའི་སྤྱི་དང་བྱེ་བྲག་གི་ཞལ་གདམས་དང་། བཅའ་ཡིག་རྒྱས་བསྡུས་སྣ་ཚོགས་མང་དུ་བཞུགས་ཀྱང་། ལ་ལ་ནི་རྒྱས་དྲགས་ཤིང་། ལ་ལ་ནི་དུས་རབས་སྔོན་མ་རྣམས་ཀྱི་འགྲོས་དང་བསྟུན་པ་དང་། འགའ་ཞིག་ནི་གདན་ས་ཆེན་པོའི་ཆེད་དུ་མཛད་པ་སོགས་ཀྱི་དབང་གིས་ཉམས་སུ་ལོན་མི་ལོན་ཅི་རིགས་ལ་བརྟེན། དེང་དུས་ཀྱི་འགྲོས་དང་མཐུན་ཞིང་། འབྲེལ་ཡོད་ཀྱི་སྔགས་སྡེ་སྤྱི་ལ་ཁྱབ་པའི་བླང་དོར་ལག་བཅང་མ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། འདིར་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་རང་ལྟོས་ཀྱི་སློབ་བུ་རྣམས་ཀྱིས་དབུ་བྱས། ཆོས་མཆེད་སྔགས་འཆང་རིག་པ་འཛིན་པ་གང་ན་སུ་བཞུགས་ཐམས་ཅད་ལ། དམ་པ་གོང་མ་རྣམས་ཀྱི་གསུང་གི་སྙིང་པོ་བླངས་ཤིང་། མདོ་རྒྱུད་བསྟན་བཅོས་སྤྱིའི་བབས་དང་མི་འགལ་བའི་འབེལ་གཏམ་ཅུང་ཞིག་ཞུ་ན།

ཆས་གོས་ཡོ་བྱད་ཀྱི་སྐོར།

[རྩོམ་སྒྲིག]

དང་པོ་ཆས་གོས་ཡོ་བྱད་ཀྱི་སྐོར་ལ། སྔགས་པ་རྣམས་ལ་མེད་དུ་མི་རུང་བའི་ཡོ་བྱད་བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་བ་གསུམ་གྱི་རྟེན་གསེར་ཟངས་ཀྱི་སྐུའམ། ཡང་ན་ཐང་བྲིས་སོགས་གང་རུང་དང་། ཌཱ་མ་རུ་དང་། རྡོ་རྗེ་དང་དྲིལ་བུ། ཕྲེང་བ། ཐུགས་དམ་གྱི་རྟེན་ཕུར་བུ། ནང་མཆོད་སྨན་རཀ ཕུད་སྐོང་དང་ཕུད་སྡེར། སྒོམ་ཐག མཆོད་ཁེབ། ཧོམ་ཁུང་དང་ཧོམ་གདན། བཏགས་གྲོལ། གཟན་དཀར་དང་། སྨད་གཡོག་གམ་ཡང་ན་མདུང་མ། རབ་ན་སྔགས་ཀྱི་ཕོད་ཆེན་མཐིང་ནག་སོགས་ཀྱང་ཚང་བར་བྱེད་དགོས་ཤིང་། དེ་དག་ལས་རྩ་བ་གསུམ་གྱི་རྟེན་ནི་ཕྱིའི་མཆོད་ཡུལ་ཡིན་ལ། ཌཱ་མ་རུ་དང་རྡོར་དྲིལ་སོགས་ནི་མཆོད་པའི་རྫས་ཡིན་པ་དང་། ནབ་བཟའ་དང་། རྒྱུན་གྱི་རྒྱན་ཆས་རྣམས་ནི་རང་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཉིད་དུ་གདོད་ནས་གནས་པ་ལ་མཆོད་པའི་རྫས་ཡིན་པས། དངོས་པོ་ངན་ངོན་དང་། གང་བྱུང་ཅི་ལོན་ཙམ་གྱིས་ཆོག་པར་མི་བྱ་བར། རྒྱུ་སྤུས་གང་ལེགས་དང་། དབྱིབས་དང་ཁ་དོག་གང་མཛེས་གྲ་སྒྲིག་བྱེད་དགོས་ཤིང་། སྔོན་གྱི་དུས་དང་མི་འདྲ་བར་དེང་སང་ནི་ཀུན་གྱིས་རྙེད་པར་སླ་བ་ཡང་ཡིན་ནོ༎ དེ་བཞིན་དབང་བསྐུར་མཁན་རྣམས་ཀྱིས་ཀྱང་དབང་ཆས་དང་། དབང་རྫས་རྣམས་ཚགས་སུ་ཚུད་པར་བྱ་བ་ལས། དཔེར་ན་མེ་ལོང་གི་ཚབ་ཏུ་ཤེལ་སྒོ་དང་། སིནྡྷུ་རའི་ཚབ་ཏུ་ཚོན་དམར་པོ། དུང་ཆུའི་ཚབ་ཏུ་ཤེལ་ཕོར་འཇོག་པ་ལྟ་བུའི་སླ་བཅོས་གཏན་ནས་མི་རུང་ཞིང་། བུམ་པ་སོགས་ཀྱང་གསེར་དངུལ་གྱི་བུམ་པ་ལྟ་བུ་རྒྱུ་སྤུས་གང་ལེགས་འཛོམས་པར་བྱེད་དགོས་སོ༎

སྤྱིར་ཐེག་པ་འོག་མའི་སྡེ་སྣོད་ལས་རབ་བྱུང་རྣམས་འདོད་ཆུང་ཆོག་ཤེས་དགོས་པར་གསུངས་ཀྱང་། སྔགས་པ་རྣམས་ནི་འདོད་ཡོན་ལམ་ཁྱེར་གྱི་ཉམས་ལེན་ལ་བརྩོན་མཁན་ཡིན་པ་དང་། ཕུང་ཁམས་སྐྱེ་མཆེད་རྣམས་ལྷ་ཡི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་པའི་ལྟ་དགོངས་དང་ལྡན་པ་ཡིན་པས། འདོད་སྲེད་ཀྱི་ཞེན་པ་སྤངས་པའི་སྒོ་ནས་རྒྱལ་པོ་ལྟ་བུའི་ཆས་གོས་ཀྱིས་འཚོ་བར་བྱེད་དགོས་པ་ཡིན། བྱ་བཏང་རི་ཁྲོད་པའམ། ཡང་ན་མཐུན་རྐྱེན་གྱིས་ཕོངས་པ་ཡིན་ན་མ་གཏོགས། སྔགས་པ་རྣམས་ནི་ཆས་གོས་ངན་ངོན་དང་། ཡོ་བྱད་ངན་ངོན་གྱིས་འཚོ་བར་བྱེད་མི་རུང་བ་ཡིན་ནོ༎

སྔགས་པའི་སློབ་སྦྱོང་གི་སྐོར།

[རྩོམ་སྒྲིག]

གཉིས་པ་སྔགས་པའི་སློབ་སྦྱོང་གི་སྐོར་ལ། སྔགས་འཆང་རིག་པ་འཛིན་པ་རྣམས་ཀྱིས་གང་ལ་སློབ་སྦྱོང་བྱ་བའི་ཡུལ་ནི། རབ་ཡིན་ན་སྔོན་གྱི་རིག་འཛིན་གོང་མ་རྣམས་དང་འདྲ་བར་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལ་བསླབ་དགོས་པ་ཡིན་ཡང་། དེ་ལྟར་མ་ནུས་ན་སྔགས་པའི་ཕ་ཆོས་ནང་རྒྱུད་ཡོ་ག་སྡེ་གསུམ་ལ་ཅི་ནུས་ཀྱིས་བསླབ། ཁྱད་པར་དུ་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་བརྗོད་བྱའི་སྙིང་པོ་སྣང་སྲིད་དག་མཉམ་གྱི་ལྟ་བ་ལ་ངེས་པ་འདྲོངས་ངེས་སུ་བྱ་ཞིང་། བསྐྱེད་རིམ་དང་རྫོགས་རིམ་གྱི་སྐོར། སྤྱིའི་དམ་ཚིག་དང་། ཁྱད་པར་གྱི་དམ་ཚིག ལྷག་པའི་དམ་ཚིག རྫོགས་པ་ཆེན་པོའི་དམ་ཚིག་ཐུན་མོང་མ་ཡིན་པའི་སྐོར་རྣམས་རྐང་གྲངས་རེ་རེ་བཞིན་སེམས་ལ་ཅིས་ཀྱང་ངེས་པར་བྱ། དེ་བཞིན་རྒྱ་ཆེན་སྤྱོད་སྲོལ་དང་། ཟབ་མོ་ལྟ་སྲོལ་གང་རུང་གི་སྒོ་ནས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་མ་ཞུས་མཁན་ཧ་ལམ་མེད་པས། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་བསླབ་བྱ་རྣམས་ཀྱང་ངེས་པར་དུ་ཤེས་དགོས་ཤིང་། དེར་མ་ཟད་སྔགས་པ་རྣམས་ནི་གསུམ་ལྡན་རྡོ་རྗེ་འཛིན་པ་ཡིན་པས། དམ་པའི་ཆོས་འདུལ་བ་རིན་པོ་ཆེའི་གནང་བཀག་གི་གནས་རྣམས་ཀྱང་ཤེས་པར་བྱེད་དགོས། གལ་ཏེ་སློབ་སྦྱོང་ཅུང་བྱེད་ནུས་མཁན་ཞིག་ཡིན་ན་ནི་སྤྱོད་འཇུག་དང་བསླབ་བཏུས། བྱང་ཆུབ་སེམས་དཔའི་ས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཙོ་བོར་སྟོན་པ་འཕགས་པ་སྡོང་པོ་བཀོད་པའི་མདོ་ལ་སོགས་པ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་གཙོ་བོར་སྟོན་པ་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང་། ཤིན་ཏུ་ཟབ་པ་མན་ངག་མཐར་ཐུག་པའི་གནས་རྒྱ་ཆེར་སྟོན་པ་ངལ་གསོ་སྐོར་གསུམ། སྒྱུ་འཕྲུལ་གསང་སྙིང་། འདུས་པ་མདོ། སྙིང་ཐིག་ཡ་བཞི། བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས་དང་། ཁྱད་པར་གྱི་ཁྲིད་ཡིག་ལྕེ་བཙུན་སྙིང་ཐིག་དང་། ཡེ་ཤེས་བླ་མ་སོགས་ལ་ཐོས་བསམ་ཅི་ནུས་སུ་བགྱིས་ན་མདོ་སྔགས་ཟུང་འཇུག་གི་ཉམས་ལེན་ཕྱིན་ཅི་མ་ལོག་པར་ཤེས་པ་ཡིན་ཞིང་། ལྷ་དང་བཅས་པའི་འཇིག་རྟེན་འདིར་རལ་བ་སྤྱི་བོར་སྤུངས་ཤིང་། གཟན་དཀར་ཕྲག་ཏུ་གྱོན་པ་ལ་ངོ་གནོང་མི་དགོས་པའི་དོན་གྱི་སྔགས་འཆང་གསུམ་ལྡན་རྡོ་རྗེ་འཛིན་པ་ཞིག་ཏུ་འགྱུར་ངེས་པ་ཡིན་ནོ།། གསང་སྔགས་སྔ་འགྱུར་བའི་རྫོགས་པ་ཆེན་པོའི་ཆོས་བཀའ་རྣམས་ནི་སློབ་དཔོན་རིན་པོ་ཆེ་དང་། བི་མ་ལ་མི་ཏྲ། ལོ་ཆེན་བཻ་རོ་རྣམས་ལ་མ་ཐུག་པ་མེད་པས། གཏེར་ཁ་གསར་རྙིང་གི་ཆོས་དང་གདམས་པ་གང་འདྲ་ཞིག་ཡིན་ཡང་འདི་ཟབ་དང་འདི་མི་ཟབ་བྱ་བ་མེད་པར་ཐམས་ཅད་ཟབ་ཆོས་ཁོ་ན་ཡིན་ཞིང་། ཁྱད་པར་གཏེར་གསར་ཕལ་མོ་ཆེ་ནི་དུས་བབ་ཀྱི་ཆོས་ཀྱང་ཡིན་པས་བྱིན་རླབས་གཞན་ལས་ཆེ་བ་ཡིན་མོད། འོན་ཀྱང་སྔ་འགྱུར་བའི་སྤྱི་ཆོས་ཟབ་པ་ལས་ཀྱང་ཆེས་མཆོག་ཏུ་ཟབ་པ་ཀློང་ཆེན་སྙིང་གི་ཐིག་ལེ་ནི། སྔ་འགྱུར་བའི་ཕ་ནོར་ཡོངས་ཀྱི་ནང་ན་ཡིད་བཞིན་གྱི་ནོར་བུ་ལྟར་ཁྱད་དུ་འཕགས་པ་ཡིན་ཞིང་། འདི་ལ་ལྟ་རྟོགས་བྱས་ན་རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན། སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད། ཀློང་གསལ་འབར་མ་ཉི་མའི་རྒྱུད་དང་བཅུ་དགུ། གསང་བ་སྙིང་ཐིག་མ་བུ་བཞི། ཟབ་མོ་ཡང་ཏིག་དང་བཅས་པ་ལ་ལྟ་རྟོགས་བྱས་པ་དང་ཁྱད་མེད་པས། སྤྱི་རྟ་སྤྱི་ཐོག་ཏུ་ལུས་ན་བདག་སྐྱོང་བྱེད་མཁན་མེད་པའི་དཔེ་ལྟར། སྤྱི་ཆོས་བདག་མེད་དུ་མི་བསྐྱུར་བར་སྙིང་ཐིག་གཉན་པོའི་ཆོས་བཀའ་འདི་ལ་ཀུན་གྱིས་ཐུགས་དམ་རེ་བྱེད་པ་གལ་ཆེ། འོན་ཀྱང་ཡང་ཟབ་རྫོགས་པ་ཆེན་པོའི་ཆོས་རྣམས་ནི་བླ་མ་ལས་རྫོགས་ཆེན་གྱི་དངོས་གཞིའི་ཁྲིད་མ་ཐོབ་བར་དུ་དཔེ་བལྟས་བྱེད་མི་རུང་བས་གཟབ་དགོས་པ་ལགས།

གཞན་ཡང་སྔགས་འཆང་རྣམས་ལ་ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་འདི་ཡང་ཤིན་ཏུ་གལ་ཆེ་ཞིང་ནུབ་དུ་མི་རུང་བ་ཡིན་པས། ཆོ་ག་ཆོས་སྤྱོད་ཀྱི་ཕྱག་བཞེས་རྣམས་བརྒྱུད་པའི་མན་ངག་ལྟར་བསླབ་དགོས་པ་དང་། མི་ཉམས་རྒྱུན་འཛིན་བྱེད་དགོས། དཔེར་ན་དབང་བསྐུར་སྟངས་དང་རྒྱུད་བཤད་སྟངས། འདོན་པ་འདོན་སྐབས་ཀྱི་དབྱངས་དང་དྲིལ་བུ་བསིལ་སའི་ཚིག་མཚམས་ཚུན་ཆད། ཕྱག་རྒྱ་དང་རོལ་མོ། མཆོད་པ་བཤམས་སྟངས། གཏོར་མ་བཅའ་སྟངས། གཏོར་མ་འབུལ་སྟངས། ཚོགས་ཀྱི་ལག་ལེན། ཐིག་དང་རྡུལ་ཚོན། མཆོད་གར་དང་སྦྱིན་སྲེག་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྣམས་རང་བཟོས་མ་བསླད་པར། བརྒྱུད་པའི་མན་ངག་ཇི་བཞིན་བྱེད་རྒྱུ་ནི་སྔགས་པ་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཡིན་པས། ཕྱག་བཞེས་ཕྲ་མོ་ཙམ་ཡང་བཏང་སྙོམས་སུ་མི་འཇོག་པར་ནན་ཏན་གྱིས་བསླབ་དགོས་པ་ཡིན།

བོད་གངས་ཅན་གྱི་ལྗོངས་སུ་བརྒྱུད་པའི་ཕྱག་བཞེས་འཛིན་སྐྱོང་བྱེད་མཁན་གྱི་དགོན་པ་ཤིན་ཏུ་མང་བས། གང་ཟག་རེ་ཟུང་ངམ། ཚོགས་པ་འགའ་རེས་འཐུས་ཤོར་དུ་སོང་ཡང་ཆེར་མི་སྐྱོན་མོད། ཨ་རི་ལ་སོགས་པའི་ཕྱིའི་རྒྱལ་ཁབ་ཁག་ཏུ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་འདི་ཉིད་འཛིན་སྐྱོང་བྱེད་མཁན་ཡོད་ན་མེད་ན་ད་ལྟའི་མགོ་སེར་མགོ་ནག་གི་སྔགས་པ་སྔགས་མ་རྣམས་དང་། སྔགས་པའི་ཆོས་ཚོགས་རྣམས་ཡིན་པས། ཆོ་ག་ཆོས་སྤྱོད་ཀྱི་ཕྱག་བཞེས་རྣམས་བསྡུ་གང་ཐུབ་དང་། སྤྲོས་མེད་བྱེད་གང་ཐུབ་གཏན་ནས་བྱེད་མི་རུང་། ལྟ་དགོངས་མཐོ་བའི་རིག་འཛིན་ཞིག་པོ་རྣམས་ཀྱིས་སྤྲོས་བཅས་སྤྲོས་མེད་ཇི་ལྟར་བྱས་ཀྱང་རུང་བ་བདེན་མོད། མ་འོངས་པའི་བསྟན་རྒྱུན་ལ་ཐུགས་ཁུར་མཛད་ནས་བརྒྱུད་པའི་ཕྱག་བཞེས་རྒྱུན་འཛིན་མ་བྱས་ན། ནམ་ཞིག་ཕྱག་བཞེས་ཕྲིན་སྒྲུབ་ཐམས་ཅད་རང་བཟོ་ཁོ་ན་ལས། བརྒྱུད་པའི་ཕྱག་བཞེས་འདི་ཡིན་ཟེར་ནས་ཁུངས་གཏུགས་ས་མེད་པ་ཞིག་འོང་བ་ཡིན་ཞིང་། དེའི་ཚེ་སྔ་འགྱུར་གྱི་བསྟན་པའི་ཆུ་བོ་ཆེན་པོ་བཞིའི་ནང་གི་ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་ཡོངས་སུ་ནུབ་པ་ཡིན། དེར་བརྟེན་ལྟ་དགོངས་མཐོ་རུང་དམའ་རུང་། མ་འོངས་པའི་བསྟན་རྒྱུན་གྱི་ཆེད་དུ་ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཕྱོགས་ལ་ཡང་ཤིན་ཏུ་ཞིབ་པར་བྱེད་དགོས་སོ༎

ཆོས་འཆད་ཉན་གྱི་སྐབས་སོགས་ཀྱི་སྐོར།

[རྩོམ་སྒྲིག]

གསུམ་པ་ཆོས་འཆད་ཉན་སོགས་ཀྱི་སྐབས་སུ་བགྱི་བར་འོས་པའི་སྐོར་ལ། ཆོས་འཆད་ཉན་གྱི་སྐབས་སུ་སྣོད་ཀྱི་སྐྱོན་གསུམ་དང་། དྲི་མ་དྲུག མི་འཛིན་པ་ལྔ་རྣམས་སྤངས་ཇི་ཐུབ་བྱེད་རྒྱུ་དང་། གཟུགས་པོ་བདེ་ཐང་ཡིན་ན་ཆོས་ཉན་སྐབས་རྐང་པ་བསྐྱངས་ཏེ་སྡོད་པ་དང་། རྐུབ་སྟེགས་སྟེང་དུ་སྡོད་པ་སོགས་སྤངས་ནས། རབ་ཏུ་དམའ་བའི་ས་ལ་ཤིན་ཏུ་དུལ་བའི་སྤྱོད་ལམ་གྱིས་འདུག་སྟེ་ཆོས་ཉན། རྐང་ལག་མི་བདེ་བ་སོགས་ནད་པ་རྣམས་དམིགས་བསལ་ཡིན་ཡང་། གལ་ཏེ་རྐང་པ་བརྐྱངས་དགོས་པ་དང་། རྐུབ་སྟེག་སྟེང་དུ་སྡོད་དགོས་ན་ཚོགས་པའི་དཀྱིལ་དུ་མི་འདུག་པར་མཐའ་ཞིག་ཏུ་འདུག་ནས་ཇི་བདེར་བྱ། སྤྱིར་གནས་གང་དུ་ཆོས་འཆད་ཉན་བྱེད་པའི་ཉེ་འཁོར་ཚུན་ཆད་ནས་ཉོན་མོངས་པ་རགས་པ་རྣམས་སྤང་ཇི་ཐུབ་དང་། ཁྱད་པར་ཞེ་སྡང་དང་ཕྲག་དོག་གཉིས་ངེས་པར་དུ་སྤངས་དགོས་ཤིང་།

གསང་སྔགས་ཀྱི་ཆོས་འཆད་ཉན་བྱེད་པའི་སྐབས་ཡིན་ན། ཆོས་སྟོན་མཁན་གྱི་བླ་མ་ཆོས་སྐུ་ཀུན་ཏུ་བཟང་པོ་དངོས་དང་། གནས་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། སོ་སོ་རང་ཉིད་ཐེ་བའི་འཁོར་རྣམས་ནི་རྒྱལ་བ་རིགས་ལྔ་སོགས་གསང་སྔགས་ཀྱི་ཕུན་སུམ་ཚོགས་པ་ལྔ་པོ་གསལ་གདབས། དེ་ཡང་ཡེ་ནས་དེ་ལྟར་ཡིན་པའི་གནས་ལུགས་ཀྱི་ལྟ་བ་ཡོད་ན་རབ་དང་། མེད་ན་ཡང་མོས་པའི་སྒོ་ནས་དེ་ལྟར་ཡིན་པར་བསམས་དགོས། དེ་བཞིན་ཆོས་འཆད་ཉན་དང་ཚོགས་འཁོར་སོགས་ཀྱི་སྐབས་སུ་སྔགས་པ་སྔགས་མ་རྣམས་ཀྱིས་སྔགས་ཆས་ངེས་པར་དུ་གྱོན་དགོས། དེས་ཆོས་དང་། བླ་མ་དང་། མཆེད་གྲོགས་རྣམས་ལ་བཀུར་སྟི་མཚོན་པ་དང་། རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་ཞེས་གསུངས་པ་ལྟར། རང་རྒྱུད་ཀྱི་ལྟ་སྒོམ་སྤྱོད་གསུམ་ལ་བོགས་ཐོན་པར་བྱེད་པ་ཡིན།

བླ་མའི་གདམས་ངག་ཉན་ཚུལ་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ལོ་བདུན་ཅུ་དོན་ལྔ་ལ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་བསྟེན་པ་དང་། རིག་འཛིན་ཤྲཱི་སེང་ཧས་ལོ་ཉི་ཤུ་རྩ་ལྔ་ལ་སློབ་དཔོན་འཇམ་དཔལ་བཤེས་གཉེན་བསྟེན་པ་དང་། པཎ་ཆེན་ན་རོ་པས་ལོ་བཅུ་གཉིས་ལ་སྤྲུལ་སྐུ་ཏེ་ལོ་པ་བསྟེན་པ་དང་། སྨྱོ་ཤུལ་ལུང་རྟོགས་ཀྱིས་ལོ་ཉི་ཤུ་རྩ་བརྒྱད་ལ་དཔལ་སྤྲུལ་རྡོ་རྗེ་འཆང་བསྟེན་པ་ལྟ་བུ་བླ་མ་བསྟེན་ཡུན་རིང་བ་དང་། གདམས་ངག་ཉན་ཡིན་རིང་བ་ཞིག་དགོས་པ་ཡིན་ཞིང་། རྒྱུད་ལས་ཀྱང་། ཁོང་ནས་གབ་སྦས་དོན་འབྱིན་པ༎ སྟོན་པ་རྡོ་རྗེའི་ཐུགས་ལ་གནས་ཞེས་གསུངས་པ་ལྟར་ཡིན་པས། བརྒྱུད་ལྡན་གྱི་བླ་མ་མཚན་ཉིད་ལྡན་པ་རེ་བསྟེན་ནས་གདམས་ངག་ཉན་ཡུན་རིང་བ་ཞིག་བྱེད་དགོས།

སྤྱིར་སོ་བྱང་སྔགས་གསུམ་གང་གི་སྐབས་ཡིན་ཡང་བླ་མ་ལ་དད་པ་དང་དམ་ཚིག་བརྟན་པོ་བྱེད་དགོས་པ་ཤིན་ཏུ་གལ་ཆེ་ཞིང་། ཁྱད་པར་དུ་རྫོགས་པ་ཆེན་པོའི་ཆོས་ཉམས་སུ་ལེན་མཁན་ཞིག་ཡིན་ན་ནི། རང་གི་བླ་མ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཀྱི་སྐུ་དངོས་ཡིན་པའི་ངེས་ཤེས་ཐེ་ཚོམ་དང་བྲལ་བ་ཞིག་དགོས་པ་ལས། འགྲོ་བ་མི་ཡི་བླ་མ་གཟུགས་སྒྲ་རི་རོ་རེག་བྱ་ཅན་ཞིག་གི་འདུ་ཤེས་གཏན་ནས་འཇོག་མི་རུང་། གལ་ཏེ་རང་གི་བླ་མ་ལ་འགྲོ་བ་མི་ཡི་བླ་མ་གཟུགས་སྒྲ་རི་རོ་རེག་བྱ་ཅན་ཞིག་གི་འདུ་ཞེས་བཞག་ན་དགོངས་བརྒྱུད་ཀྱི་རྟོགས་པ་རང་གི་རྒྱུད་ལ་འཕོ་རྒྱུ་ཤིན་ཏུ་དཀའ་བ་ཡིན། དེ་བཞིན་རྒྱུ་མཚན་གཉིས་ཀྱི་སྒོ་ནས་བླ་མའི་མཛད་སྤྱོད་གང་ལ་ཡང་ལོག་པར་བལྟ་མི་རུང་སྟེ། རྒྱུ་མཚན་དང་པོ་སངས་རྒྱས་ཀྱི་དགོངས་སྤྱོད་སེམས་ཅན་གྱིས་མི་ཤེས་པའི་ཕྱིར་དང་། རྒྱུ་མཚན་གཉིས་པ་ནི་རྟེན་འབྲེལ་ཉེས་སེལ་གྱི་མཚོ་རྒྱལ་ཞུས་ལན་ལས། མ་འོངས་པར་གུ་རུ་རིན་པོ་ཆེའི་སྤྲུལ་པ་རྣམས་ཀྱི་ནང་ན་ཡང་གདུལ་བྱའི་སྣང་ཚུལ་གྱི་དབང་གིས་ལ་ལ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མཛད་སྤྱོད་སྣ་ཚོགས་ཅན་དུ་སྣང་བར་གསུངས་པ་དང་། དེ་བཞིན་གཏེར་གྱི་མདོ་བྱང་སོགས་ལས། བླ་མ་གཏེར་སྟོན་འགའ་རེས་རང་གི་སྐུ་ཚེའི་བར་ཆད་སེལ་བ་དང་། གཏེར་ཆོས་གྱི་འགྲོ་དོན་ལ་བར་ཆད་སེལ་ཕྱིར། སྐྱེ་བོ་རྣམས་ཀྱི་ཁ་ཟེར་བར་འོས་པའི་མཛད་སྤྱོད་སྣ་ཚོགས་ཆེད་དུ་སྟོན་པར་གསུངས་པ་ལྟ་བུ་ཡིན་པས། བླ་མ་ལ་ལོག་ལྟ་བྱེད་རྒྱུ་རྩ་བ་ནས་སྤངས་དགོས་པ་ཡིན།

བླ་མའི་སྐྱོན་གང་ཡང་རུང་བ་མཐོང་བའམ། ཡང་ན་གཞན་གྱི་ངག་ལས་ཐོས་པའམ། ཡང་ན་རང་གི་སྣང་བ་འཁྲུལ་ནས་བླ་མའི་མཛད་སྤྱོད་འགའ་ལོག་པར་མཐོང་ན། བླ་མ་དེ་ཉིད་སྤངས་ནས་སྐུར་འདེབས་སྣ་ཚོགས་བྱེད་པ་དེས་བླ་མ་ལ་ཅི་ཡང་མི་གནོད་ཀྱང་། རང་ཉིད་ཚེ་ཕྱི་མ་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་པར་མ་ཟད། ཚེ་འདིར་ཡང་རང་གི་བླ་མ་སྔོན་མ་ལ་ལོག་ལྟ་བྱས་ནས་སྤངས་རྗེས། བླ་མ་གཞན་ཅི་ཙམ་མང་བ་བསྟེན་ཡང་དམ་ཚིག་ཉམས་པ་དང་། རྟེན་འབྲེལ་ལོག་པའི་དབང་གིས་ཉམས་རྟོགས་ཀྱི་ཡོན་ཏན་གང་ཡང་མི་སྐྱེ་བ་ཡིན། དེས་ན་དམ་པའི་སྐྱེ་བོ་སྤྱི་དང་། ལྷག་པར་ཏུ་གསང་སྔགས་ཀྱི་ཆོས་ཞུ་མྱོང་སའི་བླ་མ་རྣམས་ལ་ལོག་ལྟ་དང་སྐུར་འདེབས་བྱེད་རྒྱུར་དུག་འཐུང་བ་ལྟ་བུའི་འཛེམ་ཟོན་བྱེད་དགོས་པ་ཡིན། མདོར་ན་ཇི་སྲིད་བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པ་ཡོད་པ་དེ་སྲིད་རྫོགས་པ་ཆེན་པོའི་དོན་རྟོགས་པའི་ལས་དང་སྨོན་ལམ་ཡོད་པ་ཡིན་ལ། བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པ་མེད་ན་བཀའ་བསྟན་འགྱུར་གཉིས་ཀ་བློ་ལ་ཡོད་ཀྱང་། རྫོགས་ཆེན་གྱི་དོན་རྟོགས་པའི་ལས་དང་སྐལ་བ་གཏན་ནས་མེད་པ་ཡིན་ནོ༎

རྒྱུན་གྱི་སྤྱོད་ལམ་དང་ཉམས་ལེན་གྱི་སྐོར།

[རྩོམ་སྒྲིག]

བཞི་པ་རྒྱུན་གྱི་སྤྱོད་ལམ་དང་ཉམས་ལེན་གྱི་སྐོར་ལ། གུ་རུ་རིན་པོ་ཆེས། ལྟ་དགོངས་ཇི་ལྟར་མཐོ་ཡང་ལས་འབྲས་རྩིས༎ ཞེས་གསུངས་པ་ལྟར། ལྟ་བ་ཇི་ལྟར་མཐོ་ཡང་ལས་རྒྱུ་འབྲས་ཀྱི་གནས་ལ་ཤིན་ཏུ་གཟབ་པར་བྱེད་དགོས། དུས་རྣམས་ཀུན་ཏུ་སྐྱབས་འགྲོའི་བསླབ་བྱ་དྲན་པར་བྱས་ནས་ཡི་གེ་དང་། སྐུ་འདྲ། ཕྲེང་བ། འཁོར་ལོ། ཌ་དྲིལ། མཆོད་རྫས། ཚོགས་རྫས། བསང་རྫས། རླུང་རྟ། དམ་རྫས། སྲུང་འཁོར་སོགས་ཀྱི་སྟེང་ནས་འགོམ་པ་སྤང་། དེ་དག་ལྷམ་དང་རྐང་འབོབ་སོགས་དང་མཉམ་དུ་མི་འཇོག་ཅིང་། གསང་སྤྱོད་ནང་དུ་ཡང་མི་འཇོག ཆོས་བརྒྱུད་དང་གྲུབ་མཐའ་སོ་སོའི་ཆོས་དང་བླ་མ་རྣམས་ཀྱི་སྐྱོན་མི་གླེང་། སེམས་ཅན་གཞན་གྱི་ལུས་སྲོག་ལོངས་སྤྱོད་ལ་གནོད་པའི་ལས་མི་བྱ། དམ་ཚིག་ཉམས་པའི་མི་དང་མི་འགྲོགས། སྐྱེ་བོ་གཞན་གྱི་སེམས་མི་དཀྲུག་ཅིང་། སྐྱེ་བོ་གཞན་ལ་ཚིག་ངན་མི་བརྗོད།

ཆབ་སྲིད་ནི་ཆགས་སྡང་གི་ཚོར་བ་ཤིན་ཏུ་རྣོ་ཞིང་། ཉོན་མོངས་དུག་ལྔའི་འབྱུང་ཁུངས་དང་། བསླབ་པ་གསུམ་གྱི་དམ་ཚིག་ལ་ཁ་ཆག་སྣ་རལ་ཡོང་བའི་གཞི་ཆེ་ཤོས་ཤིག་ཡིན་པས། སྔགས་འཆང་རྣམས་ཀྱིས་སྐྱེ་བོ་ཉེ་རིང་ཀུན་ལ་ཁྱད་མེད་ཀྱིས་བསམ་པ་བཟང་པོ་བྱེད་རྒྱུ་ལས། ཆབ་སྲིད་འཐབ་རྩོད་ཀྱི་ཆ་ཤས་ནམ་ཡང་མི་ལེན། གལ་ཏེ་དམངས་གཙོའི་ལུགས་སྲོལ་ལྟར་རྒྱལ་ཁབ་ཀྱི་དབུ་ཁྲིད་སོགས་ཀྱི་འོས་བསྡུའི་ཆ་ཤས་ལེན་དགོས་བྱུང་ན་ཡང་། རང་གིས་དད་མོས་བྱེད་སའི་མི་དེར་རང་ཉིད་ཀྱི་འོས་ཤོག་འཕེན་པ་ལས། འོས་འགྲན་པ་གཞན་དང་། དེའི་ཕྱོགས་གཏོགས་རྣམས་ལ་དམའ་འབེབ་དང་། ཁྱད་གསོད། སྐུར་འདེབས་སོགས་གཏན་ནས་མི་བྱ། ཁས་བླངས་པའི་དམ་ཚིག་ཚུལ་བཞིན་དུ་བསྲུང་ཞིང་། འཕྲལ་རྐྱེན་གྱི་དབང་གིས་རྩ་ལྷུང་གང་རུང་བྱུང་ན་མྱུར་དུ་བཤགས་པ་དང་། མ་མཐའ་ཡང་རྩ་ལྟུང་དེ་དང་ཞག་ཏུ་མི་འགྲོགས། སོ་བྱང་གཉིས་ཀྱི་སྡོམ་ཁྲིམས་རྣམས་སྔགས་ཀྱི་ཐུན་མོང་གི་བསྲུང་བྱ་དང་། ལས་ཀྱི་རིགས་ཀྱི་ཐུན་མོང་མ་ཡིན་པའི་དམ་ཚིག་ཡིན་པས། བསླབ་བྱའི་གནས་གང་ལ་ཡང་བསླབ་པ་ཁྱད་གསོད་སོགས་གཏན་ནས་མི་བྱ།

ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་ཞིང་། རང་ཉིད་གང་ལ་མོས་པའི་རྩ་བ་གསུམ་གྱི་བསྐྱེད་རྫོགས་དང་བསྙེན་པ་ཚད་དུ་འཁྱོལ་བར་བྱ། ཚུར་ཁྲོ་ཡང་ཕར་མི་ཁྲོ་བ་དང་། ཚུར་གཤེ་ཡང་ཕར་མི་གཤེ་བ་དང་། ཚུར་བརྡེག་ཀྱང་ཕར་མི་བརྡེག་པ་དང་། ཚུར་མཚང་འབྲུ་ཡང་ཕར་མཚང་མི་འབྲུ་བ་སྟེ་དགེ་སྦྱོང་གི་ཆོས་བཞི་པོ་རྒྱུན་དུ་དྲན་པར་བྱ། ལྟ་དགོངས་ཇི་ལྟར་མཐོ་ཡང་བསོད་ནམས་ཀྱི་ཚོགས་གསོག་པ་དང་མི་འབྲལ་བར། རྒྱུན་དུ་ཕྱག་དང་མཆོད་པ་སོགས་བསོད་ནམས་ཀྱི་ཚོགས་གསོག་པ་ལ་འབད་ཅིང་། ངན་སློང་ལ་སྦྱིན་པ་ཇི་ནུས་སུ་བྱ།

མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ནི་བསོད་ནམས་ཚད་མེད་པར་མ་ཟད། སྔོན་བྱོན་རིག་འཛིན་གོང་མ་རྣམས་ནས་བཟུང་། ད་ལྟའི་རང་ཅག་གི་རིགས་བདག་བླ་མ་བཀའ་དྲིན་ཅན་རྣམས་ཀྱི་ཐུགས་ལ་ཆེས་ཆེར་བརྣགས་པའི་དོན་ཡིན་པས། གསོད་ལ་ཉེ་བའི་སེམས་ཅན་རྣམས་ཀྱི་སྲོག་བསྐྱབ་པ་དང་། དེ་དག་གི་རྣ་ལམ་དུ་སངས་རྒྱས་བྱང་སེམས་ཀྱི་མཚན་དང་། ངན་སོང་སྦྱོང་བའི་གཟུངས་སྔགས་ཁྱད་པར་ཅན་སྒྲོག་པ་སོགས་གཞན་ཕན་གྱི་བྱ་བ་གང་ནུས་ཀྱིས་བྱ། སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་དང་། སྣང་སྲིད་དག་མཉམ་གྱི་ལྟ་དགོངས་མི་བརྗེད་པར་བྱ་ཞིང་།

ཉ་སྟོང་ཚེས་བརྒྱད་དང་། ཡར་མར་གྱི་ཚེས་བཅུ་རྣམས་སུ་སྔགས་ཀྱི་གསོ་སྦྱོང་ཞེས་བྱ་བ། དམ་ཚིག་ཉམས་པ་བསྐང་བ་གསོ་བ་དང་། བཤགས་ཤིང་སྤྱི་ཁྲུས་བྱེད་པ་སྦྱོང་བ་སྟེ། དེ་ཡང་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་བྱུང་བ་ལྟ་བུའི་སྔགས་ཀྱི་གསོ་སྦྱོང་རྒྱས་པ་གྲུབ་ན་རབ་དང་། གལ་ཏེ་དེ་ལྟར་མ་གྲུབ་ཀྱང་བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ་དང་། དྲི་མེད་བཤགས་པའི་རྒྱུད་དང་། ན་རཀ་བསྐངས་བཤགས་སོགས་ལ་བརྩོན་པར་བྱ་ཞིང་། གཉེན་པོ་སྟོབས་བཞི་ཚང་བའི་རྡོར་སེམས་བསྒོམ་བཟླས་ལ་སྔགས་ཀྱི་གསོ་སྦྱོང་གི་དོན་ཚང་བས། ཇི་ལྟར་བསྡུ་ཡང་དེ་ཙམ་ནི་ངེས་པར་དུ་མ་ཆག་པ་དགོས་ལ། སྔགས་ཀྱི་གསོ་སྦྱོང་དེ་དག་གིས་སྔར་བྱས་ཀྱི་སྡིག་ལྟུང་རྣམས་བ་མོ་ཉི་ཟེར་གྱིས་བཅོམ་པ་ལྟར་སྦྱངས།

མདོར་ན་ཡུལ་གང་དུ་སྤྱོད་ལམ་ཇི་ལྟར་བྱེད་ཀྱང་། རང་ཉིད་སྔགས་རྡོ་རྗེ་ཐེག་པ་ཉམས་སུ་ལེན་མཁན་ཞིག་ཡིན་པ་བརྗེད་མི་རུང་ཞིང་། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་རྣམས་ཀྱང་དེ་དང་འབྲེལ་བ་ཞིག་ངེས་པར་དུ་དགོས་པ་ཡིན། ཉམས་ལེན་དེ་དག་གིས་གཞི་རྐང་བྱས་པའི་ཐོག་ནས། མཐར་ཐུག་གི་ཉམས་ལེན་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་མན་ངག་གི་གནད་རྣམས་བརྒྱུད་ལྡན་བླ་མའི་ཞལ་ཁྲིད་ལྟར་བསྒོམ་སྟེ། ཚེ་འདིའམ་ཡང་ན་འཆི་ཁ་བར་དོ་དང་། མ་མཐའ་ཡང་སྲིད་པ་བར་དོར་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནུས་པ་ཞིག་ཅིས་ཀྱང་བྱེད་དགོས་སོ༎

ཚོམ་བུ་ཚོགས་སྒྲུབ་ཀྱི་སྐོར།

[རྩོམ་སྒྲིག]

ལྔ་པ་ཚོམ་བུ་ཚོགས་སྒྲུབ་ཀྱི་སྐོར་ལ། དེ་ཡང་འདུས་པའི་བྱིན་རླབས་མེ་དཔུང་འདྲ་ཞེས་དང་། གུ་རུ་རིན་པོ་ཆེས། སྔགས་པའི་སྡེ་བར་དཀྱིལ་འཁོར་སྔགས་སྟོན་གྱིས༎ ཞེས་སོགས་གསུངས་པ་ལྟར། སྔགས་འཆང་ཕོ་མོ་རྣམས་མཉམ་གཅིག་ཏུ་འདུས་ནས་གསང་སྔགས་ཀྱི་ཚོམ་བུ་ཚོགས་སྒྲུབ་བྱས་ན་བྱིན་རླབས་ཚད་མེད་པ་འབྱུང་བ་ཡིན་པས། སྒྱུ་འཕྲུལ་ཞི་ཁྲོ་དང་། འོག་མིན་ཚོགས་ཆེན་འདུས་པ་ལྟ་བུའི་སྒྲུབ་ཆེན་རྣམས་ཀྱི་མགོ་ཐོན་ན་རབ་དང་། ཆོས་ཚོགས་ཆུང་འབྲིང་གི་གྲས་རྣམས་ཀྱིས་དེ་ལྟར་མ་ནུས་ཀྱང་། རང་རང་གི་བརྒྱུད་པ་གང་ལ་བབས་པའི་སྒྲུབ་གཞུང་རྣམས་དང་འབྲེལ་བའི་སྒོ་ནས། མ་མཐའ་ཡང་ཉེར་ལྔ་ཚེས་བཅུའི་ཚོགས་མཆོད་རྒྱུན་མ་ཆད་པ་ཙམ་ནི་ངེས་པར་དུ་དགོས་ཤིང་། དེ་ཡང་སྔོན་གྱི་དུས་སུ་དཔའ་བོ་རྣམས་གཡས་གྲྭལ་དང་། དཔའ་མོ་རྣམས་གཡོན་གྲྭལ་དུ་བསྒྲིགས་ནས་ཚོམ་བུ་ཚོགས་སྒྲུབ་བྱེད་པའི་ཕྱག་བཞེས་ཡོད་པ་ལྟར་འདོད་ན་དེ་ལྟར་བྱ། གང་ལྟར་གཏེར་ཁ་གསར་རྙིང་གང་གི་ཚོམས་བུ་ཚོགས་སྒྲུབ་བྱས་ཀྱང་། དཀྱིལ་འཁོར་དང་གཏོར་མ་སོགས་རང་རང་གི་གཞུང་བཞིན་ལྷག་ཆད་ནོར་འཁྲུལ་མེད་པར་བཤམས་ཤིང་། གདངས་དབྱངས་རོལ་མོ་རྣམས་ཀྱང་སྒྲུབ་ཐབས་རང་གཞུང་ལྟར་ཁོ་ན་ལས་གཞན་དང་མ་འདྲེས་པར་བྱ། རྣལ་འབྱོར་ཕོ་མོ་རྣམས་ཀྱི་གསུང་གི་མཐོ་དམན་དང་། ཌཱ་དྲིལ་རྣམས་ཤིན་ཏུ་འགྲིག་པར་བྱ་ཞིང་། ཚོམ་བུ་ཚོགས་སྒྲུབ་ཀྱི་སྐབས་སུ་དགོས་པའི་ཡོ་བྱད་རྣམས་ཀྱང་ཚང་བར་བྱེད་དགོས། རང་ལ་ཐོབ་པའི་ཚོགས་རྫས་རྣམས་ཟ་མ་ཐུབ་ན་སོ་སོའི་ཁྱིམ་དུ་ཁྱེར་བ་ལས། འདུ་ཁང་གི་ནང་གང་སར་འཇོག་པའམ། ཡང་ན་བཟའ་རུང་བའི་དངོས་པོ་རྣམས་སྙིགས་ཟོམ་ནང་དུ་གཡུག་ན་གསང་སྔགས་ཀྱི་རྫས་ལ་ཁྱད་གསོད་ཡིན་པས་དེ་ལྟར་བྱེད་མི་རུང་།

བླ་མ་གཅིག་པ་དང་དཀྱིལ་འཁོར་གཅིག་པ། ལྟ་སྤྱོད་གཅིག་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས། ཚོགས་ཀྱི་མཆོད་པ་སོགས་ཀྱི་སྐབས་སུ། རྡོ་རྗེའི་གླུ་བྲོ་སྣང་བ་འགྱུར་བའི་ཚོད་ཙམ་བྱེད་ཐུབ་ན་ཡང་རྒྱུད་ཀྱི་དགོངས་པ་ཡིན་པས་དེ་ལྟར་བྱེད་དགོས་མོད། འདི་དག་གསང་བའི་སྤྱོད་པའི་ཁོངས་སུ་གཏོགས་པས། གླུ་བྲོ་ཁྱད་པར་བ་རྣམས་བརྙན་ལེན་པ་དང་། དྲྭ་ལམ་དུ་སྤེལ་བ་སོགས་གཏན་ནས་མི་བྱ། མདོར་ན་རྣལ་འབྱོར་ཕོ་མོ་སུ་ཡིན་ཡང་དབེན་པའི་གནས་སུ་མཚམས་ལ་སྡོད་པའམ། ཡང་ན་ཡུལ་གཞན་དུ་འགྲིམ་འགྲུལ་སོགས་ཀྱི་སྐབས་མ་ཡིན་པར། རང་གི་དགེ་འདུན་གྱིས་ཚོམ་བུ་ཚོགས་སྒྲུབ་བྱེད་སར་ངེས་པར་དུ་འགྲོ་དགོས་པ་དང་། ཆོས་ཀྱི་སྒྲིག་ཁྲིམས་རྣམས་ཀྱང་ཚུལ་བཞིན་བྱེད་དགོས་ཤིང་། དེས་གནས་སྐབས་སུ་ཚེ་རིང་བ་དང་བསོད་རྣམས་རྒྱས་པར་བྱེད་ཅིང་། ཡོང་ངེས་ཀྱི་བར་ཆད་མང་པོ་ཞིག་ཀྱང་རང་ཞིར་འགྲོ་བར་མ་ཟད། ཉམས་རྟོགས་ཁྱད་པར་ཅན་བཙན་ཐབས་ཀྱིས་སྐྱེ་བ་དང་། སྐྱེ་བ་རྗེས་མ་རྣམས་སུ་ཡང་རིག་པ་འཛིན་པའི་གདན་གྲྭལ་དུ་ཚུད་པ་སོགས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་ཡིན་ནོ༎

དེ་ལྟར་ཆས་གོས་ཡོ་བྱད་ཀྱི་སྐོར་དང་། སྔགས་པའི་སློབ་སྦྱོང་གི་སྐོར། ཆོས་འཆད་ཉན་གྱི་སྐབས་སོགས་ཀྱི་སྐོར། རྒྱུན་གྱི་སྤྱོད་ལམ་དང་ཉམས་ལེན་གྱི་སྐོར། ཚོམ་བུ་ཚོགས་སྒྲུབ་ཀྱི་སྐོར་སྟེ་ས་བཅད་ལྔའི་ཁོངས་སུ་བསྡུས་ནས་བཤད་པ་འདི་དག་ནི། སྔགས་པ་རྣམས་ཀྱི་ལག་ལེན་ཉེར་མཁོ་མེད་དུ་མི་རུང་བ་རྣམས་སྟོང་ཐུན་དུ་བསྡུས་ནས་བཤད་པ་ཡིན་ཞིང་། གལ་ཏེ་རྒྱས་པར་སྤྲོ་ན་སྔོན་གྱི་ཞལ་གདམས་དང་བཅའ་ཡིག་ཆེན་མོ་རྣམས་ལ་ཡང་བལྟ་རྟོགས་ཐེམ་པ་དང་། ལག་ལེན་གང་ནུས་སུ་བགྱིས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བ་ཡིན་ནོ༎

ཞེས་རྒྱལ་བསྟན་སྤྱི་དང་། བྱེ་བྲག་རིག་འཛིན་སྔགས་ཀྱི་བསྟན་པ་རིན་པོ་ཆེར་ཐུགས་ཁུར་དང་མཛད་རྗེས་ཆེ་བ། ལུང་ཟིན་སྤྲུལ་པའི་སྐུ་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། ཚེ་རབས་ཀུན་ཏུ་གུ་རུ་པདྨའི་འབངས་སུ་སྨོན་པ་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས། རྩ་གསུམ་ལྷའི་སྤྱན་སྔར་བསྐངས་བཤགས་བསྟོད་གསོལ་སོགས་སྔོན་དུ་བཏང་ནས། ཕྱི་ལོ་ ༢༠༡༧ ཟླ་ ༡༡ པའི་ཚེས་ ༦ ལ། ཡེ་ཤེས་སྡེའི་གཙུག་ལག་ཁང་རྡོར་སེམས་ཞལ་མཐོང་གླིང་དུ་ནུབ་གཅིག་གི་རིང་མཐར་ཆགས་སུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། ༎