སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་
སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན།
[རྩོམ་སྒྲིག]དཔལ་ས་སྐྱ་དགོན་གྱི་ཁྲི་པ་ཉེར་གཉིས་པ་འདི་ཉིད་རབ་བྱུང་བརྒྱད་པའི་མེ་གླང(༡༤༥༧)ལོར་ཡབ་འཇམ་དབྱངས་ནམ་མཁའ་དོན་གྲུབ་ཚེ་བརྟན་བཀྲ་ཤིས་རྒྱལ་མཚན་དང་། ཡུམ་འབུ་འདྲེན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དགུ་པ་ལ་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་གྱི་དྲུང་ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་འཇམ་དབྱངས་ངག་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་ཞེས་གསོལ། དགུང་ལོ་བཅུ་དྲུག་པ་རབ་བྱུང་བརྒྱད་པའི་ཆུ་འབྲུག་(༡༤༧༢)ལོར་ས་སྐྱའི་གདན་ཁྲིར་ཕེབས། དགུང་ལོ་ཉི་ཤུའི་བར་ས་ལོ་ཆེན་པོ་འབྲལ་མེད་དུ་བསྟེན་ནས་གང་གི་གདམས་པ་མཇའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། ས་ལོ་ཆེན་པོ་སྐུ་གཤེགས་ཁའི་བཀའ་སློབ་ཐུགས་དབུས་སུ་བཅངས་ཏེ་དཔལ་ལྡན་ས་སྐྱའི་བསྟན་པ་རྒྱས་པ་ལ་བརྩོན་པ་ཆེན་པོ་མཛད། ཆུ་མིག་རྫིང་ཁར་བདེ་མཆོག་ཕོ་བྲང་གསར་བཞེངས་དང་། དུས་མཆོད་བླ་བྲང་གི་གསེར་ཁང་དུ་གྲགས་པ་རྟེན་དང་བརྟེན་པར་བཅས་པ། ནང་སོ་པུ་ཏྲ་ཁང་དང་ཕོ་བྲང་བཅས་གསར་བཞེངས་ཐོག ས་ཆེན་ཕུག་སོགས་ལ་ཉམས་གསོ་རྒྱ་ཆེར་གནང་ཞིང་། ཆོས་གྲྭ་ཆེན་པོ་ཐུབ་བསྟན་ལྷ་ཆེན་དང་གསང་སྔགས་བདེ་ཆེན་གླིང་ཕྱག་བཏབ། ཁའུ་སྐྱེ་ལྷས་ཀྱི་སྒྲུབ་གནས་དང་། ཆོས་རྫོང་ཁམས་གསུམ་ཟིལ་གནོན། བསམ་ཡས་གཙུག་ལག་ཁང་སོགས་ཉམས་གསོ་མཛད། དེ་དག་ཏུ་བཞུགས་པའི་དགེ་འདུན་འདུས་པ་རྒྱ་མཚོར་བསྙེན་བཀུར་རྒྱ་ཆེར་བསྒྲུབ་པའི་རྒྱུན་བཙུགས། དེ་ནས་བླ་མ་དགེ་བཤེས་དང་ས་སྐྱོང་སྦྱིན་བདག་བཅས་ནས་གདུང་རྒྱུད་སྤེལ་རྒྱུའི་གསོལ་བ་བཏབ་པ་བཞིན་བཙུན་མོ་གསུམ་ཁབ་ཏུ་བཞེས་ནས་སྲས་འཇམ་དབྱངས་དབང་པོ་གྲགས་པ་རྒྱལ་མཚན་དང་གྲགས་པ་བློ་གྲོས་རྒྱལ་མཚན་གཉིས་འཁྲུངས། མཐར་དགུང་ལོ་རེ་བརྒྱད་པ་རབ་བྱུང་དགུ་པའི་ཤིང་སྤྲེལ(༡༤༢༤)ལོར་ལྷུན་གྲུབ་ཕོ་བྲང་དུ་ཞི་བར་གཤེགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།