སྒྲོལ་མའི་ལོ་རྒྱུས་

ཡོང་ཁུངས་Wikipedia

འོ་ཡ། དེ་རིང་རྗེ་བཙུན་སྒྲོལ་མའི་ཆོས་སྐོར་ཐད་ནས་ཅིག་ཤོད་ཅེས་རེ་བ་བྱེད་ཀྱིན་ཡོད་ཀི། དེས་ན་དང་པོ་བྱང་ཆུབ་མཆོག་དུ་ཐུགས་བསྐྱེད་ཚུལ་སྐོར་ནས་ཅིག་བཤད། རྗེ་བཙུན་སྒྲོལ་མ་བསྐལ་བ་གྲངས་མེད་དཔག་དུ་མེད་པའི་སྔ་རོལ་ན་སྲས་མོ་ཡེ་ཤེས་ཟླ་བ་ཟེར་བ་ཞིག་གི་སྐྱེ་བ་བླངས་པ་དང་། སྐབས་དེར་སངས་རྒྱས་རྔ་སྒྲ་འཇིག་རྟེན་དུ་བྱོན་ནི་རེད། སྲས་མོ་ཡེ་ཤེས་ཟླ་བས་སངས་རྒྱས་རྔ་སྒྲའི་སྐུ་མདུན་ནས་ཐུགས་བསྐྱེད་པ་དང་དེའི་འཁོར་ན་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་གྲངས་མེད་ཡོད་པ་ཐམས་ཅད་ལ་ལོ་ངོ་བརྒྱ་སྟོང་བར་དུ་མཆོད་པ་དང་བསྙེན་བཀུར་སོགས་བྱས་པ་རེད། འཁོར་བྱང་སེམས་དང་ཉན་ཐོས་རྣམས་ཀྱིས་སྲས་མོ་ཡེ་ཤེས་ཟླ་བར་ཁྱོད་ཀྱི་དགེ་འདུན་རྣམས་ལ་མཆོད་པ་དང་བསྙེན་བཀུར་ལོ་ངོ་མང་པོ་བར་དུ་བྱས་པའི་བསོད་ནམས་ཀྱི་སྟོབས་རྒྱ་ཆེན་པོ་ཡིན་པས་བུད་མེད་ཀྱི་ལུས་རྟེན་འདི་ཉིད་སྐྱེས་པའི་ལུས་རྟེན་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་ན་སྨོན་ལམ་འགྲུབ་ངེས་ཡིན། སྐྱེས་པའི་རྟེན་ལ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་རྒྱ་ཆེར་མཛད་ཐུབ་ནི་རེད་ཅེས་དགེ་འདུན་རྣམས་ཀྱིས་སྲས་མོ་ཡེ་ཤེས་ཟླ་བར་བསྐུལ་བ་བྱས་པ་རེད། སྲས་མོ་ཡེ་ཤེས་ཟླ་བས་སྐྱེས་པའི་རྟེན་ལ་སངས་རྒྱས་པ་མང་པོ་ཡོད་ཀྱང་བུད་མེད་ཀྱི་རྟེན་ལ་སངས་རྒྱས་པ་མེད། ང་ནི་བུད་མེད་ཀྱི་རྟེན་ལ་སངས་རྒྱས་ནས་འཁོར་བ་མ་སྟོང་བར་དུ་བུད་མེད་ཀྱི་གཟུགས་སུ་སེམས་ཅན་གྱི་འགྲོ་དོན་བརྒྱ་ཆེན་པོ་མཛད་ངེས་ཡིན་ཞེས་དམ་བཅས་པ་རེད། དེ་ནས་སྲས་མོ་ཡེ་ཤེས་ཟླ་བས་སྒྲུབ་པ་ཉམས་ལེན་ལོ་མང་པོ་བར་དུ་བྱས་པས་འགྲོ་བ་ཐམས་ཅད་སྒྲོལ་བའི་ཏིང་ངེ་འཛིན་བརྙེས་པ་རེད། ཏིང་ངེ་འཛིན་དེའི་མཐུ་ལ་བརྟེན་ནས་ཉི་མ་རེ་རེར་སེམས་ཅན་སྟོང་ཕྲག་མང་པོ་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བའི་དོན་མཛད་པ་རེད། དེ་ནས་བཟུང་སྟེ་སྲས་མོ་ཡེ་ཤེས་ཟླ་བའི་མིང་ལ་སྒྲོལ་མ་ཞེས་ཐོགས་པ་རེད། སྒྲོལ་མའི་གོ་དོན་ནི། འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བས་ན་སྒྲོལ་མ་དང་། ནད་གདོན་བར་ཆད་ཐམས་ཅད་ལས་སྒྲོལ་བས་ན་སྒྲོལ་མ། ད་དུང་། འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ་བཟོད་པ་ལ་བཀོད་པར་བྱེད་པས་ན་སྒྲོལ་མ་ཞེས་ཟེར་བ་རེད། སངས་རྒྱས་རྔ་སྒྲས་ཀྱང་སློབ་བ་ལམ་གྱི་གནས་སྐབས་སུ་སྲས་མོ་ཡེ་ཤེས་ཟླ་བའི་མིང་ལ་སྒྲོལ་མ་ཟེར་བ་མ་ཟད་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་མིང་ལ་སྒྲོལ་མ་ཟེར་ཞེས་ལུང་བསྟན་པ་རེད། དེ་ནས་བསྐལ་བ་གྲངས་མེད་དཔག་དུ་མེད་པ་འདས་པའི་རྗེས་སུ་སངས་རྒྱས་དོན་ཡོན་གྲུབ་པ་འཇིག་རྟེན་དུ་བྱོན་པ་རེད། དེའི་སྐུ་མདུན་ནས་ཀྱང་རྗེ་བཙུན་སྒྲོལ་མས་བྱང་ཆུབ་མཆོག་དུ་ཐུགས་བསྐྱེད་དེ་སྒྲུབ་པ་ཉམས་ལེན་ལོ་མང་པོ་བར་དུ་མཛད་པས་བདུད་ཐམས་ཅད་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་བརྙེས་པ་རེད། ཏིང་ངེ་འཛིན་དེའི་མཐུ་ལ་བརྟེན་ནས་ཉི་མ་རེ་རེར་བདུད་རིགས་བརྒྱ་སྟོང་ཁྲི་འབུམ་མང་པོ་བཏུལ་བ་རེད། རྒྱུ་མཚན་དེའི་ལ་བརྟེན་ནས་རྗེ་བཙུན་སྒྲོལ་མའི་མཚན་གྱི་རྣམས་གྲངས་ལ། གདོང་མ། ཉེར་མ། དཔའ་མོ་ཞེས་མཚན་མང་པོ་བྱུང་བ་རེད། དེ་ནས་བསྐལ་བ་མང་པོ་འདས་པའི་རྗེས་སུ་ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱིས་རྗེ་བཙུན་སྒྲོལ་མ་ལ་འོད་ཟེར་ཆེན་པོའི་དབང་བསྐུར་གནང་སྟེ་ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་བདག་ཉིད་དུ་བྱིན་གྱི་བརླབས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་རེད། དེ་ནས་སེམས་ཅན་མང་པོ་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བ་དང་། ལྷག་པར་དུ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབས་པ་སོགས་འགྲོ་དོན་བརྒྱ་ཆེར་མཛད་པ་རེད། སྒྲོལ་མའི་ལོ་རྒྱུས་ནང་དུ་འཇིགས་ཆེན་བརྒྱད་དང་བཅུ་དྲུག་ལས་བསྐྱབས་པའི་ལོ་རྒྱུས་རྒྱས་པ་ཡོད། བསྐལ་བ་འདིའི་དབང་དུ་བྱས་ན་རྗེ་བཙུན་སྒྲོལ་མ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན། བསྐལ་བ་བཟང་པོ་འདི་ལའང་རྫོགས་ལྡན་དང་། གསུམ་ལྡན་། གཉིས་ལྡན། རྩོལ་ལྡན་བཅས་ཡོད། རྫོགས་ལྡན་དང་། གསུམ་ལྡན། གཉིས་ལྡན་སོགས་ཀྱི་དུས་སུ་སྒྲོལ་མའི་རྒྱུད་འཕགས་པ་སྤྱན་རས་གཟིགས་ཀྱིས་གསུངས་པ་རེད། རྩོལ་ལྡན་སྙིགས་མའི་དུས་སུ་སྟོན་པ་ཤཱཀྱ་ཐུབ་པས་སྒྲོལ་མའི་རྒྱུད་གསུངས་ཏེ་རྒྱ་གར་ནས་བོད་ཡུལ་དུ་དར་ཏེ་འོང་བ་ཡིན། རྒྱ་གར་འཕགས་པའི་ཡུལ་ནས་ཀྱང་མཁས་པ་དང་གྲུབ་པའི་སྐྱེས་བུ་དམ་པ་མང་པོས་རྗེ་བཙུན་སྒྲོལ་མ་ཉམས་སུ་བླངས་ཏེ་རྟོགས་པའི་གོ་འཕང་ཐོན་པོར་སོན་པ་དང་། སེམས་ཅན་ཕལ་བའི་ཀྱང་གསོལ་བ་བཏབ་སྟེ་ནད་གདོན་བར་ཆད་ལས་བསྒྲལ་བའི་ལོ་རྒྱུས་མང་པོ་ཡོད། བོད་ཡུལ་དུ་མཉམ་མེད་ཇོ་བོ་རྗེ་ནས་བཟུང་སྟེ་དར་བ་ཡིན། མཉམ་མེད་ཇོ་བོ་རྗེས་རྗེ་བཙུན་སྒྲོལ་མ་ཡི་དམ་གྱི་ལྷར་བཟུང་སྟེ་སྒྲོལ་མའི་ཞལ་མངོན་སུམ་དུ་གཟིགས་ཡོད་པ་དེ་འདྲ་ཡིན། ད་དུང་ཉི་མ་རེ་རེེ་ལའང་སྒྲོལ་མས་ཇོ་བོ་རྗེ་ལ་ཆོས་ཚིག་བཞི་རེ་གསུངས་ཏེ་བྱིན་གྱིས་བརླབས་པ་ཡིན། ཇོ་བོ་རྗེ་བོད་དུ་ཕེབས་ཏེ་རྗེ་བཙུན་སྒྲོལ་མའི་ཆོས་སྐོར་མང་པོ་གསུངས་པ་རེད། བོད་མི་ཐམས་ཅད་ཀྱང་འཕགས་པ་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ་ལ་ལས་འབྲེལ་གཏིང་ཟབ་མོ་ཡོད། བོད་མི་རྣམས་ཀྱིས་སྒྲོལ་མའི་བསྟོད་པ་མང་པོ་བཏོན་ཏེ་སྒྲོལ་མར་གསོལ་བ་འདེབས་པ་དང་། རྗེ་བཙུན་སྒྲོལ་མ་ཨ་མའི་ཚུལ་དུ་བཞག་སྟེ་སྐྱིད་སྡུག་ཡོད་ཚད་བཅོལ་བའི་ཨ་མ་ལྟ་བུ་ཡིན་པས་ན་ཨ་མ་སྒྲོལ་མ་ཞེས་འབོད་པ་འདི་བྱུང་བ་རེད། དེའི་འཕྲོར། བོད་ནང་དུ་རྗེ་བཙུན་སྒྲོལ་མ་ས་ཁྱབ་རྡོ་ཁྱབ་དུ་དར་བ་དང་། གྲུབ་མཐའི་ནང་ནས་རྙིང་མ་བཀའ་རྒྱུད་ས་སྐྱ་ཇོ་ནང་དགེ་ལུགས་སོགས་གྲུབ་མཐའ་གང་གིས་ཀྱང་སྒྲོལ་མ་མི་བསྒྲུབ་པ་དང་མི་འདོན་པ་གཅིག་ཀྱང་མེད་པས་བོད་མི་ཐམས་ཅད་ལ་ལས་འབྲེལ་ཡོད་པའི་ཡི་དམ་དང་གྲུབ་མཐའ་རུས་མེད་ཀྱི་ཡི་དམ་ལྷ་མཆོག་ཁྱད་པར་ཅན་ཞིག་ཡིན། ཡི་དམ་ཡིན་ནའང་རང་ལ་ལས་འབྲེལ་ཡོད་པའི་ཡི་དམ་སྒྲུབ་ན་མྱུར་བ་ཡིན། སྒྲོལ་མ་བཏོན་ན་ཕྱག་འཚལ་ཉེར་གཅིག་བཏོན་ན་འགྲིག་བསྡད་ཡོད་ནི་རེད། སྤྲུལ་གཞི་སྒྲོལ་ལྗང་གི་སྤྲུལ་བ་སྒྲོལ་མ་ཉེར་གཅིག་ཡོད་པས་དེ་རེ་རེ་ལའང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟོད་པ་ཚིག་བཞི་རེ་གསུངས་ཡོད་པ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ང་ཚོས་རྒྱུན་དུ་འདོན་བཞིན་པ་འདི་རེད། འདི་བཏོན་ན་སྤྲུལ་གཞི་སྒྲོལ་ལྗང་དང་སྤྲུལ་བ་སྒྲོལ་མ་ཉེར་གཅིག་བཏོན་པའི་ཕན་ཡོན་བསམ་གྱི་མི་ཁྱབ་པ་ཡོད། སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་གསུངས་པས་སྒྲོལ་མའི་བསྟོད་པའི་ཕན་ཡོན་ནང་དུ«བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་མྱུར་འཐོབ། ། འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། ། »ཞེས་གསུངས་པ་ནང་བཞིན་བུ་འདོད་པ་ལ་བུ་ཐོབ་པ་དང་ནོར་འདོད་པ་ལ་ནོར་ཐོབ་པ། འདོད་པ་ཐམས་ཅད་ཡོངས་སུ་འགྲུབ་པ། སྡུག་པ་ཐམས་ཅད་རང་སར་ཞི་བ་སོགས་ཕན་ཡོན་བསམ་གྱི་མི་ཁྱབ་པ་མང་པོ་ཡོད། སྒྲོལ་མ་ཉེར་གཅིག་གི་སྒོ་ནས་ཚེ་སྒྲུབ་དང་། ནད་གདོན་བར་ཆད་བཟློག་པ། བདུད་ཀྱི་རིགས་བཟློག་པའི་གཡུལ་བཟློག ཚོགས་བསོགས་བྱེད་པའི་མཎྜལ་བཞི་བ་དང་སྟོང་མཆོད། ནོར་སྒྲུབ་དང་རླུང་རྟ་སྤེལ་བའི་རླུང་རྟའི་ཀྭ་འཛུགས་སོགས་ལས་ཚོགས་མི་འདྲ་བ་ཉེར་གཅིག་ཡོད། ད་དུང་། ལས་ཚོགས་མི་འདྲ་བ་མང་པོ་ཞིག་བཤད་ཀྱི་ཡོད་ཀྱང་གཙོ་བོ་མི་རང་ཉིད་ཀྱིས་སྒྲོལ་མ་དང་ཏཱ་རེ་འདོན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བཀྲ་ཤིས་བདེ་ལེགས།