སྒྲོལ་མའི་མཎྜལ་བཞི་པའི་ཆོ་ག་ས་ལུགས་

ཡོང་ཁུངས་Wikipedia

༄༅། ། རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་པ་མཎྜལ་བཞི་པའི་ཆོ་གའི་སྐོར་བཞུགས་སོ།། ༄༅། །ན་མོ་གུ་རུ་ཝེ། སྲོད་དང་ཐོ་རངས་ལངས་པར་བྱས་ནས། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང༌། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཞེས་པ་ལ་བརྟེན་ནས་མཎྜལ་བཞི་པའི་གསོལ་བ་འདེབས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། དུས་དང༌། གནས་དང༌། རྟེན་དང་མཆོད་པ་བཤམ་པའོ། །དུས་ནི་བསོད་ནམས་གསོག་པ་ཡིན་ན་ཚེས་བརྒྱད་དམ་ཉ་སྟོང་ལྟ་བུ་ལ་བྱ། བར་ཆད་སེལ་ན་ནད་རིམས་དང༌། འདྲེ་དང་ཆོམ་རྐུན་ལ་སོགས་པ་དང༌། ཕ་རོལ་གྱི་དམག་ཚོགས་དང་རྨི་ལམ་ངན་པ་ལ་སོགས་པ་བྱུང་བའི་དུས་སུའོ། །འདོད་པའི་དོན་སྒྲུབ་ན་ནངས་པར་ལྟ་བུ་དོན་བསྒྲུབ་པའི་དོ་ནུབ་བྱ་སྟེ་དུས་སུའོ། །གནས་ནི་གཙུག་ལག་ཁང་ངམ་མཆོད་ཁང་ལ་སོགས་པ་ཉམས་དགའ་བར་བྱའོ། །རྟེན་ནི་བླ་མ་ཡི་དམ་སྤྱི་དང༌། དཀོན་མཆོག་གསུམ་གྱི་རྟེན་ལུགས་མ་དང་རས་བྲིས་ལ་སོགས་པ་ཅི་རིགས་པ་དགྲམ། རྗེ་བཙུན་མའི་སྐུ་ལུགས་མའམ་བྲིས་སྐུ་གང་རུང་ཞིག་བཞུགས་སུ་གཞུག་གོ །མཆོད་པ་ནི་སྟེང་དུ་བླ་རེ། རྔ་ཡབ་ལ་སོགས་པ་ཅི་རིགས་པས་བརྒྱན། མཎྜལ་ནི་རེ་གས་མཎྜལ་ཟླུམ་པོ་ཁོར་ཡུག་གཉིས་པ་བཞི་བྲིའོ། །ཡང་ན་ཤིང་ངམ་འཁར་བའི་མཎྜལ་བཞི། གཅིག་ལས་མེད་ནའང་བསྐྱར་ལ་དབུལ། མར་མེ་བཞི། ལྷ་བཤོས་བཞི། གྲུབ་ན་རེང་བུ་བཞི། ཡོན་ཆབ་དང༌། དྲི་མཆོག་རྣམས་གྲུབ་ན་བཞི་བཞི། མེད་ན་ཅི་རིགས་པ་བཤམ་མོ། །མེ་ཏོག་ནི་ཟངས་གཞོང་ལ་སོགས་པར་བསགས་ལ་གསོལ་བ་འདེབས་ཙ་ན་འཐོར་ཞིང་བྱའོ། །དངོས་གཞི་ལ་གསུམ་སྟེ། སྐྱབས་འགྲོ་སེམས་བསྐྱེད་བྱ་བ་དང༌། དཀོན་མཆོག་སྤྱི་ལ་གསོལ་བ་གདབ་པ་དང༌། རྗེ་བཙུན་མ་ལ་གསོལ་བ་གདབ་པའོ། །དང་པོ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་མ་ཐོབ་པར་དུ་བདག་སྐྱབས་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་ལ་དོན་ཡིད་ལ་བྱའོ། །གཉིས་པ་དཀོན་མཆོག་སྤྱི་ལ་མཆོད་པ་བྱ་བ་ནི། དང་པོ་བླ་མ་ལ་ཕྱག་བྱ། དེ་ནས་ཡི་དམ་ལ། དེ་ནས་བུདྡྷ་ལ། དེ་ནས་བྱང་སེམས་ལ་ཕྱག་བྱ། དེ་ནས་མཆོད་པ་དང་མཎྜལ་དང་པོ་དབུལ། ཡན་ལག་བདུན་པ་རྒྱས་པའམ་བསྡུས་པ་གང་རུང་པ་ཞིག་བྱས་ལ། འདོད་པའི་དོན་གང་བསྒྲུབ་པ་དེ་ལ་གསོལ་བ་དྲག་ཏུ་གདབ་བོ། །གསུམ་པ་རྗེ་བཙུན་མ་ལ་གསོལ་བ་གདབ་པ་ལ་གསུམ་སྟེ། དང་པོ་རྗེ་བཙུན་མའི་རྟེན་མདུན་དུ་བཤམས་ལ། དེའི་ཐུགས་ཀ་ནས་འོད་འཕྲོས་པས་པོ་ཏ་ལ་ནས་ཡེ་ཤེས་པ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ་མོ། །ཡང་ཐུགས་ཀ་ནས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེ་བཙུན་མའི་རྣམ་པར་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་མོས་པར་བྱས་ཏེ་ངག་ཏུ། གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱ་ཨུཏྤལ། །བསྣམས་མ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུ་རེ་ཡིས། །སྭཱ་ཧཱས་ཉོན་མོངས་ཞི་བར་མཛོད། །ཨོཾ་གྱི་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་ཁྱོད་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་ལས་ནི། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མ་རུ་གྱུར་པ་ཡི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། དེ་ནས་མཆོད་པ་དབུལ་བ་ནི་ངག་ཏུ། དྲི་མེད་གཙང་ཞིང་ཡན་ལག་བརྒྱད་ལྡན་ཆུ། །ཐང་སྐྱེས་ཆུ་སྐྱེས་ཆུ་ཆེན་མེ་ཏོག་བཅས། །དྲི་ཞིམ་ཡིད་འོང་མཆོད་ཡོན་དམ་པ་འདི། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་དབུ་ལ་མཆོད་འབུལ་མ། །པུཥྤེ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་དཀོན་མང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་པུཥྤེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཤངས་ལ་མཆོད་འབུལ་མ། །སྤོས་མ་དུད་ཀ་ཞལ་གཅིག་ཕྱག་གཉིས་མ། །ལྷན་སྐྱེས་སྦྱར་དང་ཡོངས་གྱུར་སྤོས་ཁང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་དྷཱུ་པེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྤྱན་ལ་མཆོད་འབུལ་མ། །དཱི་པཾ་དམར་སྐྱ་ཞལ་གཅིག་ཕྱག་གཉིས་མ། །ཉི་ཟླ་རིན་ཆེན་སྣང་གསལ་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཐུགས་ལ་མཆོད་འབུལ་མ། །དྲི་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །ཨ་གར་ཙནྡན་ག་པུར་དུང་ཆོས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་གནྡྷེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ལྗགས་ལ་མཆོད་འབུལ་མ། །རོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །རོ་དང་བཅུད་ལྡན་ལྷ་རྫས་ཞལ་ཟས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་ནཻ་ཝི་དྱ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྙན་ལ་མཆོད་འབུལ་མ། །སྒྲ་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། །པི་ཝང་གླིང་བུ་སིལ་སྙན་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །གུ་རུ་ཏཱ་རཱ་བཛྲ་ཤབྡ་པཱུ་ཛ་ཨཱཿཧཱུྃ། ས་གཞི་སྤོས་ཆུས་བྱུགས་ཤིང་ཆག་ཆག་བཏབ། །རི་རབ་གླིང་བཞིས་ལེགས་པར་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ནས་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྐྱེ་བར་ཤོག །གུ་རུ་ཏཱ་རཱ་བཛྲ་མཎྜལ་པཱུ་ཛ་ཨཱཿཧཱུྃ། དེ་ནས་སྒྲོལ་མ་ལ་བློ་བཀལ་བའི་དད་གུས་ཀྱི་བསམ་པ་རྩེ་གཅིག་པས་བསྟོད་པ་ཚར་གཉིས་གདོན། དེ་ནས་དགེ་སློང་མ་དཔལ་མོས་མཛད་པའི་ཡན་ལག་བདུན་པ་ཚར་གཅིག་བྱ་སྟེ། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དྭངས་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པའི། །རྒྱུ་དང་འབྲས་བུས་བསྡུས་པ་ཡི། །བསོད་ནམས་ལ་ནི་བདག་ཡི་རང༌། །སེམས་ཅན་རྣམས་ཀྱི་བསམ་པ་དང༌། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་པར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་པའི་ཡན་ལག་བདུན་པ་བྱའོ། །དེ་ནས་རང་དང་མདུན་གྱི་རྗེ་བཙུན་མ་དམིགས་པ་གསལ་བར་བྱས་ལ། རྩ་སྔགས་ཡི་གེ་བཅུ་པ་སུམ་བརྒྱ་བགྲང་ངོ༌། །དེའང་ནད་ཞི་བར་འདོད་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་གྲ་ཧེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད། དེ་བཞིན་དུ་གདོན་ཞི་བར་འདོད་ན། སརྦ་དུ་ཋཱན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད། བགེགས་ཞི་བར་འདོད་ན། སརྦ་བིགྷྣཱན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད། རིམས་ནད་ཞི་བར་འདོད་ན། སརྦ་ཛྭཱ་རེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། དུས་མིན་འཆི་བ་ལ། ཨ་ཀཱ་ལ་མྲྀ་ཏྱུ། ལྟས་ངན་པ་ལ། དུརྣི་མི་ཏེ། རྨི་ལམ་ངན་པ་ལ། དུརྶཱཔྣི། རྣམ་གཡེང་ལ། ཙིཏྟ་ཀུ་ལེ་བྷྱཿཞེས་བརྗོད། དགྲ་དང་ཆོམ་རྐུན་ཉེར་འཚེ་ཞི་བར་འདོད་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཨུ་པ་དྲ་བེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད། དེ་ནས་རྗེ་བཙུན་མ་ལ་རྩེ་གཅིག་ཏུ་དམིགས་ལ་ཡི་གེ་གཉིས་ཀྱི་སྦྱོར་བ་བླ་མ་ཁ་ཆེ་བའི་གདམས་ངག་ཏཱ་རེ་ཞེས་པ་སུམ་བརྒྱ་བརྗོད། དེ་ནས་མཎྜལ་ཕུལ་ལ་གསོལ་བ་གདབ་སྟེ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ནས་ཚོགས་གཉིས་ཡོངས་རྫོགས་ཏེ། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང༌། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ཡི། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང༌། །རྨི་ལམ་ངན་དང་མཚན་མ་ངན་པ་དང༌། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་ནས་བསམ་པའི་དོན་རྣམས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང༌། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང༌། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་བཞིན་འཕེལ་རྒྱས་མཛད་དུ་གསོལ། །ཞེས་གསོལ་བ་གདབ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བཀྲ་ཤིས་ནི། བདག་གིས་ཚེ་རབས་ཀུན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །རྗེ་བཙུན་མ་ལ་གསོལ་འདེབས་མཎྜལ་དང་མཆོད་པ་ཚར་གསུམ་དུ་དབུལ་བ་ལས་དང་པོའོ། །གཉིས་པ་ཕྱག་འཚལ་བ་ནི། འཇིག་རྟེན་གསུམ་མགོན་ཡུམ་གྱུར་སྤྱན་ཡངས་མ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །གཉིས་མེད་ཡེ་ཤེས་ངང་ལས་མ་གཡོས་ཀྱང༌། །ཐུགས་རྗེའི་དབང་གིས་འགྲོ་དོན་སྣ་ཚོགས་མཛད། །བྱམས་པའི་ཡུམ་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་མདོག་ལྗང་གུས་ཕྲིན་ལས་སྣ་ཚོགས་མཛད། །ཡོན་ཏན་རབ་རྒྱས་བཅུ་དྲུག་ལོན་པའི་ཚུལ། །འགྲོ་ལ་རབ་དགེས་ཞལ་ནི་འཛུམ་པ་དང༌། །ཞི་བའི་སྤྱན་གྱིས་འཇིག་རྟེན་གསུམ་ལ་གཟིགས། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །བྱང་སེམས་རང་བཞིན་ཟླ་བ་གདན་དུ་བཏིང༌། །ཉོན་མོངས་མི་སྐྱོད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྒྲིབ་པ་ཀུན་སྤངས་པདྨའི་གདན་ལ་བཞུགས། །ཟག་མེད་བདེ་རྒྱས་ཟླ་བའི་རྒྱབ་ཡོལ་ཅན། །ཟག་མེད་བདེ་བ་ཆེ་ལ་ཕྱག་འཚལ་ལོ། །ན་བཟའ་མཆོག་དང་རིན་ཆེན་དུ་མས་སྤྲས། །ཕྱག་གཡས་མཆོག་སྦྱིན་སྒྲུབ་ལ་དངོས་གྲུབ་སྟེར། །གཡོན་པས་ཨུཏྤལ་སྐྱོན་བྲལ་དག་པའི་རྟགས། །ཕྱག་གཉིས་ཐབས་དང་ཤེས་རབ་བཟུང་དུ་འབྲེལ། །མཐའ་བྲལ་ཟུང་འཇུག་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་གོང་མ་བཞིན་མཆོད་འབུལ་བྱས་ལ། བསྟོད་པ་ཚར་གསུམ་བཏོན་ལ། ཡན་ལག་བདུན་པ་ནས་བཀྲ་ཤིས་ཀྱི་བར་སྔར་དང་འདྲ། རྗེ་བཙུན་མའི་མཎྜལ་དང་མཆོད་པ་གཉིས་པའོ། །གསུམ་པ་ཕྱག་འཚལ་བ་ནི། ཐུགས་རྗེ་ཆེན་པོ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཕྱག་སྟོང་སྤྱན་སྟོང་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྨན་པའི་རྒྱལ་པོ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཐབས་མཁས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ས་ལྟར་བརྟན་གྱུར་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཆུ་ལྟར་བསིལ་གྱུར་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །མེ་ལྟར་སྨིན་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རླུང་ལྟར་རྒྱས་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་འཚལ། མཆོད་འབུལ་གོང་དང་འདྲ། དེ་ནས་བསྟོད་པ་ཚར་བདུན་གདོན། ཡན་ལག་བདུན་པ་སྔར་དང་འདྲ། དེ་ནས་རྩ་སྔགས་ལ་གང་ཞི་བར་འདོད་པའི་སྤེལ་ཚིག་བཏགས་ལ་སྟོང་དུ་ཁ་ཚང་བར་བྱ་བའི་ཕྱིར་བཞི་བརྒྱ་བགྲང་ངོ༌། །གོང་མ་བཞིན་ཡི་གེ་གཉིས་ཀྱི་སྦྱོར་བ་ཏཱ་རེ་ཞེས་པ་བཞི་བརྒྱ་བགྲང་ངོ༌། །དེ་ནས་མཎྜལ་ཐ་མ་དབུལ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན་ཞེས་པ་ནས། བཀྲ་ཤིས་ཀྱི་བར་སྔར་དང་འདྲ་སྟེ་མཎྜལ་བཞི་པའོ། །མཐར་མཆོད་འབུལ་བྱ་བ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་པ་དང༌། བཀྲ་ཤིས་ཀྱི་བར་ལ་ལོང་ཡོད་ཅིང་སྤྲོས་པ་ལ་དགའ་ན་དབྱངས་སུ་གྲུབ་ནའང་དགའོ། །མ་གྲུབ་ན་ཚིགས་བཅད་ཀྱིས་ཀྱང་བཏུབ་བོ། །མཇུག་དགེ་བ་བསྔོ་བ་ནི། བདག་གི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་སྐུ་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པ་མྱུར་དུ་ཐོབ་ནས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་གྱུར་ཅིག སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག སེམས་ཅན་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་ཟློ་བར་བྱེད་པའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསླབ་པའི་གཞི་མཐའ་དག་ལ་རྗེས་སུ་སློབ་ཅིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྤྱད་པ་ལ་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག སྒྲོལ་མའི་མཎྜལ་བཞི་པའི་གསོལ་འདེབས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའོ།། །། གཏོར་མ་བཞི་པ་བཤམས་པའི་དང་པོ་བཅོམ་ལྡན་འདས་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ལ་དབུལ། གཉིས་པ་ཆོས་སྐྱོང་ལ་ཕུལ་ལ་ཕྲིན་ལས་གཞོལ། གསུམ་པ་རིགས་དྲུག་ཀུན་ལ་སྦྱིན། བཞི་པ་གཞི་བདག་ལ་ཚིམས་པར་སྦྱིན་ནོ། །འདི་བྲིས་དགེ་བས་རྗེ་བཙུན་མ། །མཉེས་ནས་བདག་གི་སྡིག་སྒྲིབ་རྣམས། །བསལ་ནས་འགྲོ་བའི་དོན་དུ་ནི། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །མངྒ་ལཾ།། །།


སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བཀླག་ཆོག་མ་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། དཔལ་ལྡན་མར་གད་རྡུལ་བརྩེགས་ལྷུན་པོ་ནི། །རབ་མཛེས་མཚན་དཔེ་ཉི་མ་འབུམ་གྱི་གཟི། །མ་ལུས་འགྲོ་བ་ཀུན་གྱི་སྐྱབས་ཀྱི་གཙོ། །ལྷ་མཆོག་མྱུར་མ་དཔའ་མོས་འགྲོ་འདི་སྲུངས། །རྒྱལ་བ་ཀུན་གྱི་ཕྲིན་ལས་མ། །ཕོངས་པ་ལས་སྒྲོལ་སྒྲོལ་མ་ལ། །བཏུད་དེ་དེ་ཡི་བསྟོད་པ་ཡི། །ཆོ་ག་ལག་ལེན་བཞིན་དུ་བྲི། །འདི་ལ་སྦྱོར་དངོས་རྗེས་ཀྱི་དང་པོ་ལ་གསུམ་གྱི། དུས་ནི་བསོད་ནམས་གསོག་ན་ཚེས་བརྒྱད་ཉ་སྟོང་ལྟ་བུ། བར་ཆད་སེལ་ན་རིམས་འདྲེ་གདོན་ཕྱི་རོལ་གྱི་དམག་ཚོགས་རྨི་ལམ་ངན་པ་ལ་སོགས་བར་ཆད་བྱུང་བའི་དུས་སུ། འདོད་པ་སྒྲུབ་ན་ནངས་པར་ལྟ་བུ་དོན་བསྒྲུབ་པའི་དོ་ནུབ་བྱའོ། །གནས་ནི་གཙུག་ལག་ཁང་ངམ་ཉམས་དགའ་བའོ། །རྟེན་ནི་བླ་མ་ཡི་དམ་སྤྱི་དང་དཀོན་མཆོག་སྤྱིའི་ལུགས་སྐུའམ་རས་བྲིས་ལ་སོགས་པ་དང༌། རྗེ་བཙུན་མའི་ལུགས་སྐུའམ་རས་བྲིས་གང་རུང་བཞུགས་སུ་བཅུག མཆོད་པ་ནི་སྟེང་དུ་བླ་རེ་རྔ་ཡབ་ལ་སོགས་པས་བརྒྱན། མཎྜལ་རེ་ཁཱ་ཟླུམ་པོ་ཁོར་ཡུག་གཉིས་པ་བཞི་བྲི། ཚོམ་བུ་བདུན་དགོད། ཡང་ན་ཤིང་ངམ་འཁར་བ་རྡོ་སོགས་ཀྱིས་རུང༌། གཅིག་ལས་མེད་ཀྱང་བསྐྱར་ལ་དབུལ། མཆོད་ཡོན། མེ་ཏོག རེང་བུ། མར་མེ། དྲི་མཆོག ཞལ་ཟས་རྣམས་ཚན་པ་བཞི་བཞི་བཤམ། མ་འབྱོར་ན་ཅི་འབྱོར་དུ་བཤམ་ཞེས་གསུངས་པས་གཞན་རྣམས་ཁ་གསོ། ཞལ་ཟས་བཞི་དང་གཏོར་མ་གསུམ་མམ་གཅིག་ལ་བསྡུས་ཀྱང་རུང༌། མེ་ཏོག་ནི་ཟངས་གཞོང་སོགས་སུ་བཏེག་ནས་གསོལ་བ་འདེབས་དུས་སུ་འཐོར་རོ། །ཏིང་ཤག་གམ་དྲིལ་བུ་སོགས་ཀྱང་སྟ་གོན་བྱ། ཆབ་བླངས་ལ་སྟན་ལ་འདུག དངོས་གཞི་ལ་དཀོན་མཆོག་སྤྱི་དང༌། རྗེ་བཙུན་མ་ལ་གསོལ་བ་འདེབས་པ་གཉིས་ཀྱི་དང་པོ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་མཆོད་པ་བསང༌། ཨོཾ་སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨྃ་ལས་མཆོད་ཡོན། པཱྃ་ལས་ཞབས་བསིལ། བྃ་ལས་མེ་ཏོག །དྷཱྃ་ལས་བདུག་སྤོས། དཱྃ་ལས་མར་མེ། གྃ་ལས་དྲི་ཆབ། ནྃ་ལས་ཞལ་ཟས། ཤྃ་ལས་རོལ་མོ། ཧཱུྃ་ལས་མཆོད་རྫས་གཞན་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཞེས་སོ་སོའི་མིང་གི་ཡི་གེ་དང་པོ་ལས་མཆོད་རྫས་སོ་སོར་བསྐྱེད་པའམ། བསྡུ་ན། རིན་པོ་ཆེའི་སྣོད་དུ་ཞེས་པའི་མཐར། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་རྒྱ་དང་ཚད་ནམ་མཁའ་དང་མཉམ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏ། ནཱ་ད་སཾ་བྷ་ཝེ། བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱ་ཁཾ་སྭཱ་ཧཱ། རོལ་མོས་བྱིན་དབབ། སྐྱབས་འགྲོ་ནི། བདག་དང་འགྲོ་བ་སོགས་བཞི་སྐོར་བྱས་པས་ཆོག་གསུངས། རྗེས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །དུཿཁ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་པས་ཚད་མེད་པ་བཞི་བསྒོམ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །བླ་མ་བརྒྱུད་པ་ཡི་དམ་དཀོན་མཆོག་གསུམ་སོགས་དཔག་མེད་སྤྱན་དྲངས། མདུན་དུ་རིན་པོ་ཆེའི་ཁྲི་པད་ཟླའི་གདན་ལ་བཞུགས་པར་བསྒོམས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་གུས་ཕྱག་འཚལ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཐོབ་པ། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང༌། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང༌། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་ཕ་རོལ་ཏུ། །ཕོངས་གྱུར་འགྲོ་བ་མཐའ་དག་བསྐྱབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་པའི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱེད་ལ་ཕྱག་འཚལ་ལོ། །སྐུ་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་སུམ་ཅུ་གཉིས་མངའ་ཞིང༌། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང༌། །གང་དུ་བྱང་ཆུབ་ལ་རེག་དང༌། །ཞི་བའི་འཁོར་ལོ་བསྐོར་བ་དང༌། །ཟག་མེད་མྱ་ངན་འདས་ཕྱག་འཚལ། །བདེ་གཤེགས་གང་དུ་བཞུགས་པ་དང༌། །འཆགས་པ་དང་ནི་བཞེངས་པ་དང༌། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང༌། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང༌། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཐུགས་ལས་བསྐྱེད་བའི་སྲས། །བྱང་ཆུབ་སྤྱོད་པ་བླ་མེད་མཐར་ཕྱིན་པ། །ཤཱཀྱའི་རྒྱལ་པོའི་རྒྱལ་ཚབ་མཆོག་གྱུར་པ། །མགོན་པོ་མི་ཕམ་པ་ལ་ཕྱག་འཚལ་ལོ། །རྒ་ཤིའི་འཇིགས་སྤངས་གཞོན་ནུར་གྱུར་པ་དེ། །གཞན་དོན་དགྱེས་པས་ཞལ་རས་འཛུམ་པ་ཅན། །སྣ་ཚོགས་སྤྲུལ་མཛད་འོད་ཟེར་མཐའ་ཡས་པ། །བཅོམ་ལྡན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་རྗེ། །འགྲོ་བའི་སྡུག་བསྔལ་མ་ལུས་དཔྱིས་འབྱིན་པ། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །བརྩེ་བའི་ཐུགས་རྗེས་དབང་ཕྱུག་ཉིད་ཀྱི་སྐུ། །དྲང་སྲོང་ཆེན་པོའི་ཚུལ་དུ་བསྟན་ནས་ཀྱང༌། །འགྲོ་བའི་གདུང་བ་དྲག་པོ་སེལ་མཛད་པ། །བཅོམ་ལྡན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཉིད་ཀྱང་ཐུགས་རྗེའི་དབང་གིས་ན། །ལྷ་མོའི་ཚུལ་སྟོན་ཀུན་ནས་གསལ་བའི་སྐུ། །ཡིད་བཞིན་ནོར་བུ་པདྨ་ལེགས་བསྣམས་པ། །ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ལྷ་དང་ཀླུ་དབང་གྲུབ་པའི་ཅོད་པན་གྱི། །རིན་ཆེན་འོད་ཟེར་འཕྲོ་བས་གང་གི་ཞབས། །ཀུན་ནས་གསལ་བས་ཉི་མའང་ཟིལ་གནོན་པ། །ཕོངས་པ་ཀུན་སྐྱོབ་སྒྲོལ་མའི་ཞབས་ལ་འདུད། །བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨུཏྤལ་དབང་གི་ལྕགས་ཀྱུ་འཛིན། །བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་ལོ། །འགྲོ་བ་འཇིགས་པས་ཉེན་པ་བསྐྱབ་པའི་ཕྱིར། །བརྩེ་བས་འཇིགས་བྱེད་ཁྲོ་མོའི་སྐུར་བསྟན་ནས། །དབུགས་འབྱིན་མཛད་ཅིང་དངོས་གྲུབ་མཆོག་སྩོལ་མ། །སྒྲོལ་མ་དྲག་མོ་འདུལ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །མར་གད་མདོག་མཚུངས་ཉི་མ་ལྟ་བུར་གསལ། །ཉོན་མོངས་དུག་འཇོམས་རྨ་བྱའི་མཇུག་སྒྲོ་དང༌། །དངོས་གྲུབ་ཀུན་སྩོལ་བདུད་རྩིའི་བུམ་པ་འཛིན། །རྨ་བྱ་ཆེན་མོའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །བར་དུ་གཅོད་པ་ཀུན་ལས་གྲོལ་འགྱུར་ཞིང༌། །དྲི་མེད་བདེ་བ་ཆེན་པོ་ཐོབ་མཛད་པ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་བརྗིད་པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེའི་ཞགས་པ་བསྣམས། །ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །དཔལ་ཆེན་ནམ་མཁའི་མདོག་གི་མདངས་ལྡན་ཞིང༌། །དུས་མཐའི་སྤྲིན་ལྟར་ཧཱུྃ་གི་འབྲུག་སྟོང་ཆེམས། །འབར་བའི་རྡོ་རྗེས་བགེགས་ཀྱི་ཀླད་འགེམས་པ། །ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །མ་ལུས་རྒྱལ་བའི་གཉིས་མེད་ཡེ་ཤེས་ལས། །ཉེ་བར་བསྒྲུབས་པའི་མཐུ་སྟོབས་རྡོ་རྗེ་ཡིས། །བགེགས་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་བྱེད་པ། །དཔའ་ཆེན་རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་གདུག་པ་འདུལ་ཕྱིར་རབ་ཁྲོས་པ། །བྱེ་རུའི་མདོག་མཚུངས་པདྨའི་དབྱུག་ཏོ་འཛིན། །རྟ་མཆོག་ཞལ་གྱིས་དགྲ་ཡི་དཔུང་འཇོམས་པ། །ཁྲོ་རྒྱལ་རྟ་མགྲིན་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་གསུང་རབ་རྒྱ་མཚོ་ཡི། །རྣམ་པར་འཕྲུལ་པའི་དཔལ་ལས་ལེགས་བྱུང་ཞིང༌། །སྒྲུབ་པ་པོ་ལ་བློ་གྲོས་མཆོག་སྟེར་བ། །ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །འབྱུང་ལྔའི་མདོག་ཅན་འབྱུང་ཆེན་ལྔ་ལ་དབང༌། །ཀུན་ཏུ་སྒྱུར་བྱེད་རྡོ་རྗེའི་འདབ་གཤོག་ཅན། །ཀླུ་ཡི་དཔལ་འཕྲོག་ལྷ་མིའི་དཔལ་གྱུར་པ། །རྡོ་རྗེ་ནམ་མཁའ་ལྡིང་ལ་ཕྱག་འཚལ་ལོ། །གང་གིས་འཕྲུལ་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྲུང་བ། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ནས། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པ། །ནོར་སྦྱིན་རྣམས་ལ་བསྟོད་ཅིང་ཕྱག་འཚལ་ལོ། །དགྲ་བཅོམ་བློ་མཆོག་དབང་པོ་ཀུན་དུལ་བ། །བསྟན་པའི་སྲིད་དུ་ལེགས་པར་བརྟན་བཞུགས་ནས། །བསྟན་པ་འཛིན་དང་སྐྱོང་དང་སྲུང་མཛད་པ། །འཕགས་པ་གནས་བརྟན་བཅུ་དྲུག་བཞུགས་པ་ནི། །གནས་བརྟན་བྷ་ར་དྷཱ་ཛ་བསོད་སྙོམས་ལེན། །འཕགས་པ་གསེར་ཅན་བ་ཀུ་ལ་དང་ནི། །གནས་བརྟན་ལམ་བརྟན་རྡོ་རྗེ་མོ་ཡི་བུ། །འཕགས་པ་སྦེད་བྱེད་སྒྲ་གཅན་འཛིན་དང་ནི། །ཀླུ་ཡི་སྡེ་དང་གནས་བརྟན་ཡན་ལག་འབྱུང༌། །ནགས་ན་གནས་དང་དགྲ་བཅོམ་མ་ཕམ་པ། །ལམ་ཕྲན་བརྟན་དང་གསེར་ཕྲེང་མི་ཕྱེད་པ། །དུས་ལྡན་བཟང་པོ་ཞེས་བྱ་ལ་ཕྱག་འཚལ། །འཛམ་བུ་གླིང་དུ་བསྟན་པའི་སྲོག་ཤིང་བཙུགས། །ཁ་བ་ཅན་འདིར་ཆོས་ཀྱི་སྒྲོན་མེ་སྦར། །ངུར་སྨིག་འཛིན་པ་ཤཱཀྱའི་སྲས་ཀྱི་གཙོ། །མཁན་ཆེན་ཞི་བ་འཚོ་ལ་ཕྱག་འཚལ་ལོ། །རང་དོན་ཡལ་བར་དོར་ནས་གཞན་གྱི་དོན། །ལྷུར་མཛད་དེ་ནི་གངས་ཅན་འགྲོ་བའི་དཔལ། །དངོས་སམ་བརྒྱུད་པས་གཞན་གྱི་དོན་མཛད་པ། །དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །ས་ཆེན་འདི་ན་ངོ་མཚར་རྣམ་མང་ཡང༌། །རྒྱ་གར་ཁ་ཆེ་རྒྱ་ནག་བལ་བོད་ལི། །ཡུལ་གང་ན་ཡང་མཚུངས་མེད་ཆོས་ཀྱི་རྗེ། །འཛམ་གླིང་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་པ་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་གྱིས་ཡན་ལག་བདུན་པ་བྱ། དེ་ནས། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་སུ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གིས་བསྐོར་བ། ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་ ༼ཚིགས་བཅད་འདི་དཔེ་ཕལ་ཆེར་དུ་འོག་གི་མཎྜལ་ཚིག་ལྷུག་པའི་མཇུག །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའི་མཚམས་སུ་སྣང༌།༽གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ། མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་གུ་རུ་ཏྲི་རཏྣ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ་ཞེས་བརྗོད། སྟན་བདེ་བ་ལ་འདུག་སྟེ་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་བཞིན་པས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནས། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ་ཞེས་བརྗོད། དེ་ནས་མཎྜལ་ལ་སོགས་པ་ཡོད་ན་ཕུལ། མེད་ན་མེ་ཏོག་ཐོགས་ལ་ཐལ་མོ་སྦྱར་ནས་སྐབས་སྐབས་སུ་འཐོར་ཞིང༌། ཕྱོགས་བཅུ་ན་བཞུགས་པའི་བླ་མ་དང་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ། བླ་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ། ད་ལྟར་བསྟན་པ་འཛིན་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ་རྣམ་པར་དཀར་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པ། སེམས་ཅན་རྣམས་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་ཤིང༌། བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་ནས་འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་ལ་གནས་ཏེ། དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པའི་སྐལ་བ་དང་ལྡན་པ། འཇིག་རྟེན་ཏུ་ཆར་ཆུ་དུས་སུ་ཕེབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པ། ནད་དང་འཁྲུག་པ་མུ་གེ་མེད་ཅིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ། ཁྱད་པར་སྦྱིན་བདག་འཁོར་བཅས་ཀྱི་ནད་གདོན་བར་ཆད་ཞི། ཚེ་དང་བསོད་ནམས་འཕེལ། དཔལ་དང་འབྱོར་པ་རྒྱས། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། མེ་ཏོག་འཐོར་བཞིན་པས། ཚེ་རིང་ནད་མེད་འབྱོར་ལྡན་ཞིང༌། །འགྲོ་ཀུན་རྟག་ཏུ་འདུན་པ་དང༌། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་སླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བ་ཡི། །ཡིད་ལ་འདོད་པ་ཀུན་གྲུབ་ཤོག །ཅེས་པས་གསོལ་བ་བཏབ་པ་ནི་མཎྜལ་དང་པོ་བླ་མ་དཀོན་མཆོག་ལ་དབུལ་བའི་ཆོ་གའོ། །མཎྜལ་གཉིས་པ་རྗེ་བཙུན་མར་མཎྜལ་གསུམ་འབུལ་བའི་དང་པོ་ནི། མདུན་ན་རྗེ་བཙུན་མའི་རྟེན་ཡོད་ན། ཡཀྵས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་དང༌། རྟེན་མེད་ན་རང་གི་མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་སྟེ་གང་ལྟར་ཡང༌། ཏཱྃ་ཡིག་ལྗང་གུ་ལས་གྱུར་པའི་རྗེ་བཙུན་མ་སྒྲོལ་མ་ལྗང་གུ་གཡས་མཆོག་སྦྱིན། གཡོན་ཨུཏྤ་ལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་ནས་སྙན་གྱི་ཐད་ཀར་ཁ་བྱེ་བ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན། ཞབས་གཡས་བརྐྱང་གཡོན་བསྐུམ་པ། ཟླ་བའི་རྒྱབ་ཡོལ་དང་འོད་དཔག་མེད་ཀྱི་ཅོད་པན་ཅན། ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པ། འོད་ཟེར་སྣ་ཚོགས་འཕྲོ་བ་དང་བཅས་པར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་པོ་ཏ་ལ་ནས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་མཐར་ཐལ་མོ་སྦྱར་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་སོགས་ནས། ཡོངས་བདག་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། པོ་ཏ་ལ་ཡི་གནས་མཆོག་ནས། །ཏཱྃ་ཡིག་ལྗང་གུ་ལས་འཁྲུངས་ཤིང༌། །འོད་དཔག་མེད་པས་དབུ་ལ་བརྒྱན། །དུས་གསུམ་སངས་རྒྱས་ཕྲིན་ལས་མ། །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཞེས་བརྗོད་མདུན་དུ་བཞུགས་པ་ལ། བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་བྱོན་ཚུར་བྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་པས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ལ། ཁྱེད་ཀྱི་རང་བཞིན་ཡང་དག་པས། །སྲིད་པའི་འཆིང་བ་མི་མངའ་ཡང༌། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །སྤྲོ་ན། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་གིས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་གཟའ་ཤིན་ཏུ་དྲི་ཞིམ་དམ་པ་དང༌། །གོས་བཟང་སྲབ་ལ་འཇམ་མཛེས་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ཨོཾ་བཛྲ་ཝསྟྲ་ཨ་ལཾ་ཀཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་གིས་གོས་རྒྱན་དང༌། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་བཛྲ་ཨཱ་ས་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མེ་ཏོག་གཏོར་ནས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ་ཞེས་པས་མཆོད། ཛཿཧཱུྃ་བཾ་ཧོཿརྗེ་བཙུན་མ་ལ་ཐིམ་པས་དེ་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་མོས་ལ། གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་ ་་་་་དཔེ་ཁ་ཅིག་ལ་བར་འདིར་གནས་གསུམ་བྱིན་རླབས་སྤྱི་ལྟར་སྣང་ནའང་རྗེ་བཙུན་ཆེན་པོའི་ཡིག་ཆར་མི་གསལ། སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱ་ཨུཏྤ་ལ། །བསྣམས་མ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུ་རེ་ཡིས། །སྭཱ་ཧཱས་ཉོན་མོངས་ཞི་བར་མཛད། །ཨོཾ་གྱི་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་ཁྱོད་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་ལས་ནི། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མ་རུ་གྱུར་པ་ཡི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་གཉིས་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱས་ཏེ་སྟན་ལ་འདུག་ནས་མཆོད་པ་གསར་པ་བརྗེ་བའམ་ཡང་ན་ཁ་གསོས་ལ། བསང་སྦྱང་བྱིན་རླབས་གོང་བཞིན་ལས་བསྡུ་ན་དྷརྨཱ་ར་ཎི་ཏ་མི་དགོས་སོ། །དེ་ནས། དྲི་མེད་གཙང་ཞིང་ཡན་ལག་བརྒྱད་ལྡན་ཆུ། །ཐང་སྐྱེས་ཆུ་སྐྱེས་ཆུ་ཆེན་མེ་ཏོག་བཅས། །དྲི་ཞིམ་ཡིད་འོང་ལྡན་པའི་མཆོད་ཡོན་འདི། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་དབུ་ལ་མཆོད་འབུལ་མ། །པུཥྤེ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་དཀོན་མང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་པུཥྤཱེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཤངས་ལ་མཆོད་འབུལ་མ། །སྤོས་མ་དུད་ཀ་ཞལ་གཅིག་ཕྱག་གཉིས་མ། །ལྷན་སྐྱེས་སྦྱར་དང་ཡོངས་གྱུར་སྤོས་ཁང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་དྷཱུ་པེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྤྱན་ལ་མཆོད་འབུལ་མ། །དཱི་པཾ་དམར་སྐྱ་ཞལ་གཅིག་ཕྱག་གཉིས་མ། །ཉི་ཟླ་རིན་ཆེན་སྣང་གསལ་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཐུགས་ལ་མཆོད་འབུལ་མ། །དྲི་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །ཨ་གར་ཙནྡན་ག་བུར་དུང་ཆོས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་གནྡྷེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ལྗགས་ལ་མཆོད་འབུལ་མ། །རོ་མ་དམར་པོ་ཞལ་གཅིག་ཕྱག་གཉིས་མ། །རོ་དང་བཅུད་ལྡན་ལྷ་རྫས་ཞལ་ཟས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝ་ར་ནཻ་ཝི་དྱ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྙན་ལ་མཆོད་འབུལ་མ། །སྒྲ་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། །པི་ཝང་གླིང་བུ་སིལ་སྙན་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ར་ཤབྡ་པཱུ་ཛ་ཨཱཿཧཱུྃ་རོལ་མོ་བྱ་སྟེ་མཆོད་པ་དང༌། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྐྱེ་བར་ཤོག །ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ་སོགས་མཎྜལ་ཚོམ་བུ་བདུན་མ་ལས། ཁྱད་པར་འདི་ཉིད་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་གུ་རུ་ཏཱ་རཱ་བཛྲ་མཎྜལ་པཱུ་ཛ་ཨཱཿཧཱུྃ་གིས་མཎྜལ་དབུལ། དེ་ནས་རྗེ་བཙུན་མ་ལ་ཡིད་རྩེ་གཅིག་ཏུ་གཏད་དེ་ཕྱག་འཚལ་ཉེར་གཅིག་གི་ཕན་ཡོན་དྲན་པས། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ་སོགས་ནས། འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང༌། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཅེས་པའི་བར་གྱིས་བསྟོད་པ་ཚར་གཉིས་འདོན་ཞིང་ཕྱག་བྱས་ནས་སྟན་ལ་འདུག་སྟེ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་སོགས་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག་ཅེས་པ་དགེ་སློང་མ་དཔལ་མོས་མཛད་པའི་ཡན་ལག་བདུན་པ་བྱས་ནས། རྗེ་བཙུན་མའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་ཡིག་ལྗང་གུའི་མཐར་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པས་བསྐོར་བ་ལས་འོད་འཕྲོས་པས་བདག་སོགས་ཀྱི་ནད་གདོན་ཐམས་ཅད་ཞི་བར་བྱས། ཚེ་དང་བསོད་ནམས་རྒྱས་པར་བྱས་པར་དམིགས་ནས། འདོད་པའི་དོན་གང་ཡིན་པ་དེ་ཡིད་ཡུལ་དུ་བྱས་ཏེ་ཡི་གེ་བཅུ་པ་སུམ་བརྒྱ་བགྲང༌། ཡི་གེ་གཉིས་ཀྱི་སྦྱོར་བ་ཞེས་པ། ཏཱ་རེ་ཞེས་པའང་སུམ་བརྒྱ་བཟླ། འདི་ནི་ཐུན་མོང་གི་འདོད་དོན་ཞུ་བའི་དབང་དུ་བྱས་ལ། དམིགས་བསལ་གྱི་དོན་ཞུ་བའི་ཆེད་དུ་བྱེད་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཞེས་པའི་མཚམས་སུ་ནད་ཞི་བ་ལ། སརྦ་གྲ་ཧེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། གདོན་ལ། སརྦ་དུཥྚཱན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། བགེགས་ལ། སརྦ་བིགྷྣཱན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རིམས་ལ། སརྦ་ཛྭཱ་རེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཉེར་འཚེ་ལ། སརྦ་ཨུ་པ་དྲ་བེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། དུས་མ་ཡིན་པར་འཆི་བ་ལ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྟས་ངན་པ་ལ། སརྦ་དུརྣི་མི་ཏེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྨི་ལམ་ངན་པ་ལ། སརྦ་དུར་སྭཔྣི་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྣམ་གཡེང་ལ། སརྦ་ཙིཏྟ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཀུན་ལ་སྦྱར་བའི་སྤེལ་ཚིག་ཅན་དང༌། ཏཱ་རེ་ཞེས་པ་སུམ་བརྒྱ་བརྗོད་དོ། །ཐུན་མོང་བ་དང་ཁྱད་པར་གཉིས་གང་བཟླས་ཀྱང༌། དེ་ནས་ས་གཞི་སྤོས་ཆུས་སོགས་དང༌། ཨོཾ་བཛྲ་བྷུ་མི་སོགས་མཎྜལ་སྔར་ལྟར་འབུལ། དེ་ནས་མེ་ཏོག་འཐོར་ཞིང༌། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི་སོགས་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད་ཅེས་གསོལ་བ་གདབ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །ཅེས་པས་སྨོན་ལམ་དང༌། བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །ཅེས་པས་བཀྲ་ཤིས་བརྗོད། མེ་ཏོག་གཏོར་ལ། རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ཞེས་སོགས་གོང་ལྟར་བརྗོད་པ་ནི་སྤྱིའི་མཎྜལ་གཉིས་པའོ། །རྗེ་བཙུན་མར་མཎྜལ་གསུམ་འབུལ་བའི་གཉིས་པ་ནི། ཡང་མཆོད་པ་རྣམས་བསང་སྦྱང་བྱིན་རླབས་གོང་བཞིན་ལས། འཇིག་རྟེན་གསུམ་མགོན་ཡུམ་གྱུར་སྤྱན་ཡངས་པ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །གཉིས་མེད་ཡེ་ཤེས་ངང་ལས་མ་གཡོས་ཀྱང༌། །ཐུགས་རྗེའི་དབང་གིས་ཕྲིན་ལས་སྣ་ཚོགས་མཛད། །བྱམས་པའི་ཡུམ་གྱུར་ཁྱེད་ལ་ཕྱག་འཚལ་ལོ། །སྐུ་མདོག་ལྗང་གུ་ཕྲིན་ལས་སྣ་ཚོགས་མཛད། །ཡོན་ཏན་རབ་རྒྱས་བཅུ་དྲུག་ལོན་པའི་ཚུལ། །འགྲོ་ལ་རབ་དགྱེས་ཞལ་ནི་འཛུམ་པ་དང༌། །ཞི་བའི་སྤྱན་ནི་འཇིག་རྟེན་གསུམ་ལ་གཟིགས། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་ཕྱག་འཚལ་ལོ། །བྱང་སེམས་རང་བཞིན་ཟླ་བ་གདན་དུ་བཏིང༌། །ཉོན་མོངས་མི་བསྐྱོད་རྡོ་རྗེའི་སྐྱིལ་ཀྲུང་བཅས། །སྒྲིབ་པ་ཀུན་སྤངས་པདྨའི་གདན་ལ་བཞུགས། །ཟག་མེད་བདེ་རྒྱས་ཟླ་བའི་རྒྱབ་ཡོལ་ཅན། །ཟག་མེད་བདེ་བ་ཆེ་ལ་ཕྱག་འཚལ་ལོ། །ན་བཟའ་མཆོག་དང་རིན་ཆེན་དུ་མས་སྤྲས། །ཕྱག་གཡས་མཆོག་སྦྱིན་སྒྲུབ་ལ་དངོས་སྒྲུབ་སྟེར། །གཡོན་པས་ཨུཏྤལ་སྐྱོན་བྲལ་དག་པའི་རྟགས། །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །མཐའ་བྲལ་ཟུང་འཇུག་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་འཚལ། དྲི་མེད་གཙང་ཞིང་སོགས་ནས། མཎྜལ་བཤམས་ནས་འབུལ་བའི་བར་གོང་བཞིན་དང༌། དེ་ནས། ཨོཾ་རྗེ་བཙུན་མ་སོགས་ནས། ཉི་ཤུ་རྩ་གཅིག་ཅེས་པའི་བར་བསྟོད་པ་ཚར་གསུམ་དང་ཕྱག་བྱ་ཞིང་བདུན་རྣམ་དག་དང༌། ཡི་གེ་བཅུ་པ་སུམ་བརྒྱ་དང༌། ཏཱ་རེ་ཞེས་པ་སུམ་བརྒྱ་དང༌། དམིགས་བསལ་གྱི་འདོད་དོན་ཞུ་བའི་བཟླས་པའང་འདྲ། ས་གཞི་སྤོས་ཆུས་བྱུགས་སོགས་དང་མཎྜལ་འབུལ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན་སོགས་ནས་བཀྲ་ཤིས་ཤོག་གི་བར་སྔར་བཞིན་བརྗོད་པ་ནི་སྤྱིའི་མཎྜལ་གསུམ་པའོ། །རྗེ་བཙུན་མར་མཎྜལ་འབུལ་བའི་གསུམ་པ་ནི། ཡང་མཆོད་པ་རྣམས་ཁ་གསོ་བསང་སྦྱང་བྱིན་རླབས་བྱས་ནས། ཐུགས་རྗེ་ཆེན་པོ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཕྱག་སྟོང་སྤྱན་སྟོང་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྨན་པའི་རྒྱལ་པོ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྨན་ལྟར་ནད་འཇོམས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཐབས་མཁས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ས་ལྟར་བརྟན་གྱུར་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཆུ་ལྟར་བསིལ་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །མེ་ལྟར་སྨིན་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རླུང་ལྟར་རྒྱས་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་ལྡན། །གསུང་གི་སྐྱོན་སྤངས་ཀ་ལ་པིང་ཀའི་དབྱངས། །ཐུགས་ཀྱི་སྐྱོན་སྤངས་ཤེས་བྱ་མ་ལུས་མཁྱེན། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། དྲི་མེད་གཙང་ཞིང་སོགས་ནས་མཎྜལ་བཤམས་པ་འབུལ་བ་ནས་གསོལ་བ་གདབ་པའི་བར་སྔར་བཞིན་འདྲ་བ་ལས། བསྟོད་པ་ཕྱག་འཚལ་ཉེར་གཅིག་ཚར་བདུན་འདོན་ཞིང་ཕྱག་བྱ། དེ་ནས་ཕན་ཡོན་དང་ཡན་ལག་བདུན་པ་སྔར་བཞིན་གྱི། འདྲེན་པའི་དཔལ་དུ་བདག་གྱུར་ཅིག་ཅེས་པ་ནས་ཡི་གེ་བཅུ་པ་དང༌། ཏཱ་རེ་སྟེ་སྔགས་གཉིས་པོ་བཞི་བརྒྱ་བགྲང་ངོ༌། །སྔགས་སྤེལ་ཚིག་ཅན་ཡང་འདྲ། དེ་ནས་མེ་ཏོག་འཐོར་བཞིན་པས་རྗེ་བཙུན་བཅོམ་ལྡན་འདས་མ་སོགས་ནས་བཀྲ་ཤིས་ཤོག་གི་བར་བརྗོད་པ་དང༌། ཁྱད་པར་དུ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་བདག་ལ་དགོངས་སུ་གསོལ། ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཞེས་སོགས་གོང་ལྟར་བརྗོད་པ་ནི་མཎྜལ་བཞི་པའོ། །རྗེས་ལ་གཏོར་མ་བསྔོ་བ། གཏང་རག་གི་མཆོད་པ། དགེ་བ་བསྔོ་བ། ལྷག་ཆད་སྐོང་བ། བཟོད་པར་གསོལ་བ། གཤེགས་སུ་གསོལ་བ། བཀྲ་ཤིས་བརྗོད་པའོ། །དང་པོ་ནི། གཏོར་མ་བཞི་བཤམས་པ་ཆབ་ཀྱིས་བྲན་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་ཏེ་ལྷ་རྫས་ཀྱི་ཞལ་ཟས་སུ་བསྐྱེད་དེ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་པའི་དང་པོ། ན་མཿསརྦ་བུདྡྷ་བོདྷི་ས་ཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏཱི་མཧཱ་སཏྭ་སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ། མཱ་བི་ལཾ་བ། མཱ་བི་ལཾ་བ། ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ལ། ཧཱུྃ་ཧཱུྃ། སརྦ་བི་སཉྩ་རེ་སྭཱ་ཧཱ། ཞེས་གསུམ་མམ་ལྔས་རྗེ་བཙུན་མ་ལ་འབུལ། ཨརྒྷཾ་ལ་སོགས་པས་མཆོད། ལྷ་དང་ལྷ་མིན་སོགས་ཤློ་ཀ་གཅིག་གིས་བསྟོད། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཁྱེད་ལ་མཁྱེན་པའི་ཡེ་ཤེས་སོགས་སྔར་བཞིན་གསོལ་བ་བཏབ། གཏོར་མ་གཉིས་པ་འབྲུ་གསུམ་བརྗོད་པས་བྱིན་གྱིས་བརླབ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ། ཞེས་པ་གསུམ་མམ་ལྔས་ཆོས་སྐྱོང་སྤྱི་ལ་ཕུལ་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཁྱད་པར་ཅན་རྣམས་ལ་འབུལ་ལོ། བདེ་བར་གཤེགས་པའི་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མ་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་སོགས་ཀྱི་རྗེས་སུ། བདེ་བླག་ཏུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག་ཅེས་བརྗོད་དོ། །གསུམ་པ་ནི་ཡང་འབྲུ་གསུམ་དང༌། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་པས་དེ་བཞིན་གཤེགས་པ་བཞི་ལ་ཕྱག་བྱས་ལ། ཨ་ཀཱ་རོའམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་མམ་ལྔས་གཏོར་མ་བྱིན་ལ་རྗེས་སུ། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་ཙམ་མམ། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དྭངས་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་པས་ཆོས་ཀྱི་སྦྱིན་པ་བྱིན་ལ། གཏོར་མ་འདིས་འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ་སྐྱེ་བ་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཟས་སྐོམ་བདུད་རྩིའི་ཆར་ཆེན་བབས། ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་བོ། །བཞི་པ་ནི་ཡང་འབྲུ་གསུམ་དང༌། ཨ་ཀཱ་རོས་གཞི་བདག་ལ་བསྔོས་ལ། སྡིག་པ་ཅི་ཡང་མི་བྱ་སོགས་ཆོས་སྦྱིན་བྱིན་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གནས་བདག་གཞི་བདག་ཡུལ་བདག་གྲོང་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་ཞིང༌། བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་བཅས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད། ཅེས་བརྗོད་དོ། །གཉིས་པ་ནི། བླ་མ་དཀོན་མཆོག་གི་བསྟོད་པ་བསྡུས་པའི་རྗེས་སུ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་དང༌། སྐྱབས་གནས་དམ་པ་རྣམས་ལ་ཕྱག་འཚལ་ཞིང༌། །ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་གྱིས་མཆོད། །ཐོག་མེད་འཁོར་བར་བསགས་པའི་སྡིག་པ་བཤགས། །ལེགས་བྱས་བསོད་ནམས་ཀུན་ལ་རྗེས་ཡི་རང༌། །སྲས་བཅས་རྒྱལ་བར་ཆོས་འཁོར་བསྐོར་བར་བསྐུལ། །དེ་དག་མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་ཚོགས་འགྲོ་བས་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་པས་ཡན་ལག་བདུན་པ་དང༌། སྤྲོ་ན། བདག་གིས་བཅོམ་ལྡན་ཁྱེད་སྐུ་ལེགས་བསྒོམས་ཤིང༌། །མཐུ་ཆེན་གཟུངས་སྔགས་འབད་པས་བཟླས་པ་དང༌། །གུས་པས་མཆོད་ཅིང་གསོལ་བ་བཏབ་པའི་མཐུས་སོགས་ནས། འགྲོ་བ་ཚེ་ཡི་དབུལ་བ་སེལ་གྱུར་ཅིག །ཅེས་དང༌། འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ་སོགས་ནས། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག་ཅེས་པའི་བར་གང་རུང་འདོན། མི་ནུས་ན་གོང་ལྟར། ཚེ་རིང་ནད་མེད་སོགས། ཐབས་དང་སྐྱབས་དང་སོགས། རྫོགས་པའི་བྱང་ཆུབ་སོགས། ཁྱོད་ལ་བསྟོད་ཅིང་སོགས། བཤེས་གཉེན་གྲོགས་མཆོག་སོགས་དང༌། བདག་གིས་སྔར་ཡང་ཁྱེད་ལ་གསོལ་བཏབ་པས། །དོན་དེ་བདེ་བླག་ཉིད་དུ་སྩལ་ལགས་ཀྱིས། །ད་དུང་སྒྲོལ་མས་རྗེས་སུ་བཟུང་གྱུར་ནས། །ཉེ་བར་འཚེ་བ་ཐམས་ཅད་ཞི་བ་དང༌། །སྐྱེ་བ་ཀུན་ཏུ་བསྟན་ལ་ལེགས་ཞུགས་ནས། །ཡང་དག་བསྟན་པ་རབ་ཏུ་རྒྱས་བྱེད་ཅིང༌། །ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ནས། །རྒྱལ་བའི་ཕྲིན་ལས་ཀུན་ལ་དབང་འབྱོར་ཤོག །ཅེས་པས་གསོལ་བ་གདབ། གསུམ་པ་ནི། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་འདི་ལྟར་བསྒྲུབས་པའི་དགེ་བ་འདིས་མཚོན་ཏེ། རང་གཞན་འཁོར་འདས་ཀྱི་དགེ་བའི་རྩ་བ་རྣམས་ཀྱི་མཐུ་ལ་བརྟེན་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ཐོབ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་གྱུར་ཅིག སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག སེམས་ཅན་མ་གྲོལ་བ་རྣམས་གྲོལ་བར་བྱེད་པའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག སེམས་ཅན་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསླབ་པའི་གཞི་མཐའ་དག་ལ་སློབ་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་བྱེད་པའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག་ཅེས་བརྗོད། བཞི་པ་ནི། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་འདོན་པའོ། །ལྔ་པ་ནི། མ་འབྱོར་པ་དང་སོགས། དེ་ཀུན་མགོན་པོས་བཟོད་པར་མཛོད་ཅེས་པའི་རྗེས་སུ། བདག་ཅག་སོ་སོའི་སྐྱེ་བོ་བསམ་པ་ཉོན་མོངས་པ་ཅན་དུ་གྱུར་པའི་དབང་གིས་ཏིང་ངེ་འཛིན་མ་གསལ་ཞིང་བྱིང་རྒོད་ཀྱི་དབང་དུ་གྱུར་པ་དང༌། ཡོ་བྱད་ལ་དབང་མ་ཐོབ་པས། མཆོད་པའི་དངོས་པོ་ཆུང་ཞིང་ངན་པ། གཙང་སྦྲས་མ་ཕྱེད་པ། ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ། ནོངས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ་བཟོད་པར་གསོལ་ལོ། །བདག་ཅག་ལ་འཕྲལ་དང་ཡུན་དུ་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད་དོ། །དྲུག་པ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ནས། སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿཡེ་ཤེས་པ་རང་བཞིན་གྱི་གནས་སམ་པོ་ཏ་ལར་གཤེགས་པར་བསྒོམ་པའམ། མདུན་གྱི་རྟེན་ཡོད་ན་ནོངས་པ་བཟོད་གསོལ་གྱི་རྗེས་སུ། ཇི་སྲིད་དུ་འབྱུང་བ་བཞིའི་གནོད་པས་མ་ཞིག་པ་དེ་སྲིད་དུ་ཡེ་ཤེས་པ་རྟེན་འདི་དག་ལ་བརྟན་པར་བཞུགས་ནས་སྦྱིན་པའི་བདག་པོས་ཐོག་དྲངས་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་༼འདིའི་ཚབ་ཏུ། བདག་དང་འགྲོ་ལ་ནས། པདྨ་ཀ་མ་ལ་ཡ་སྟཱཾ་གྱིས་བཞུགས་སུ་གསོལ་ཞིང་གདན་ཕུལ་ཞེས་པའང་སྣང༌།༽དུ་གསོལ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །འགྲོ་བའི་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །ཅེས་དང༌། བདུན་པ་ནི། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་མོ་ཆོས་ལ་སྤྱོད་པར་ཤོག །བདག་དང་སྦྱིན་བདག་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་ཞིང་བཀྲ་ཤིས་པར་གྱུར་ཅིག་ཅེས་པ་བཀྲ་ཤིས་བརྗོད་པའོ། །སེར་བཞག་མཆན་བསྣན་ངག་འདོན་ཀུན་ཚང་སྟེ། །སེར་ཡོད་རྣམས་ཀྱང་བློ་ལ་གསོལ་བ་གཅེས། །ལག་ལེན་བདེ་ཞིང་བྱིན་རླབས་ཤིན་ཏུ་མྱུར། །ཀུན་གྱིས་མ་ཆག་དམ་བཅའ་མཛད་པར་རིགས། །སྒྲོལ་མ་མཎྜལ་བཞིའི་ཆོ་གའི་རིམ་པ་ཕྱག་ལེན་ལྟར་བཀོད་པའོ། །ཕྱག་འཚལ་བའི་ཚིགས་བཅད་རྣམས་ནི་རང་གིས་གང་ཤེས་བྱས་པས་ཆོག་ལ། ཆོག་ཁྲིགས་རྣམས་འདི་ཁོ་ན་བཞིན་ཉམས་སུ་བླང་ངོ༌། །དངོས་གྲུབ་མྱུར་སྩོལ་རྗེ་བཙུན་སྒྲོལ་མ་ལ། །གསོལ་བ་གདབ་ཚུལ་གོང་མའི་གསུང་ངག་བཞིན། །རིན་ཆེན་རྒྱལ་མཚན་སངས་རྒྱས་དཔལ་ཞེས་པས། །ཉེ་བར་བསྐུལ་ཕྱིར་ ༼ཨ་བ་དྷཱུ་ཏི་པའི་བཙུན་པ་རྒྱལ་མཚན་དཔལ་བཟང་པོས།༽བསོད་ནམས་ཀྱིས་སྦྱར་རོ། །ཞེས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ཆོ་གར་ཅུང་ཟད་མི་གསལ་བ་རྣམས་སྔར་གྱི་མཆན་རྙིང་ལ་སླར་ཡང་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་པོ་ཀུན་དགའ་ཚུལ་ཁྲིམས་ཀྱི་གསུང་རབ་ལ་བརྟེན་ནས་རང་གི་བློ་ལ་འཇགས་དཀའ་བའི་གནས་འགའ་མཆན་སྣ་བསྲིངས་ཡོད་པ་ལས། དཔེ་བལྟ་བདེ་བའི་ཆེད་དུ་མཆན་དཀྱུས་སུ་བཅུག་ནས་བཀླག་ཆོག་གི་ཡི་གེ་འདི་བཞིན་གྱིས་ཤིག་ཅེས་ས་སྐྱོང་བླ་མ་སངས་རྒྱས་བསྟན་པའི་གསུང་གིས་བསྐུལ་བའི་ངོར། ཆོས་སྨྲ་བའི་དགེ་སློང་སངས་རྒྱས་ཕུན་ཚོགས་ཀྱིས་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་བསྡེབས་པའོ། ། འདི་ལ་ཆོས་རྗེ་བླ་མའི་གསུང་ཚིག་གཅིག་ཀྱང་མ་ལུས་པའི་ཞབས་ཏོག་གི་ཚུལ་དུ་སྦྱར་པ་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་དེ་བཞིན་དགོངས་པར་ཞུ། མཁས་ལ་ཡོངས་གྲགས་བྱིན་རླབས་མངོན་གྱུར་པའི། །ཟབ་ཆོས་འདི་འདྲ་རྩྭ་བཞིན་འདོར་བྱེད་པའི། །ཀྱེ་ཧོ་སྙིགས་དུས་སྐྱེ་བོའི་སྡིག་འདི་འདྲ། །བདག་ནི་མན་ངག་རྩད་ཆོད་ཨ་ལ་ཧོ། ཞེས་ཀྱང་རང་བབས་སུ་སྨྲས་སོ། །འདི་ཉམས་སུ་ལེན་པ་རྣམས་ཀྱིས་བླ་མ་བརྒྱུད་ལྡན་ལས་ལུང་དང་ལག་ལེན་ནོས་ནས་བརྩོན་པར་བྱའོ། །བརྒྱུད་པ་ནི་ཐོས་ཡིག་ཏུ་ཤེས་པར་བྱའོ། ། སླར་ཡང་འདིའི་རྩ་བ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་ཉིད་ལ། ཕྱིས་སུ་ཚིག་སྣ་བསྲིངས་པ་དང་མཆན་དཀྱུས་སུ་ཤོར་བ་སོགས་ཀྱིས་གཞུང་ཅུང་ཟད་རྒྱས་བསྡུས་དང་འདྲ་མིན་མང་དུ་སྣང་ནའང༌། རྩ་བའི་ཡིག་ཆ་དག་སྙམ་པ་འགའ་རེ་དང་བསྟུན་ནས་ཚིག་ཟུར་ཉམས་པ་འགའ་ཞིག་དག་པར་བགྱིས་པ་མངྒ་ལཾ།། །། སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བྱ་ཚུལ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པ། །གཏན་གྱི་སྐྱབས་གཅིག་རྗེ་བཙུན་བཅོམ་ལྡན་མར། །ཉེར་བཏུད་དེ་མཉེས་བྱེད་པའི་ཆོ་ག་འབྲི། །འདིར་རྗེ་བཙུན་སྒྲོལ་མའི་མཎྜལ་བཞི་པ་བྱ་བར་འདོད་པས་གནས་ཁང་བྱི་དོར་བྱས་པའི་དབུས་སུ་སྟེགས་བུ་ཇི་ལྟར་རིགས་པ་སྟེགས་ཁེབས་སོགས་ཀྱིས་བཀབ་པའི་སྟེང་དུ་རྗེ་བཙུན་མའི་བྲིས་འབུར་གྱི་རྟེན་ཡོད་ན་བཤམ། དེའི་མདུན་དུ་མཎྜལ་ཚོམ་བུ་བདུན་མ་བཞི་བཤམ། མེད་ན་མཎྜལ་གཅིག་ལ་བསྐྱར་ནས་འབུལ། གཏོར་མ་ཟླུམ་པོ་བཞིའམ་གཅིག་པུས་ཀྱང་རུང༌། ཡོན་ཆབ། སྤོས། མར་མེ། ཞལ་ཟས་རྣམས་བཞིའམ་བསྡུ་ན་ཚར་རེ་ལ་ཁ་གསོས་ཀྱང་ཆོག །དེ་ནས་སྟན་བདེ་བ་ལ་འདུག་ནས་ཁ་བཤལ་ཐོག་མར་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་བར་དང༌། དྷརྨཱ་ར་ཎི་ཏ་སོགས་བརྗོད་ལ་ཏིང་ཤག་དཀྲོལ། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྒྱལ་བ་སྲས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ སངས་རྒྱས་ཐམས་ཅད་འདུས་པའི་སོགས་ཤློ་ཀ་གཅིག །མགོན་པོ་ཐུགས་རྗེ་ཆེ་ལྡན་སོགས་ཤློ་ཀ་གཅིག །དག་པས་འདོད་ཆགས་བྲལ་བའི་སོགས་ཤློ་ཀ་གཅིག གྲོལ་ནས་གྲོལ་བའི་སོགས་ཤློ་ཀ་གཅིག །ཕྱག་བྱར་འོས་པ་སོགས་ཤློ་ཀ་གཅིག་གིས་ཕྱག་བྱ། ས་གཞི་སྤོས་ཆུས་སོགས་མཇུག་ཏུ། གུ་རུ་ཏྲི་རཏྣ་མཎྜལ་པཱུ་ཛ་མེ་གྷ་སུ་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་མཎྜལ་འབུལ། མཁྱེན་བརྩེ་ནུས་ལྡན་རྒྱལ་བ་སྲས་བཅས་རྣམས། །བདག་ལ་བརྩེ་བ་ཆེན་པོས་ཉེར་དགོངས་ནས། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། །བསམ་དོན་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །ཞེས་གསོལ་བ་འདེབས་སོ། །དེ་ནས་རྗེ་བཙུན་མ་ལ་མཎྜལ་གསུམ་འབུལ་བའི་དང་པོ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་པོ་ཏ་ལ་ནས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ པོ་ཏ་ལ་ཡི་གནས་མཆོག་སོགས་ཤློ་ཀ་གཅིག ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ལྷ་དང་ལྷ་མིན་སོགས་ཤློ་ཀ་གཅིག །ཨོཾ་ཨཱརྱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། དེ་བཞིན་དུ་པཱ་དྱཾ་ནས། ཤབྡའི་བར་འདོན་པ་བསྒྱུར། ས་གཞི་སྤོས་ཆུས་སོགས་ནས། གུ་རུ་ཏཱ་རཱ་བཛྲ་སོགས་ནས། ཧཱུྃ་གི་བར་བརྗོད། ཕྱག་འཚལ་ཉེར་གཅིག་ཚར་གཉིས་བརྗོད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་སོགས་ཤློ་ཀ་གཅིག །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཡི་གེ་བཅུ་པ་ཉེར་གཅིག་བཟླ། ཏཱ་རེ་ཉེར་གཅིག་བགྲང༌། དེ་ནས། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན་སོགས་སམ། བསྡུ་ན། འཕགས་པ་སྒྲོལ་མ་བདག་ལ་དགོངས་སུ་གསོལ། །བདག་གི་ཉེར་འཚེ་མ་ལུས་ཀུན་ཞི་ནས། །མཐུན་རྐྱེན་རེ་བའི་འབྲས་བུ་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ་ཅེས་བརྗོད། གཉིས་པ་ནི་ཡང༌། ལྷ་དང་ལྷ་མིན་སོགས་ཤློ་ཀ་གཅིག །མཆོད་པ་དང༌། མཎྜལ་ཤློ་ཀ ཕྱག་འཚལ་ཉེར་གཅིག་ཚར་གསུམ། ཕྱག་འཚལ་བ་དང་སོགས། ཡི་གེ་བཅུ་པ་དང་ཏཱ་རེ་གཉིས་གོང་བཞིན་བགྲང༌། འཕགས་མ་སྒྲོལ་མ་སོགས། གསོལ་གདབ་བྱ། གསུམ་པ་ནི། ལྷ་དང་ལྷ་མིན་སོགས་གྱིས་བསྟོད་ནས། ཤབྡའི་བར་གྱིས་མཆོད། ས་གཞི་སྤོས་ཆུས་སོགས་མཎྜལ་དབུལ། ཕྱག་འཚལ་ཉེར་གཅིག་ཚར་བདུན། ཨཱརྱ་ཏཱ་རཱ་ཨརྒྷཾ་ནས། ཤབྡའི་བར། ལྷ་མོ་ལ་གུས་སོགས་དང་ཡི་གེ་བཅུ་པ་དང་ཏཱ་རེ་གཉིས་གོང་བཞིན། འཕགས་མ་སྒྲོལ་མ་བདག་ལ་དགོངས་སུ་གསོལ་ཞེས་སོགས་ཤློ་ཀ་གཅིག་གིས་གསོལ་བ་བཏབ། དེ་ནས་ཨརྒྷཾ་ནས། ཤབྡའི་བར། ཕྱག་བྱར་འོས་པ་ཐམས་ཅད་ལ་ཞེས་སོགས་ཤློ་ཀ་གཅིག ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། བླ་མ་དམ་པ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང༌། ད་ལྟ་ཞལ་བཞུགས་པ་ཐམས་ཅད་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་ལ་འགྲོ་དོན་འཕེལ་བ་དང༌། དགེ་འདུན་གྱི་སྡེ་ཐམས་ཅད་ཆོས་སྤྱོད་བཅུ་ཡི་སྒྲུབ་པ་མི་ཉམས་ཤིང་འཕེལ་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆར་ཆུ་དུས་སུ་འབེབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་ཅིང་དུས་ཀྱི་འཁྲུགས་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་བསམ་དོན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་བཏབ། གཏོར་མ་རྣམས་ཆུ་གཙང་གིས་སྦྱངས་ལ། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ཨཱརྻཱ་ཏཱ་རཱ་ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་གསུམ། ཨརྒྷཾ་ནས་ཤབྡའི་བར། ལྷ་དང་ལྷ་མིན་ཅོད་པན་གྱིས་སོགས་ཀྱིས་བསྟོད། གཉིས་པ་ཨོཾ་ཨཱཿཧཱུྃ་ལན་གསུམ། ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ། མཆོད་སྦྱིན་གཏོར་མ་དམ་པ་འདི། །ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །སངས་རྒྱས་བསྟན་པ་དར་བ་དང༌། །བདག་གི་ཕྲིན་ལས་འགྲུབ་པར་མཛོད། །གསུམ་པ་ཨོཾ་ཨཱཿཧཱུྃ་ལན་གསུམ། ན་མཿསརྦ་སོགས་ལན་གསུམ། དེའི་རྗེས་སུ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གཏོར་མ་དམ་པ་འདི། །རིགས་དྲུག་སེམས་ཅན་རྣམས་ལ་སྦྱིན། །བཀྲེས་སྐོམ་སྡུག་བསྔལ་ཞི་བ་དང༌། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །བཞི་པ་ཨོཾ་ཨཱཿཧཱུྃ། སམྦྷཱ་ར་ལན་གསུམ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གཏོར་མ་དམ་པ་འདི། །གཞི་བདག་གནས་བདག་ཐམས་ཅད་ལ། །གུས་པས་འབུལ་གྱིས་བཞེས་ནས་ཀྱང༌། །འཇིག་རྟེན་བདེ་ཞིང་ཆོས་འཕེལ་དང༌། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པའི་མཐར་ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ནས་བཟོད་པར་མཛོད། བག་མེད་སྤྱོད་པ་མ་དག་པས། །ཆོ་ག་གཞུང་བཞིན་མ་ལྕོགས་དང༌། །ལྷག་ཆད་འགལ་འཁྲུལ་ཅི་མཆིས་པ། །ཐུགས་རྗེས་བཟོད་པར་མཛད་དུ་གསོལ། །སྒྲོལ་མའི་རྟེན་ཡོད་ན། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ་ཞེས་མེ་ཏོག་གཏོར། རྟེན་མེད་ན་ཡེ་ཤེས་པ་གཤེགས་སུ་གསོལ། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས་སོགས་བསྔོ་སྨོན་ཤིས་བརྗོད་བྱའོ། །དངོས་གྲུབ་ཉེར་སྩོལ་བཅོམ་ལྡན་མར། །བསྟོད་སྒྲུབ་གསོལ་བ་བཏབ་པའི་ཐབས། །གོང་མའི་གསུང་ལས་ཉེར་བཏུས་ཏེ། །བློ་གསལ་བཞེད་པ་སྐོང་ཕྱིར་སྦྱར། །ཅེས་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བྱ་ཚུལ་འདིའང་རབ་འབྱམས་སྨྲ་བ་པདྨ་ཆོས་འཕེལ་གྱིས་བཀའ་གནང་ལྟར། རྗེ་བཙུན་ཆེན་པོའི་གསུང་རབ་ལས་མདོར་བསྡུས་གོ་བདེ་བར་ཤཱཀ་བཙུན་ལྷུན་གྲུབ་ཀྱིས་དབེན་གནས་རྨོར་དགོན་པར་བྲིས་པའོ།། །། སྒྲོལ་མ་མཎྜལ་བཞི་པའི་བརྒྱུད་འདེབས་བཞུགས་སོ། །ཨོཾ་སྭ་སྟི། དངོས་སྒྲུབ་མྱུར་སྩོལ་རྗེ་བཙུན་སྒྲོལ་མའི་ཞབས། །གངས་ཅན་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤ །སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་རྒྱལ་བ་འབྲོམ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བླ་མ་ལ་གུས་དཔལ་ལྡན་དགོན་པ་བ། །འགྲོ་བའི་མགོན་པོ་ཞང་སྟོན་ཀ་མ་བ། །ཐུགས་རྗེའི་གཏེར་ཆེན་བཤེས་གཉེན་ལུམ་པ་བ། །གསོལ་བ༴ །བཀའ་གདམས་བསྟན་པའི་ཉི་མ་ཆུ་མིག་པ། །མཚུངས་མེད་སངས་རྒྱས་སྒོམ་པ་སེང་གེ་སྐྱབས། །སྨྲ་བའི་དབང་ཕྱུག་བཤེས་གཉེན་དཀོན་མཆོག་གྲགས། །གསོལ་བ༴ །སྟན་གཅིག་བརྟུལ་ཞུགས་འཛིན་པ་བདེ་བའི་དཔལ། །བཀའ་བཞི་སྨྲ་བ་གྲགས་པ་གཞོན་ནུའི་ཞབས། །མཁན་ཆེན་ཐམས་ཅད་མཁྱེན་པ་བསོད་ནམས་གྲགས། །གསོལ་བ༴ །སྲིད་གསུམ་འགྲན་བྲལ་བསོད་ནམས་རྒྱལ་མཚན་དང༌། །མཐུ་སྟོབས་དབང་ཕྱུག་སྔགས་འཆང་གཟུངས་ཀྱི་དཔལ། །ཐུགས་ཀྱི་སྲས་མཆོག་དཔལ་ལྡན་ཚུལ་ཁྲིམས་ཞབས། །གསོལ་བ༴ །རྒྱལ་བས་ལུང་བསྟན་ངོར་ཆེན་རྡོ་རྗེ་འཆང༴ །མཁྱེན་རབ་རིན་ཆེན་མཆོག་ཏུ་གྲུབ་པའི་ཞབས། །ཀུན་མཁྱེན་གཉིས་པ་ཤཱཀྱ་དོན་གྲུབ་ལ། །གསོལ་བ༴ །འཇམ་དཔལ་དབྱངས་དངོས་ཀུན་དགའ་ལེགས་གྲུབ་དང༌། །སྐད་གཉིས་སྨྲ་བ་ཤེའུ་ལོ་ཙཱ་བ། །བྱམས་པ་ངག་དབང་མཆོག་ལེགས་རྡོ་རྗེ་ལ། །གསོལ་བ༴སེམས་དཔའ་ཆེན་པོ་མཁྱེན་རབ་བསྟན་འཛིན་བཟང༌། །འགྲོ་བའི་བླ་མ་མཁྱེན་རབ་བྱམས་པའི་དཔལ། །དྲིན་ཅན་རྩ་བའི་བླ་མ་དམ་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཆོ་ག་བཞིན་དུ་གསོལ་བ་བཏབ་པའི་མཐུས། །ནད་གདོན་ཉེར་འཚེའི་ཚོགས་རྣམས་ཉེར་ཞི་ཞིང༌། །བདག་གིས་མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །འབད་མེད་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་སྒྲོལ་མ་མཎྜལ་བཞི་པའི་བརྒྱུད་པའི་གསོལ་འདེབས་འདིའང་སྨྲ་བའི་དབང་ཕྱུག་རབ་འབྱམས་པ་ངག་དབང་བསྟན་འཕེལ་གྱིས་བསྐུལ་བའི་ངོར་བྱ་བྲལ་བ་ཀུན་དགའ་ལྷུན་གྲུབ་ཀྱིས་བཀྲ་ཤིས་ཆོས་སྡེའི་བླ་བྲང་དུ་སྦྱར་བའོ།། །།