སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་

ཡོང་ཁུངས་Wikipedia

༄༅། ། སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བྱ་ཚུལ་མདོར་བསྡུས་སྙིང་པོར་དྲིལ་བ་ཕན་བདེའི་ཨུཏྤལ་ཞེས་བྱ་བ་བཞུགས་སོ།། ཇོ་བོ་ལུགས།། ༄༅། །གང་མཚན་དྲན་པའི་མོད་ཉིད་ནས། །འཇིགས་པ་ཀུན་ལས་དབུགས་འབྱིན་པའི། །མྱུར་མ་དཔའ་མོར་གུས་བཏུད་ནས། །དེ་མཉེས་བྱེད་པའི་ཆོ་ག་བཤད། །དེ་ལ་འདིར་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་གོ་འཕང་དོན་དུ་གཉེར་བ་ན། ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཐབས་ཁྱད་པར་ཅན་གྱི་སྒོ་ནས་སྲུང་བའི་སླད་དུ་རྗེ་བཙུན་སྒྲོལ་མ་ཡི་དམ་གྱི་ལྷར་བཟུང་ཞིང༌། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །ཞེས་པའི་མན་ངག་ཕྱོགས་གཅིག་པ་མཎྜལ་བཞི་པའི་མཆོད་པ་ཉམས་སུ་བླང་བར་འདོད་པས། རྟེན་གྱི་གང་ཟག་རྒྱུད་དག་པའི་དགེ་སློང་བཞིས་བཏང་ནའང་ཤིན་ཏུ་བཟང་སྟེ། མ་གྲུབ་ན་རང་གཅིག་པུས་ཀྱང་རུང༌། གང་ལྟར་ཡང་གནས་གཙང་ཞིང་ཡིད་དང་མཐུན་ལ་བཀོད་པས་མཛེས་པར། དཀོན་མཆོག་གི་རྟེན་གསུམ་ཇི་ལྟར་རིགས་པ་དང༌། ཁྱད་པར་རྗེ་བཙུན་མའི་སྐུ་བྲིས་འབུར་གང་རིགས་རབ་གནས་དང་ལྡན་པའི་སྤྱན་སྔར། སྟེགས་ཀྱི་ཁར་དྲི་བཟང་གིས་བྱུགས་པའི་མཎྜལ་རེ་ཁཱ་གཉིས་སྐོར་དུ་བྲིས་པའི་དབུས་སུ་ཚོམ་བུ་བདུན་བཀོད་པ་བཞི་དང༌། གཏོར་མ་འབུལ་ན་ཟླུམ་གཏོར་བཞིའམ་གཅིག མཆོད་པ་སྣ་ལྔ་ཚར་ལྔ་སོགས་ཇི་ལྟར་འཛོམ་པ་གཙང་སྦྲ་དང་ལྡན་པས་འདུ་བྱས་ནས། ཆོ་ག་དངོས་ལའང་སྔོན་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ནི། སྒྲུབ་པ་པོ་རྣམས་ཀྱིས་ཆབ་བླངས་པའི་རྗེས་སྟན་བདེ་བ་ལ་འདུག་སྟེ་དགེ་སེམས་ཁྱད་པར་ཅན་གྱི་ངང༌། མདུན་གྱི་ནམ་མཁར་སྐྱབས་ཡུལ་ཐམས་ཅད་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ་ཞེས་སོགས་སྐྱབས་སེམས་ཇི་ལྟར་རིགས་པར་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། གནས་དང་ཡོ་བྱད་རྣམས་ལ་དམིགས་ཏེ། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་འཁོར་ཡུག་གིས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བར་གྱུར་པའི་དབུས་སུ་མཆོད་རྫས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ། རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་གཙང་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར། སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་པས་བྱིན་གྱིས་བརླབ། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་འདོན། དངོས་གཞི་ནི། མདུན་གྱི་རྟེན་རྣམས་རྗེ་བཙུན་སྒྲོལ་མ་ལ་འཁོར་སྒྲོལ་མ་ཉེར་གཅིག་དང༌། ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པར་མོས་པས། མཎྜལ་དང་པོ་དཀོན་མཆོག་སྤྱི་ལ་འབུལ་བ་ནི། ཐོག་མར། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་ཞེས་སོགས་ཤློ་ཀ་གཅིག་དང༌། མགོན་པོ་ཐུགས་རྗེ་ཆེ་ལྡན་པ་སོགས་ཤློ་ཀ་གསུམ་རྣམས་ལན་གསུམ་དུ་བརྗོད་ཅིང་ཤློ་ཀ་རེ་ལ་ཕྱག་རེ་བྱས་མཐར་མེ་ཏོག་འཐོར་ནས་སྟན་ལ་བསྡད། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པའི་མཐར། སངས་རྒྱས་ཆོས་ཚོགས་མས་སྐྱབས་སེམས་ལན་གསུམ་བྱས་པས་བདག་གཞན་རྣམས་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པར་བསམ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ་ཞེས་སོགས་ཀྱིས་མཎྜལ་ཕུལ། སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །ཞེས་སོགས་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད་ཅེས་པའི་བར་གྱིས་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་གདབ། དེ་ནས་རྗེ་བཙུན་མ་ལ་མཎྜལ་གསུམ་འབུལ་བའི་དང་པོ་ནི། ལྷ་དང་ལྷ་མིན་ཅོད་པན་གྱིས་ཞེས་སོགས་ལན་བདུན་གྱིས་ཕྱག་བྱས་ལ་མེ་ཏོག་འཐོར། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ་སོགས་ཀྱིས་མཎྜལ་འབུལ། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། སོགས་ཀྱི་ཡན་ལག་བདུན་པ་དང༌། སངས་རྒྱས་ཆོས་ཚོགས་མའི་སྐྱབས་སེམས་ལན་གསུམ་དུ་བྱས་པས་རང་དང་བསྒྲུབ་བྱ་ཐམས་ཅད་རྗེ་བཙུན་མའི་ཕྱག་གཡས་སྐྱབས་སྦྱིན་བརྐྱངས་པའི་འོག་ཏུ་ཚུད་ནས་འཇིགས་པ་ཐམས་ཅད་ལས་དབུགས་དབྱུང་བར་བསམས་ལ། ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཚར་གཉིས་འདོན་མཐར། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན་ཞེས་སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་གདབ། དེ་བཞིན་དུ་མཎྜལ་གཉིས་པ་ལ་ཕྱག་འཚལ་ཉེར་གཅིག་ཚར་གསུམ་དང༌། གསུམ་པ་ལ་བདུན་སྤར་བ་མ་གཏོགས་གཞན་འདྲ། མཐར། ལྷ་མོ་ལ་གུས་སོགས་ཕན་ཡོན་ཀྱང་དོན་ཡིད་ལ་དྲན་བཞིན་པའི་སྒོ་ནས་ཚར་གཅིག་བྱ། རྗེས་ནི། གཏོར་མ་འབུལ་བར་སྤྲོ་ན་སྐབས་འདིར་གཞན་ནས་འབྱུང་བའི་ཆོ་གས་གཏང༌། མ་འབྱོར་ནའང་གཞུང་རྩ་བར་མི་འབྱུང་བས་ཆད་སྐྱོན་མེད། གང་ལྟར་ཡང་གཏང་རག་གི་སླད་དུ་ཡན་ལག་བདུན་པ་འབུལ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ། མ་འབྱོར་པ་དང་སོགས་ཀྱི་མཐར། བག་མེད་སྤྱོད་པ་མ་དག་པས། །ཆོ་ག་གཞུང་བཞིན་མ་ལྕོགས་དང༌། །ལྷག་ཆད་འཁྲུལ་པ་ཅི་མཆིས་པ། །ཐུགས་རྗེས་བཟོད་པར་མཛད་དུ་གསོལ། །ཞེས་པས་ནོངས་པ་བཟོད་པར་གསོལ། མདུན་དུ་བཞུགས་པའི་ཡེ་ཤེས་པ་རྣམས་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམས་ལ། སུ་པྲ་ཏིཥྛས་མེ་ཏོག་འཐོར། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས་ཞེས་སོགས་ཀྱིས་དགེ་བ་བསྔོ་ཞིང་འཁོར་གསུམ་མི་དམིགས་པའི་ལྟ་བས་རྒྱས་གདབ། བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །ཞེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལ་སྤྱིར་རྗེ་བཙུན་སྒྲོལ་མ་ནི་རྒྱལ་བ་ཀུན་གྱི་ཕྲིན་ལས་ཐུགས་རྗེའི་གཟུགས་སུ་ཤར་བ་ཡིན་པས། འཕགས་པའི་ཡུལ་དུ་སློབ་དཔོན་ཀླུ་སྒྲུབ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱིས་འདི་ཁོ་ན་ལ་ཐུགས་དམ་དུ་མཛད་པས་བར་ཆད་ལས་སྐྱབས་པ་སོགས་གཏམ་རྒྱུད་ཤིན་ཏུ་མང་ལ། ཁྱད་པར་མཎྜལ་གྱི་སྒོ་ནས་གསོལ་བ་འདེབས་པ་འདི་ཉིད་བྱིན་རླབས་ཆེས་མྱུར་བས། གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེ་བ་དང༌། གཞན་ཡང་སྒྲུབ་པ་པོའི་གནས་སྐབས་ཀྱི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སླད་དུ་གསོལ་བ་གདབ་ཅིང༌། དུས་རྟག་ཏུ་རྗེ་བཙུན་མ་དྲན་པར་བྱས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་གྱིས་འབྱོར་པ་ནི་ངེས་པའོ། །རྗེ་བཙུན་མྱུར་མ་དཔའ་མོའི་ཞབས། །མཆོད་པའི་ཐབས་ཚུལ་དཔྱིད་དཔལ་གྱིས། །ཕན་བདེའི་ཨུཏྤལ་རྒྱས་པའི་ཕུལ། །འགྲོ་རྣམས་ཉེར་འཚོའི་སླད་གྱུར་ཅིག །ཅེས་པའང་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་ཨ་ཏི་ཤ་ནས་རིམ་པར་བརྒྱུད་པའི་མན་ངག་དཔལ་སྣར་ཐང་པའི་མཁན་པོ་མཆིམས་སྟོན་ནམ་མཁའ་གྲགས་ཀྱིས་གསལ་བར་མཛད་པའི་དགོངས་དོན་ཇི་ལྟ་བ་ལ། སྐབས་སུ་བབ་པའི་མཚམས་སྦྱོར་ཅུང་ཟད་དང་བཅས་ཏེ་ཤིན་ཏུ་བསྡུས་པའི་ཚུལ་གྱིས་ཤཱཀྱའི་དགེ་སློང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།