སྒྲོལ་མ་ཉེར་གཅིག་དང་འགྲེལ་བཤད

ཡོང་ཁུངས་Wikipedia

༄༅། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །  ཞེས་པའི་དོན་ནི། ཨོཾ་ནི་ཨ་ཨུ་མ་གསུམ་སྟེ། སྐྱབས་ཡུལ་རྗེ་བཙུན་སྒྲོལ་མའི་སྐུ་གསུང་ཐུགས་གསུམ་མཚོན། གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། མཆོག་དང་ནོར་སྟེར་དཔལ་དང་གཡང་། དམ་བཅའ་བ་དང་བཀྲ་ཤིས་དོན། ཡིན་པར་གསུངས།   སྤྱིར་བཏང་རྗེ་བཙུན་མ་ཞེས་གཙོ་མོའམ། བདག་མོ་ལ་གོ །འོན་ཀྱང་འདིར་སྔགས་ཀྱི་སྡོམ་པ་དང་། བྱང་སེམས་ཀྱི་སྡོམ་པ། སོ་ཐར་གྱི་སྡོམ་པ་སྟེ་སྡོམ་པ་གསུམ་དང་ལྡན་པས་ན། རྗེ་བཙུན་མ། ཡང་ན། འགྲོ་བ་ཀུན་ལ་བྱམས་བརྩེས་སྐྱོང་ཞིང་། ཐར་ལམ་དུ་འཁྲིད་པར་མཛད་མཁན་གྱི་དེད་དཔོན་ཡིན་པས་ན་རྗེ་དང་། སྐུ་གསུང་ཐུགས་ཀྱི་ཀུན་སྤྱོད་ཞི་ཞིང་དུལ་བའམ། མི་དགེ་བའི་ཉེས་སྤྱོད་ཐམས་ཅད་ཀྱིས་མ་གོས་པའམ་སྤངས་པས་ན་བཙུན་མ་ཟེར།   འཕགས་མ་ནི། འཁོར་འདས་ལ་མི་གནས་པས་ན་འཕགས་མ། ཡང་ན། ཉན་ཐོས་ཀྱི་ཐེག་པ་དང་། སངས་རྒྱས་ཀྱི་ཐེག་པ། བྱང་སེམས་ཀྱི་ཐེག་པ་གསུམ་གྱི་མཐོང་ལམ་དང་། སྒོམ་ལམ། མི་སློབ་པའི་ལམ་ཐོབ་པའི་སེམས་མའམ་འཕགས་མ།   སྒྲོལ་མ་ནི། འགྲོ་ཀུན་ཕོངས་རྒུད་འཇིགས་པ་ལས་སྒྲོལ་བའམ། སེམས་ཅན་ཐམས་ཅད་འཇིགས་པ་དང་སྡུག་བསྔལ་ལས་སྒྲོལ་བའམ། སྐྱོབ་པའི་མ་ལྟ་བུ་ལ་ཟེར་བ་ཡིན། ཡང་ན། གནས་སྐབས་དང་མཐར་ཐུག་གི་འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་སྒྲོལ་བའི་༸ རྒྱལ་ཀུན་འཕྲིན་ལས་ཀྱི་རང་གཟུགས་ཉིད་ཡིན་པས་ན་སྒྲོལ་མ། ཡང་ན། སེམས་ཅན་འཁོར་བ་ལས་འདོན་པས་ན་སྒྲོལ་མ། དེའི་ཞབས་ལ་རབ་ཏུ་གུས་པ་ཆེན་པོས་སྒོ་གསུམ་སྟེ་ལུས་ངག་ཡིད་གསུམ་ས་ལ་ཕབ་སྟེ་ཕྱག་འཚལ་ཏེ་འདུད་དོ།།   དང་པོ་ལ་ཕྱག་འཚལ་བ་ཚིགས་སུ་བཅད་པ་ཉི་ཤུ་རྩ་གཅིག་ཡོད་པ་ལས། ཕྱག་འཚལ་དང་པོ་འབྱུང་བ་ནི། སྒྲོལ་མ་འབྱུང་ཁུངས་དང་འཕྲིན་ལས་མྱུར་བའི་སྒོ་ནས་སྤྱིར་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་དང་པོ་ནི།   ༢   ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་ལྟར་འདྲ་མ། །   འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཕྱོགས་དང་རིས་སུ་ཆད་པ་མེད་པ། ཕན་བདེ་འབའ་ཞིག་སྒྲུབ་པར་མཛད་པ་ལ་སྐད་ཅིག་ཙམ་ཡང་གཡེང་བ་མེད་པ་༸རྒྱལ་ཀུན་གཞན་ལས་འཕྲིན་ལས་མྱུར་བས་ན་མྱུར་མ། ཡང་ན། ལྷ་གཞན་དང་མི་འདྲ་བར་བསྙེན་པ་མ་སོང་ཡང་། ལས་གང་ལའང་འཕྲིན་ལས་མྱུར་བས་ན་མྱུར་མ།   གདུལ་བྱ་མ་རུང་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོས་གང་ལ་གང་འདུལ་གྱིས་འཇོམས་ཤིང་། སྡུག་བསྔལ་དང་འཇིགས་པ་ཐམས་ཅད་ལས་སྐྱོབ་བའི་ནུས་མཐུ་ཐོགས་པ་མེད་པ་ཡོད་པས་ན་དཔའ་མོ།   རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་ནི་སྐ༷ད་ཅིག་གི་གློག་ལྟ༷ར་འཁྱུག་པ་དང་འདྲ་བར་ཕྱོགས་བཅུ་དུས་གསུམ་ཁྱོན་ལ་ཤེས་བྱ་མཐའ་དག་ལ་གཟིགས་པ།   ས་འོག་ཀླུ་དང་ས་སྟེང་མི། ས་བླ་ལྷའི་འཇིག་རྟེན་ཏེ་འཇིག་རྟེན་གསུམ་གྱི་སྐྱབས་དང་མགོན། བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚད་མེད་བཞིའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས་ཀྱི་ཡིད་འོང་མཛེས་པའི་ཆུ་སྐྱེས་ཏེ་པདྨ་གེ་སར་བྱེ་བ་ལས་སྤྲུལ་ཞིང་བྱུང་བའོ། །   ༣   ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་རྒྱ་ནི་བརྩེགས་པའི་ཞལ་མ། །   སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་པ་ན། ཞལ་རས་ནི་སྟོན་ཀའི་དུས་ཀྱི་ཟླ་བ་ཉ་ཀུན་ཏུ་གང་བ་བརྒྱ་ཕྲག་གིས་རབ་ཏུ་མཛེས་གཅིག་ཏུ་བསྡོམ་ཞིང་བརྩེགས་པའམ། འབུམ་ཕྲག་ཕྱོགས་གཅིག་ཏུ་བསྡུས་པའམ། སྤུངས་པ། ཡང་ན། ཟླ་བ་ཉ་གང་བ་ལྟར་ཟླུམ་ཞིང་རྒྱས་པའི་ཞལ་རས། ཡང་ན། ཆུ་སྐྱེས་པདྨ་རྒྱས་པ་ལྟར་ལྟ་ན་སྡུག་པའི་འཛུམ་མདངས་རབ་ཏུ་དྭངས་པ་དང་ལྡན་པའི་གང་ལ། ཞི་བའི་ཉམས་དང་ལྡན་ཞིང་། སྐར་མ་སྟོང་ཕྲག་དུ་མ་ཕྱོགས་གཅིག་ཏུ་ཚོགས་པ་ལྟ་བུ་རྣམས་ཀྱི་འོད་དཀར་པོ་རབ་ཏུ་ཕྱེ་ཞིང་འཕྲོ་བའམ་འབར་བའི་རྗེ་བཙུན་འཕགས་པ་སྒྲོལ་མ། གདུལ་བྱ་རྣམས་མི་འདོར་བར་རྟག་ཏུ་གདུལ་བྱའི་དོན་ལ་གཟིགས་པའི་སྤྱན་ཡངས་མ་དཀར་མོ་ཟླ་མདངས་ཀྱི་སྒྲོལ་མ་ཁྱེད་ལ་གུས་པས་འདུད་དོ། །ཞེས་སོ།།   སྐུ་མདོག་དང་ཕྱག་མཚན། རྒྱུའི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་གསུམ་པ་ནི།   ༤   ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པད་མས་ཕྱག་ནི་རྣམ་པར་བརྒྱན་མ། །   སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། སྐུ་མདོག་འཛམ་བུའི་ཆུ་བོ་སེར་པོ་ལྟར་མཛེས་ཤིང་ཅུང་ཟད་སྔོ་བའི་རྣམ་པ་ཅན། ཡང་ན། མར་གད་ལ་དམར་པོ་དང་། ལྗང་ཁུའི་རིགས་གཉིས་ལས་འདིར་ཕྱི་མའི་དབང་དུ་བྱས་ནས་སྐུ་མདོག་ནི་མར་གད་མདོག་སྟེ་འཕྲིན་ལས་སྣ་ཚོགས་ཀྱི་ལྷ་ཡིན་པར་མཚོན། ཆུ་སྐྱེས་པདྨ་སྟེ་ཨུཏྤལ་སྔོན་པོས་ཕྱག་གཡོན་རྣམ་པར་བརྒྱན་མ། ཡུ་བ་མཐེབ་སྲིན་གྱིས་འཛིན་ཏེ་འདབ་མ་སྙན་ཐད་དུ་ཁ་ཕྱེ་བས་འགྲོ་བ་རྣམས་སྲིད་པའི་བདེ་བ་ལ་མ་ཆགས་པར་མྱུར་དུ་ཐར་པ་ཆེན་པོའི་གྲོང་དུ་ཞུགས་ཤིག་ཅེས་སྐུལ་བར་བྱེད་པ་མཚོན། རྒྱུ་སྦྱིན་པ་དང་། བརྩོན་འགྲུས། དཀའ་ཐུབ་སྟེ་ཚུལ་ཁྲིམས་དང་། རྨོངས་པའི་མུན་པ་ཞི་བའི་ཤེས་རབ་དང་། བཟོད་པ། བསམ་གཏན་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་བཅས་༸རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཟབ་ཅིང་། ཡངས་པ་ལ་མངའ་དབང་བསྒྱུར་ཞིང་། ཀུན་གྱིས་བརྫི་བར་མི་ནུས་པའི་རྗེ་བཙུན་འཕགས་མ་སྒྲོལ་མ་འཕྲིན་ལས་མྱུར་སྒྲུབ་མ་ཁྱེད་ལ་གུས་པས་འདུད་དོ། །ཞེས་སོ།།   ༸རྒྱལ་བ་སྲས་དང་བཅས་པས་གུས་པས་བསྟེན་པའི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་བཞི་པ་ནི།   ༥   ཕྱག་འཚལ་དེ་བཞིན་གཤེཌ་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །   མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། དེ་བཞིན་གཤེགས་པའི་གཙུག་ཏོར་ལས་ལྷ་མོར་སྤྲུལ་པ་མི་མཐུན་ཕྱོགས་མཐའ་ཡས་པ་ལས་རྣམ་པར་རྒྱལ་བའི་ཚུལ་དུ་སྤྱོད་ཅིང་བཞུགས་མ། ས་བཅུ་མ་ལུས་པའི་ངོ་བོར་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྒྱལ་བ་སྲས་རྣམས་སྨོས་ཅི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་གཙུག་ཏོར་ལྟར་མཆོད་པའི་གནས་སམ། ཤིན་ཏུ་གུས་པས་གཙུག་གིས་བསྟེན་མ། ཁྱེད་བསྟེན་པའི་མཐུས་ཉན་ཐོས་དང་། རང་རྒྱལ་ཏེ་སྲས་བཞི་འཁྲུངས་པའི་རྗེ་བཙུན་འཕགས་མ་སྒྲོལ་མ། སྣོད་བཅུད་བཀྲག་མདངས་གཟི་བརྗིད་སྤེལ་ཞིང་། ཁྱད་པར་འཆི་མེད་ཚེའི་བུམ་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པའི་ཚེའི་དངོས་ གྲུབ་སྟེ་བདུད་རྩི་སྟེར་བའི་འཆི་མེད་རིག་འཛིན་མཆོག་སྟེར། ཡང་ན། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་གཙུག་གཏོར་ལས། ཕན་ཡོན་མཐའ་ཡས་པ་དང་ལྡན་ཞིང་། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱེད་པའི་རིག་སྔགས་ཡོངས་རྫོགས་སྤྲུལ་བ། འཆི་བདག་གཡུལ་ལས་རྣམ་པར་རྒྱལ་མཛད་གཙུག་གཏོར་རྣམ་རྒྱལ་མ་ཁྱེད་ལ་གུས་པས་འདུད་དོ། །   མི་མཐུན་ཕྱོགས་གནོན་པའི་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་ལྔ་པ་ནི།   ༦   ཕྱག་འཚལ་ཏུ་ཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །   འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། ཏུ་ཏྟཱ་ར་ཡི་གཟུངས་སྔགས་ལས་འོད་ཟེར་སྣ་ཚོགས་རབ་ཏུ་འབར་ཞིང་། ཞི་རྒྱས་དབང་དྲག་གི་ལས་བཞི་ཐོགས་མེད་དུ་བསྒྲུབ་པ། སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་བའི་ངོ་བོ་ཧཱུཾ་ཡིག་གི་རང་སྒྲས། དམྱལ་བ། ཡི་དྭགས། དུད་འགྲོ །མི། ལྷ་སྟེ་འདོད་ཁམས་ཀྱི་འགྲོ་བ་རྒྱུད་ལྔ་དང། ཕྱོགས་ཏེ་གཟུགས་ཁམས་དང། ནམ་མཁའ་སྟེ་གཟུགས་མེད་ཁམས་བསྣན་པས་འཇིག་རྟེན་བདུན་གང་བར་མཛད་པ་ཙམ་དུ་མ་ཟད། ཞབས་ཀྱིས་ཀྱང་མནན་པ་སྟེ་བཅགས་ཏེ། ཁྱེད་ཀྱི་བྱིན་རླབས་དང་རིག་སྔགས་ཀྱི་མཐུས། དེར་གནས་པ་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་ཆེན་པོ་རྣམས་བྲན་དུ་འགུགས་ནས་ནི། ཕྲ་མོ་གཞན་ལྟ་སྨོས་ཀྱང་ཅི་དགོས་པ་ལྟར། འགྲོ་བ་གཅིག་ཀྱང་ལུས་པ་མེད་པར་དབང་དུ་འགུགས་པར་ནུས་པའི་མཐུ་དང་ལྡན་མ་༸རྒྱལ་ཡུམ་སྒྲོལ་མ་འཕྲིན་ལས་སྐད་ཅིག་གློག་ལྟར་མྱུར་བ། དགྲ་དང་ལོག་འདྲེན་སོགས་ཐམས་ཅད་བྲན་ལྟར་དབང་དུ་འགྱུར་མཛད་མ་ལྷ་མོ་རིག་བྱེད་མ་ཁྱེད་ལ་སྙིང་ནས་འདུད་དོ། །ཞེས་སོ།།   འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་ཀྱིས་བཀུར་བའི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་དྲུག་པ་ནི།   ༧   ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །   འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོན་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། ཤར་ཕྱོགས་ཀྱི་ཕྱོགས་སྐྱོང་ལྷའི་དབང་པོ་བརྒྱ་བྱིན་དང་། ཤར་ལྷོའི་མེ་ལྷ། ལྷོ་ཕྱོགས་གཤིན་རྗེ། ནུབ་ཕྱོགས་ཆུ་ལྷ་ཀླུའི་དབང་པོ། སྟེང་གི་འཇིག་རྟེན་བྱེད་པ་པོ་ཚངས་པ། འོག་ཕྱོགས་ཀྱི་ལྷ་མོ་བསྟན་མ་རླང་ལྷ༷། སྣ་ཚོགས་ཀྱི་དབང་ཕྱུག་སྟེ་འདོད་པའི་དབང་ཕྱུག་ཆེན་པོ་སོགས་ལྷའི་གཙོ་བོ་རྣམས་ཀྱིས་ཀྱང་གུས་པས་མཚོད་ཅིང་བསྟོད་པའི་གནས་སུ་གྱུར་མ། འབྱུང་པོ་ནི་བྱང་ཤར་དབང་ལྔན་གྱི་འཁོར་ཚོགས་ཀྱི་བདག་པོ་སོགས། ལྷོ་ནུབ་སྲིན་པོའི་འཁོར་རོ་ལངས། བརྒྱ་བྱིན་གྱི་འཁོར་དྲི་ཟ། རྣམ་སྲས་སོགས་བྱང་ཕྱོགས་ནོར་གཏེར་བདག་པོ་གནོད་སྦྱིན་ཚོགས་བཅས་ཀྱིས་ཀྱང་ཁྱེད་ཀྱི་མདུན་དུ་མངོན་པར་གུས་པས་འཁོད་ནས་བསྟོད་པའི་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ། ལུས་སེམས་ཀྱི་སྡུག་བསྔལ་འཕེལ་བས། ཕྱི་ནང་གི་མི་མཐུན་པ་གནོད་པ་ལས་འདི་ཕྱི་ཀུན་ཏུ་སྲུང་ཞིང་སྐྱོབ་པར་མཛད་མ། གཞན་འཇོམས་མ་འཇིགས་བྱེད་ཆེན་མོ་ཁྱེད་ལ་གུས་པས་འདུད་དོ། །ཞེས་སོ།།   ཕ་རོལ་འཇོམས་པའི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་བདུན་པ་ནི།   ༨   ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཛོམས་མ། །   གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་གནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། ཞི་བས་འདུལ་བར་ནུས་པའི་སེམས་ཅན་རྣམས་ལ་གཞན་གྱི་དྲག་ཤུལ་སྤྱོད་ལས་ཏྲད་ཅེས་བྱ་བ་སྟེ་འཇོམས་པ་དང། ཕཊ་སྟེ་འགས་པ་ཅེས་བྱ་བའི་རིག་སྔགས་ཀྱི་ང་རོ་བསྒྲགས་པ་ཙམ་གྱིས་ཕ་རོལ་ལས་བྱེད་མ་རྣམས་ཀྱི་བསམ་སྦྱོར་ངན་པས་བྱིས་པའི་འཁྲུལ་འཁོར་གྱི་ནུས་པ་ཐམས་ཅད་སྐད་ཅིག་ལ་རབ་ཏུ་འཇོམས་པར་མཛད་མ། དེ་ཡང་གཞན་ཕན་པའི་ཕྱིར་འདུལ་དཀའ་བ་རྣམས་འདུལ་བ་ཞིག་ལས། གནོད་པའི་ཕྱིར་མ་ཡིན། ཡང་ན། བདག་ཅག་རྣམས་ཀྱི་ཉེར་འཚེ་ཐམས་ཅད་ཞི་བར་བྱེད་པ་དང། ལེགས་ཚོགས་ཐམས་ཅད་རྒྱས་པར་བྱེད་པ། ཤིན་ཏུ་མི་རིགས་པ་རྣམས་དྲག་པོའི་ལས་ཀྱིས་ཚར་གཅོད་པར་མཛད་པའི་ཞི་རྒྱས་དབང་དྲག་གི་ལས་བཞིའི་འཕྲིན་ལས་རྣམས་རྒྱ་མཚོའི་རླབས་བཞིན་དུས་ལས་མི་འདའ་བ། གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་ཞབས་ཀྱི་བཞུགས་སྟངས་ཀྱིས་གདུག་པ་ཅན་རྣམས་ཞབས་ཀྱི་འོག་ཏུ་བྱད་མ་དང། རྦད་འདྲེ་ལ་སོགས་པ་མནན་ཏེ། སྐུ་ལས་ཡེ་ཤེས་ཀྱི་མེ་འབར་ཞིང་འཁྲུག་པ་དང། ཤིན་ཏུ་འབར་བས་ཐལ་བ་ཙམ་ཡང་མ་ལུས་པར་སྲེག་པར་མཛད་མ་རྗེ་བཙུན་འཕགས་མ་སྒྲོལ་མ་ཕ་རོལ་གྱི་བསམ་སྦྱོར་ངན་པའི་མནན་གཏད་བྱད་མ་རྦོད་གཏོང་སོགས། མ་ལུས་རང་མཐུ་རང་ལ་བཟློག་པར་འཇོམས་མཛད་འབར་བའི་འོད་ཅན་མ་ཁྱེད་ལ་གུས་པས་འདུད་དོ། །ཞེས་སོ།།   བདུད་དང་སྒྲིབ་གཉིས་སྒོམ་པའི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་བརྒྱད་པ་ནི།   ༩   ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །   ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། ཏུ༷་རེ་ཞེས་མྱུར་མ་ཡིན་པས། གློག་ལྟར་མྱུར་བའི་ཐུགས་རྗེ་བདུད་ཀྱི་ནང་ནས་འདུལ་དཀའ་བ་ཉོན་མོངས་ཀྱི་བདུད་དང། ཕུང་པོ་དང། འཆི་བདག་དང། ལྷ་བུའི་བདུད་ཀྱི་དཔའ་བོ་སྟེ་འཇིགས་པ་ཆེན་པོ་རྣམས་རྣམ་པར་འཇོམས་པར་མཛད་མ། སྐལ་བ་དང་ལྡན་པའི་གང་ཟག་སྒྲུབ་པ་པོ་རྣམས་ཐུགས་རྗེས་དགྱེས་བཞིན་རྗེས་སུ་འཛིན་པའི་ཚེ་མཛེས་ཤིང་མཐོང་ན་ཡིད་འཕྲོག་པའི་མདངས་ལྡན་པའི་ཞལ་རས་ཆུ་སྐྱེས་པདྨ་ལྟར་མཛེས་བསིལ་མདངས་དང་ལྡན་མ། ཡང་ན། ཆུ་སྐྱེས་ཏེ་ཡིད་འོང་པདྨ་རྒྱས་པ་ལྟར་མཛེས་པའི་ཞལ་རས་ནི་ཁྲོ་གཉེར་དང་ལྡན་པའི་རྣམ་པར་མཛད་དེ་ཡིས། སངས་རྒྱས་ཀྱི་བསྟན་པ་དང། སེམས་ཅན་ལ་ཤིན་ཏུ་འཚེ་བ་དང། དམ་པའི་ཆོས་བསྒྲུབ་པ་ལ་བར་གཅོད་རྣམས་འདུལ་བའི་ཕྱིར་ཁྲོ་བོའི་སྐུར་བཞེངས་པར་ མཛད་ནས། རྗེ་བཙུན་མའི་མཚན་བརྗོད་པའམ། དྲན་པ་ཙམ་གྱིས་སྐྱོབ་པར་མཛད་མ་སྟེ་ནུས་པ་མཐར་ཕྱིན་མ། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་ཉོན་སྒྲིབ་དང། ཤེས་སྒྲིབ་ཀྱི་དགྲ་བོའི་བགེགས་དང་དཔུང་ཐམས་ཅད་ལྷ༷ག་མེད་ཞི་བར་མཛད་མ་རྗེ་བཙུན་འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན་མ་དེ་ལ་གུས་པས་འདུད་དོ། །ཞེས་སོ།།   གཡས་གཡོན་གྱི་ཕྱག་མཚན་གྱི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་དགུ་པ་ནི།   ༡༠   ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །   མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། ལང་ཚོ་དར་ལ་བབ་ཅིང། ཞབས་གཡས་ཅུང་ཟད་བརྐྱངས་པའི་ཕྱེད་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱི་བརྒྱན་པ། དར་གྱི་ན་བཟའ་ཅན། འཇམ་ཞིང་མཉེན་པའི་ཕྱག་གཡོན་པའི་མཐེབ་སྲིན་གྱིས་མེ་ཏོག་ཨུཏྤལའི་ཡུ་བ་ཐུགས་ཀར་བཟུང་བ། མེ་ཏོག་གི་ཁ་སྙན་གྱི་དྲུང་དུ་བྱས་པ། མཛུབ་མོ་གུང་མོ་ཐེའུ་ཆུང་གསུམ་སྒྲེང་བ་དཀོན་མཆོག་གསུམ་འདུས་པའི་བདག་ཉིད་དུ་མཚོན་པའི་ཕྱག་རྒྱའི་སོར་མོ་རྣམས་ཀྱིས་ཐུགས་ཀར་རྣམ་པར་བརྒྱན་མ། ཡང་ན། ཕྱག་གཡོན་དཀོན་མཆོག་གསུམ་མཚོན་པའི་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ་ཡིན། འཇིགས་ཤིང་སྐྲག་པའི་སྐྱེ་བོ་རྣམས་ལ། ཁྱེད་ཅག་མ་འཇིགས་ཤིག་ང་ཡིས་མྱུར་དུ་བསྐྱབ་བོ་ཞེས་འཕྲིན་ལས་མྱུར་བ། མ་ལུས་པའི་ཕྱོགས་ཀྱི་ཆ་ཐམས་ཅད་ཕྱག་གཡས་པའི་མཆོག་སྦྱིན་གྱི་མཐིལ་འཁོར་ལོས་བརྒྱན་པ་ལས། སྒྲོལ་མ་རང་གི་སྐུའི་འོད་དང་འོད་ཟེར་གྱི་ཚོགས་རྣ༷མས་གང་ལ་གང་འདུལ་ཕན་ཚུན་འཕྲོ་ཞིང་འཁྲུག་པས་འགྲོ་བ་རྣམས་ཕྱི་ནང་གང་གི་འགལ་རྐྱེན་གྱི་བར་ཆད། འཇིགས་པ་དང་གནོད་པ་ཐམས་ཅད་ལས་སྐྱོབ་པར་མཛད་མ། འོད་གཞན་ཐམས་ཅད་ཟིལ་གྱིས་གནོན་པར་མཛད་མ། ཡང་ན། ཕྱོགས་ཀྱི་འཁོར་ལོ་སྟེ། ཕྱོགས་བཅུའི་ཞིང་དུ། རང་གི་སྐུའི་འོད་ཟེར་གྱིས་ཉི་མ་བྱེ་བའི་འོད་ཀྱིས་ཀྱང་མཚོན་པར་དཀའ་བའི་ཚོགས་རབ་ཏུ་འཁྲུགས་ཤིང་འཕྲོས་པས་ཁྱབ་ཅིང་བརྒྱན་པར་མཛད་མ། དངོས་གྲུབ་འགྲུབ་སླ་ཞིང། ལས་གང་ལའང་གསོལ་བ་བཏབ་ན་འགྲུབ་པ་ལ་མྱུར་བར་བསྔགས་པ། བཞུགས་སའི་གནས་ནི་རི་བོ་གྲུ་འཛིན་ནམ་པོ་ཏ་ལ་ཡི་སེང་ལྡེང་ནགས་ན་བཞུགས་པས། གནས་འདིའི་བདག་པོ་ཡིན་པའི་ཆ་ནས། སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་རང་གཟུགས། རྗེ་བཙུན་འཕགས་མ་སྒྲོལ་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་མཛེས་མ་ལ་ཤིན་ཏུ་གུས་པ་ཆེན་པོས་འདུད་དོ། །ཞེས་སོ།།   དབུ་རྒྱན་དང་བཞད་སྒྲའི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་བཅུ་པ་ནི།   ༡༡   ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །   བཞད་པ་རབ་བཞད་ཏུ་ཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། དད་ལྡན་རྣམས་ཀྱི་རེ་བ་སྐོང་བས་རབ་ཏུ་དགའ་བ་སྐྱེད་པའི་མཚན་དཔེའི་སྐུ་བརྗིད་ཅིང་མཛེས་པའི་བསྡུས་པ་དང། མ་དད་པ་རྣམས་ཟིལ་གྱིས་གནོན་པས་བརྗིད་ཆགས་པའི་རིན་པོ་ཆེའི་དབུ་རྒྱན་འོད་ཟེར་ཕྲེང་བ་ཁ་དོག་སྣ་ཚོགས་པ་སྤེལ་ཏེ་འཕྲོ་མ། སྔགས་ཀྱི་བཞད་མོ་རབ་ཏུ་བཞད་པའི་སྒྲ་ཏུ་ཏྟཱ་རའམ། སྔགས་སྒྲ་ཧ་ཧཱ། ཧེ་ཧཻ། ཧོ་ཧཽ། ཞེས་སོགས་ཀྱིས་འདོད་ཁམས་ཀྱི་བདག་མོ་བདུད་དགའ་རབ་དབང་ཕྱུག་དང། དེའི་གཞན་དབང་དུ་གྱུར་པའི་འཇིག་རྟེན་མཐའ་དག་དབང་དུ་བསྡུ༷ས་པར་མཛད་མ། ཡང་ན། འཇིག་རྟེན་ཐམས་ཅད་དབང་དུ་བསྡུས་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པ་ནི། དབང་བསྡུས་གཞན་ལས་ཁྱད་པར་དུ་འཕགས་པ། རྗེ་བཙུན་འཕགས་མ་སྒྲོལ་མ། གང་ལ་སྐྱབས་སུ་སོང་ན། འཚེ་བྱེད་ཀྱི་བདུད་དང། ལོག་པའི་སེམས་ཞི་ནས་ཡང་དག་ལམ་ལ་སྦྱོར་བར་མཛད་མ། བདུད་དབང་སྡུད་མ་ཁྱེད་ལ་གུས་པས་འདུད་དོ། །ཞེས་སོ།།   ཕྱོགས་སྐྱོང་བཅུས་འཕྲིན་ལས་བསྒྲུབ་པའི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་བཅུ་གཅིག་པ་ནི།   ༡༢   ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །   ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། མཁྱེན་པའི་ཐུགས་རྒྱ་མཚོ་ལྟར་ཟབ་ཅིང་ཡངས་པ་དང། རྒྱ་མཚོ་དེ་ནོར་བུའི་འབྱུང་ཁུངས་གཏེར་ཡིན་པ་ལྟར། རྗེ་བཙུན་མ་ཡང་ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཡིན་པ། ས་གཞི་ཆེན་པོ་འདི་སྐྱོང་བའི་སའི་ལྷ་མོ་བསྟན་མ། ཀླུའི་རྒྱལ་པོ་དགའ་བོ་དང་འཇོག་པོ་ལ་སོགས་པ་རྣམས་དང། གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས་སོགས་དང། ལྷའི་དབང་པོ་བརྒྱ་བྱིན་སོགས་ཕྱོགས་སྐྱོང་བཅུའི་འཁོར་ཚོགས་རྣམས་འཕྲིན་ལས་སྒྲུབ་པའི་ཕོ་ཉར་བྱེད་ཅིང། འདོད་རྒུའི་རེ་བ་ཐམས་ཅད་མྱུར་དུ་འགུགས་པར་ནུས་པའི་ཉིད་མ། ཞི་ཁྲོའི་སྐུར་བཞེངས་ནས་བརྗིད་ཅིང་ཆགས་པའི་ཁྲོ་གཉེར་གཡོ་བའི་ཐུགས་ཀའི་ཧཱུཾ་ཡིག་གིས། ལྷ་ཀླུ་མི་གསུམ་གྱི་དཔལ་དང་འབྱོར་པའི་ལོངས་སྤྱོད་ཐམས་ཅད་བཀུག་ནས། སེམས་ཅན་དབུལ་ཞིང་ཕོངས་པའི་སྡུག་བསྡལ་གྱིས་གཟིར་བ་ཐམས་ཅད་རྣ༷མ་པར་སྒྲོལ་བར་མཛད་མ། གང་ཞིག་བསྟེན་ན་མཆོག་དང་ཐུང་མོང་གི་དངོས་གྲུབ་མ་ལུས་མྱུར་དུ་སྩོལ་མཛད་མ། རྗེ་བཙུན་འཕགས་མ་སྒྲོལ་མ་འདོད་རྒུའི་རིན་ཆེན་ཆར་རྒྱུན་ལྟར་འབེབས་པར་མཛད་མ་དབུལ་སེལ་ནོར་སྦྱིན་མར་གུས་པར་འདུད་དོ། །ཞེས་སོ།།   དབུ་རྒྱན་གྱི་སྒོ་ནས་བསྟོད་པ། ཕྱ་འཚལ་ཚིགས་སུ་བཅད་པ་བཅུ་གཉིས་པ་ནི།   ༡༣   ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །   རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། ཟླ་བའི་རྩེ་མོའམ། དུམ་བུ་སྟེ་ཚེས་གཅིག་གི་ཟླ་བ་ཕྱེད་པས་དབུ་ལ་བརྒྱན་ཅིང། དེ་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་ཐམས་ཅད་ལས་སྡུག་བསྔལ་སེལ་བའི་འོད་ཟེར་དཀར་པོ་ཤིན་ཏུ་འབར་ཞིང་འཕྲོ་མ། དབུ་སྐྲ་ནག་ལ་འཇམ་ཞིང་མཐུག་པའི་ཕྱེད་བཅིངས་ཐོར་ཅོག་རལ་པའི་ཁྲོད་ན། ༸རྒྱལ་བ་འོད་དཔག་མེད་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་ནས་ འཆི་མེད་ཚེའི་རིག་འཛིན་གྱི་དངོས་གྲུབ་སྩོལ་བར་མཛད་པའི་ཚེ། འཕགས་མ་རང་གི་སྤྱི་བོར་རིག་བདག་གམ། ཡོངས་འཛིན་གྱི་ཚུལ་དུ་བརྒྱན་པ་ནི། དུས་མིན་འཆི་བདག་གི་འཇིགས་པ་འཇོམས་པའམ་དུས་རྟ༷ག་ཏུ་མཁའ་མཉམ་སེམས་ཅན་གྱི་ དོན་དུ་འོད་ཟེར་རབ་ཏུ་མཐའ་ཡས་པར་འཕྲོ་པས་སྣོད་བཅུད་བཀྲ་ཤིས་དཔལ་འབྱོར་ཕུན་སུམ་ཚོགས་པ་ཕྱོགས་དུས་ཀུན་ཏུ་ཁྱབ་པར་མཛད་པའི་རྗེ་བཙུན་འཕགས་མ་སྒྲོལ་དཀར་པོ་ཡིད་བཞིན་འཁོར་ལོ་ལ་གུས་པས་འདུད་དོ། །ཞེས་སོ།།   དྲག་པོའི་བཞུགས་ཚུལ་གྱི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་བཅུ་གསུམ་པ་ནི།   ༡༤   ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །   གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ།།   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། བསྐ༷ལ་པ་ཐ་མ་འཇིག་པའི་དུས་ཀྱི་མེ་ལྟར་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཕྲེང་བ་འཁྲུགས་པའི་དབུས་ན། ཞབས་གཡས་བརྐྱངས་གཡོན་བསྐུམས་པའི་སྐབས་ཀྱི་གདུག་པ་ཅན་རྣམས་འདུལ་བའི་ཕྱིར། ཁྲོ་མོའི་སྐུར་བཞེངས་ཏེ་གནས་ཤིང་བཞུགས་པའི་འཕགས་མ། སྒོ་ཀུན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དགའ་བའི་གདུལ་བྱའི་རྒྱུད་ཀྱི་ཕྱི་ནང་གི་གནོད་བྱེད་དགྲ་བགེགས་གཞན་སྡེའི་དཔུང་ཚོགས་སྐུའི་འོད་ཟེར་གྱིས་ལྷག་མེད་དུ་རྣམ་པར་འཇོམས་པར་མཛད་ནས། བདག་སོགས་སེམས་ཅན་ཐམས་ཅད་མི་འཇིགས་པ་སྐྱབས་ཀྱིས་བསྲུང་བར་མཛད་མ་རྗེ་བཙུན་འཕགས་མ་སྒྲོལ་མ་དགྲ་དཔུང་འཇོམས་མཛད་མ་ལ་གུས་པས་འདུད་དོ། །ཞེས་སོ།།   ཧཱུཾ་ཡིག་ལས་འོད་ཟེར་འཕྲོ་བའི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་བཅུ་བཞི་པ་ནི།   ༡༥   ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །   ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། རི་རབ་གླིང་བཞི་དང་བཅས་པའི་ས་གཞི་ཆེན་པོའི་ངོས་ལ། སྡིགས་མཛུབ་དང་བཅས་ཕྱག་གཡོན་པའི་མཐིལ་གྱིས་དྲག་ཏུ་བསྣུན་ཅིང་ཞབས་ཀྱི་མཐིལ་གྱིས་བརྡུང་བས། འཇིག་རྟེན་གཡོ་ཞིང་འགུལ་བར་མཛད་མ། ཆུ་སྐྱེས་ཀྱི་ཞལ་རས་ཁྲོ་གཉེར་ཏེ་ཁྲོས་པའི་ཉམས་དང་ལྡན་པར་མཛད་ནས། ཕྱག་གཡས་ཀྱི་མཐིལ་ན་ཡི་གེ་ཧཱུཾ་ཡིག་སྔོན་པོའི་སྒྲ་སྒྲོགས་པས་འོད་ཟེར་གྱི་མེ་ཆར་དང་བཅས་པས་ས་འོག་རིམ་པ་བདུན་པོ་ན་གནས་པའི་མི་མ་ཡིན་གྱི་ཡུལ་ཏེ། ཀླུ་དང། ལྷ་མིན། གཤིན་རྗེ་སོགས་གདུག་པ་ཅན་རྣམས་མགོ་བོ་འགེམས་ཏེ་བརྒྱལ་བར་མཛད་མ། ཡང་ན། ཞལ་རས་ཁྲོ་གཉེར་གྱི་ཤངས་ནས་ཧཱུཾ་རང་གི་སྒྲས་རིམ་པ་བདུན་པོ་འགེམས་ཤིང། རིགས་དྲུག་གི་འགྲོ་བ་རྣམས་ཐར་པའི་སར་འགོད་པར་མཛད་མ། རྗེ་བཙུན་འཕགས་མ་སྒྲོལ་མ་འཇིགས་བྱེད་ལ་མ་གུས་པ་ཆེན་པོས་འདུད་དོ། །ཞེས་སོ།།   ཆོས་སྐུའི་རྣམ་པའི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་བཅོ་ལྔ་པ་ནི།   ༡༦   ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །   སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །   ཞེས་པ་སྟེ། །གང་ལ་ཕྱག་འཚལ་ལོ་ཞེ་ན། འབྲས་བུ་སྡུག་བསྔལ་མེད་པས་བདེ་མ་དང། རྒྱུ་མི་དགེ་བ་མི་གསོག་པས་དགེ་མ། སྡུག་བསྔལ་གྱི་རྩ་བ་དང་བྲལ་བའམ། སྤང་བྱ་ཉོན་མོངས་མེད་པས་ཞི་མ། སྲིད་ཞི་གཉིས་ཀྱི་མཐའ་གང་ལའང་མི་གནས་ཤིང། མྱ་ངན་ལས་འདས་པ་མཆོག་ཏུ་ཞི་བའི་སྤྱོད་ཡུལ་ཅན་ཉིད་དུ་གྱུར་མ། ལས་དང་ཉོན་མོངས་པའི་སྒྲིབ་པ་གཉིས་ཀྱི་ས་བོན་བག་ཆགས་དང་བཅས་པ་སྤངས་པས་ཞི་བ་ཆོས་སྐུ་ཐོབ་པ། དེའི་མཐུས་ཉིད་ཀྱིས་གསུངས་པའི་རིག་སྔགས་མགོ་ཨོཾ་ནས་མཇུག་སྭ་ཧཱ་བར་ཡང་དག་ལྡ༷ན་པའི་ཡི་གེ་བཅུ་པའི་སྔགས་སྙིང་ནས་འགྱོད་པ་དང་བཅས་བཟླས་པས། དེའི་བྱིན་མཐུས་ཟློས་པ་པོའི་རྒྱུད་ཀྱི་ཆོས་སྤོང་སོགས་སྡིག་པ་ཆེན་པོ་རྣམས་ཀྱང་ལྷག་མེད་དུ་བྱང་ཞིང་དག་པའམ། འཇོམས་པར་མཛད་མ། སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་ཉམ་ཐག་འགྲོ་བ་རྣམས་སྔུག་བསྔལ་རྒྱུ་དང་བཅས་པ་ལས། ཐུགས་རྗེའི་ཕྱག་གིས་མྱུར་དུ་འདྲེན་མཛད་མ། རྗེ་བཙུན་འཕགས་མ་སྒྲོལ་མ་མྱ་ངན་སེལ་མཛད་མ་ལ་གུས་པས་འདུད་དོ། །ཞེས་སོ།།   གདོན་དང་རོ་ལངས་འཇོམས་པའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་བཅུ་དྲུག་པ་ནི།   ༡༧   ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རྣམ་པར་འགེམས་མ། །   ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། སྒོ་ཀུན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་རབ་ཏུ་མོས་ཤིང་དགའ་བ་ལས་འོད་ཟེར་འཕྲོས་པས། གདུལ་བྱའི་རྒྱུད་ལ་གནོད་ཅིང་འཚེ་བ། ཕྱི་ནང་གི་དགྲ་ཡི་ལུས་ནི་རྣམ་པར་འགེམས་པ་སྟེ་ཐོར་བར་འཇོམས་པར་མཛད་མ། དེ་ཡང་ཐུགས་ཀར་ཏཱཾ་ཡིག་གི་མཐར་ཨོཾ་ཏཱ་རེ་ཏྟཱ་རེ་ཏུ་རེ་སྭ་ཧཱ། ཞེས་པའི་ཡི་གེ་བཅུ་པའི་ངག་སྟེ་སྔགས་བཀོད་པ་དེ་རང་གི་ངག་དང་འབྲལ་མེད་བཟླ་ཞིང། ཡིད་ཀྱི་ཁྲོ་མོ་བསྐྱེད་རིམ་གསལ་བའི་སྒོ་ནས་ཐུགས་ཀར་ཧཱུཾ་ལས་བྱུང་བའི་འོད་ཟེར་གྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་རིག་སྔགས་སྟོབས་ཀྱིས་བར་ཆད་བྱས་པ་ཐམས་ཅད་འཇོམས་ཏེ་སྒྲོལ་བར་བྱེད་པོ་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པས་འཁོར་གྱིས་བསྐོར་བ། ལྷ་དང་ལྷ་མིན་ཡིད་ཅན་ཀུན་གྱི་མགོན་སྐྱབས། རྗེ་བཙུན་འཕགས་མ་སྒྲོལ་མ་རིག་ཧཱུཾ་སྒྲོལ་མ་གང་ཉིད་ལ་གུས་པས་འདུད་དོ། །ཞེས་སོ།།   ཁྲོ་མོས་ས་གསུམ་གཡོ་བའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་བཅུ་བདུན་པ་ནི།   ༡༨   ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །   རི་རབ་མནྡྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། སེམས་ཅན་མ་རུང་པ་རྣམས་གདུལ་བའི་དོན་དུ། ཞི་བས་མི་འདུལ་བར་ཁྲོ་མོའི་སྐུར་བཞེངས་ནས་ཞབས་གཉིས་བརྡབས་པས། ཏུ་རེ་ཞེས་མྱུར་བའི་ཐུགས་ཀའི་ཧཱུཾ་ཡིག་གི་རྣ༷མ་པའི་ས་བོན་ཉིད་ཀྱིས་འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་གནས་པའི་གནས་རིའི་རྒྱལ་པོ་རི་རབ་དང་མན་ད་ར་འབིགས་བྱེད་སོགས་རི་རྣམས་དང། ས་འོག་ས་སྟེང། ས་བླའི་འཇིག་རྟེན་གསུམ་གཡོ་ཞིང་འགུལ་བར་མཛད་མ་གང་ཉིད། དྲག་ཤུལ་རྫུ་འཕྲུལ་མཐུ་སྟོབས་ཀྱིས་དགྲ་ཇག་ཆོམ་རྐུན་རྔོན་པ་སོགས་ཀྱི་ལུས་ངག་ཡིད་གསུམ་མནན་ཏེ་སེམས་ཅན་རྣམས་བདེ་བ་ལ་འགོད་པར་མཛད་མ། རྗེ་བཙུན་འཕགས་མ་སྒྲོལ་མ་འཇིག་རྟེན་གསུམ་གཡོ་བ་ལ་གུས་པས་འདུད་དོ། །ཞེས་སོ།།   བརྟན་གཡོའི་དུས་རྣམས་སེལ་བའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་བཅོ་བརྒྱད་པ་ནི།   ༡༩   ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །   ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། ལྷའི་ཡུལ་གྱི་བདུད་རྩིའི་མཚོ་ཡི་རྣམ་པར་དཀར་ཞིང་ཟླུམ་པའི་རྣམ་པ་ཅན་གྱི་ཟླ་བའི་དཀྱིལ་འཁོར་དབུས་སུ་རི་དྭགས་ཀྱི་རྟགས་མཚན་ཅན་དེ་ཕྱག་ན་བསྣམས་ནས་དུག་རྣམས་སེལ་བར་མཛད་མ། ཏཱ་ར་གཉིས་བརྗོད་ཀྱིས་མཚན་པའི་ཡི་གེ་བཅུ་པ་ལ་ཕཊ་ཀྱིས་བརྒྱན་པའི་རིག་སྔགས་ཟབ་མོ་བཟླས་པས་ན། གཡོ་བའི་དུག་རྣ༷མས་མ་ལུས་པ་ནི་སེལ་བར་མཛད་མ་རྗེ་བཙུན་འཕགས་མ་སྒྲོལ་མ་དུག་དང་སྦྱར་དུག་གི་གནོད་པ། ཀླུ་དང་ས་བདག་གདུག་པའི་དུག་ནད་ཀུན། མྱུར་དུ་མིང་ཙམ་མེད་པར་ཞི་མཛད་མ། ཐུབ་པ་རྣམས་དང་སེམས་དཔའི་ཚོགས། ཁྲོ་བོ་ཁྲོ་མོ་འཁོར་གྱིས་བསྐོར་བ། སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་རྣམ་འཕྲུལ་གྱིས་དུས་གསུམ་༸རྒྱལ་བ་མ་ལུས་པའི་མཁྱེན་བརྩེ་ནུས་པ་རྣམས་རབ་ཏུ་མཛེས་པའི་ལྷ་མོའི་སྐུར་བསྟན་པ་རྗེ་བཙུན་འཕགས་མ་སྒྲོལ་མ་དུག་སེལ་མ་ལ་གུས་པས་འདུད་དོ། །ཞེས་སོ།།   རྨི་ལམ་དང་མཚན་མ་ངན་པ་སེལ་བའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་བཅུ་དགུ་པ་ནི།   ༢༠   ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །   ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། ལྷ༷འི་ཚོགས་རྣ༷མས་ཀྱི་རྒྱལ་པོ་བརྒྱ་བྱིན་དང། ཚངས་པ། ལྷ་ཕལ་པ། མི་འམ་ཅིའི་རྒྱལ་པོ་སོགས་ཀྱི་སྤྱི་གཙུག་གི་གུས་པས་ཁྱེད་ཞབས་བསྟེན་མ། ཀུན་ནས་ཏེ་ལྷ་མོ་ཁྱེད་ཀྱི་བྱིན་གྱིས་བརླབས་པའི་སྔགས་དང་ཕྱག་རྒྱ་བསྒོམ་པའི་གོ་ཆའམ། སྲུང་བས་དགའ་བདེའི་རྒྱུ་དེས། སྒྲུབ་པ་པོའི་སྒོ་གསུམ་ནས་སྟོབས་གཟི་བརྗིད་འབར་ཏེ་རྩོད་པ་དང། རྨི་ལམ་དང་མཚན་མ་ངན་པ་སོགས་མདོར་ན་མི་འཚམས་པ་ཐམས་ཅད་སེལ་བར་མཛད་མ། ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བའི་འཆི་མེད་ལྷ་ཡི་བུ་མོ་སྟོང་ཕྲག་མང་པོ་དག་ གིས་རྗེ་བཙུན་མ་དང་འགྲན་པ་ལྟ་ཞོག ཁྱོད་ཀྱི་དྲུང་དུ་བྲན་མོ་ཙམ་ཡང་ཐོབ་པར་དཀའ་བ། མཛེས་སྡུག་གི་ཆ་ཐམས་ཅད་ཡོངས་སུ་རྫོགས་པའི་ལྷ་མོ། རྗེ་བཙུན་འཕགས་མ་སྒྲོལ་མ་གཙུག་ཏོར་གདུགས་དཀར་ཞབས་ལ་སྙིང་ནས་འདུད་དོ། །ཞེས་སོ།།   རིམས་ནད་སེལ་བའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་ཉི་ཤུ་པ་ནི།   ༢༡   ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །   ཧ་ར་གཉིས་བརྗོད་ཏུ་ཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། ཉི་མ་དང་ཟླ་བ་རྒྱས་པ་ལྟ་བུའི་སྤྱན་གཉིས་པོའི་གཡས་ཉི་མ་ལས་འོད་ཟེར་རབ་ཏུ་གསལ་བ་འཕྲོས་པས་ནད་བདག་ཐམས་ཅད་རྩ་སྦུར་མེས་བསྲེགས་པ་བཞིན་ཚར་གཅོད་པ་དང། གཡོན་ཟླ་བ་བདུད་རྩིའི་རྒྱུན་རབ་ཏུ་འབབས་བས་ནད་རིམས་རྒྱུ་འབྲས་བཅས་ཁྲོ་མོའི་ སྔགས་ཧཱ་རཱ་ (འཕྲོག་མ་) གཉིས་བརྗོད་ཏུ་ཏྟཱ་ར་ཡིས་ ཏེ། ཨོཾ་ན་མ་ཏཱ་རེ་ན་མོ་ཧཱ་རེ་ཧཱུཾ་ཧཱ་རེ་སྭཱ་ཧཱ། ཞེས་པ་དང། ཞི་བའི་སྔགས་ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ། བརྗོད་པས་ཤིན་ཏུ་དྲག་པོ་སྟེ་གསོ་བར་དཀའ་བའི་རིམས་ནད་མ་ལུས་པ་ཡང་སེལ་བར་མཛད་མ། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མཐར་ཕྱིན་པས་ན། གཏན་གྱི་སྐྱབས་སུ་འོས་པ་ལུས་ཅན་རྣམས་ལ་ནད་རིམས་སོགས་དུས་མིན་འཆི་བ་སོགས་འཇིགས་པ་ཀུན་ལས་སྐྱབས་པར་མཛད་མ། རྗེ་བཙུན་འཕགས་མ་སྒྲོལ་མ་རིམས་ནད་ཀུན་སེལ་མ་ཁྱེད་ལ་གུས་པས་འདུད་དོ། ཞེས་སོ།།   གདོན་དདང་རོ་ལངས་འཇོམས་པའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། ཕྱག་འཚལ་ཚིགས་སུ་བཅད་པ་ཉི་ཤུ་རྩ་གཅིག་པ་ནི།   ༢༢   ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །   གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་ཏེ་རབ་མཆོག་ཉིད་མ། །   ཞེས་པ་སྟེ། གང་ལ་ཕྱག་འཚལ་ལོ་ཞེ་ན། སྒྲུབ་པ་པོ་ལྷ་མོའི་རྣལ་འབྱོར་ལ་གནས་པའི་རང་གི་ལུས་ངག་ཡིད་གསུམ་འཕགས་མའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒོམ་པར་བྱ་སྟེ། དེ་ཡང་སྤྱི་བོར་སྐུའི་དེ་ཉིད་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ་རྣ༷མས་རང་གི་གནས་གསུམ་དུ་བཀོད་པ་དེའི་འོད་ཀྱིས་རང་གི་སྒོ་གསུམ་གྱི་ཉེར་འཚེ་བར་ཆད་ཐམས་ཅད་ལྷག་མེད་དུ་ཞི་བའི་མཐུ་དང་ནུས་པ་ཡང་དག་ལྡན་མ། ཁྱད་པར་འཕགས་མའི་སྐུ་གསུང་ཐུགས་ཀྱི་ཡི་གེ་ཨོཾ་ཨཱཿཧཱུཾ་གསུམ་ལས་འཕྲོས་པའི་འོད་ཟེར་གྱིས་གདོན་དང་རོ་ལངས་སོགས་ཀྱི་ངན་སྔགས་དང། མདངས་འཕྲོག་པའི་གནོད་སྦྱིན་ཚོགས་རྣམས་ཀྱིས་ནད་པའི་བླ་ཚེ་བརྐུས་པ་རྣམས་སྐད་ཅིག་གིས་བཀུག་ནས་འཇོམས་པ་ལ་ཏུ་རེ་རབ་མཆོག་སྟེ། ཡི་གེ་བཅུ་པའི་སྔགས་ཀྱིས་འཇོམས་པར་མཛད་མ་ཉིད་མ། ཞི་རྒྱས་དབང་དྲག་སོགས་རབ་འབྱམས་ལས་དོན་རྣམས་ཡིད་བཞིན་འགྲུབ་པའི་ཞི་བའི་མཐུ་དང་ལྔན་མ། ཐུགས་ཤིན་ཏུ་མྱུར་ཞིང་རབ་ཏུ་བརྩེ་བའི་བདག་ཉིད་མ་རྗེ་བཙུན་འཕགས་མ་སྒྲོལ་མ་ཞི་ཞིང་འཇམ་པའི་ཉམས་ལྡན་རབ་ཞི་མ་ཁྱེད་ལ་གུས་པ་ཆེན་པོས་འདུད་དོ། །ཞེས་སོ།།   ༢༣   རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །   ཞེས་པ་སྟེ། གཞུང་གི་དོན་བསྡུས་ནས་བསྟན་པ་ནི། རྗེ་བཙུན་འཕགས་མ་སྒྲོལ་མའི་རྩ་བའི་རིག་སྔགས་ཀྱི་དོན་དང། ཡོན་ཏན་གྱི་སྒོ་ནས་བསྟོད་པ་འདི་དང། སྒྲོལ་མ་ཉེར་ཅིག་ལ་བསྟོད་པ་འདི་ལ་ཚིགས་བཅད་ཉི་ཤུ་རྩ་གཅིག་ཡོད་པ་དང། ཕྱག་འཚལ་ལོ་ཞེས་པ་ཡང་ཉི་ཤུ་རྩ་གཅིག་ཡོད་པས། རྗེ་བཙུན་འཕགས་མ་སྒྲོལ་མའི་རྣམ་འཕྲུལ་ཉི་ཤུ་རྩ་གཅིག་གཞུང་འདིར་ཚང་བར་བསྟན་པ་དང་བཅས། ཡང་དག་པ་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་གསུངས་པ་འཕགས་མ་སྒྲོལ་མ་ལ་བསྟོད་པ་ཕྱག་འཚལ་བ་ཉི་ཤུ་རྩ་གཅིག་རྫོགས་སོ།། །།