སྒྲུབ་སྡེ་དགོན་

ཡོང་ཁུངས་Wikipedia

སྟག་ཕུའི་སྒྲུབ་སྡེ་དགེ་ལྡན་ལུགས་བཟང་ཀུན་འཕེལ་གླིང་ནི་ཕྱི་ལོ་༡༩༢༠ལོར་ཁྱབ་བདག་སྟག་ཕུ་བ་ཆེ་པོ་པདྨ་བཛྲས་ཕྱག་བཏབ། དགོན་པ་འདི་ཉིད་ནགས་ཤོད་ཚོ་དགུའི་སྤྱི་དགོན་དུ་ངོས་འཛིན་གནང་ནས་ཚོ་པ་སོ་སོའི་དགོན་སྡེ་ནས་གྲྭ་ཁྲལ་སྤྲད་པ་སོགས་བྱུང་ཡོད། ནགས་ཤོད་ཀྱི་དགོན་སྡེ་ཆ་ཚང་འདུས་ནས་སྨོན་ལམ་ཆེན་མོ་འཚོགས་མྱོང་ཡོད། དེ་ཡང་ཁམས་སྟོད་ནགས་ཤོད་འབྲི་རུའི་རྫོང་ནས་བྱང་ཕྱོགས་སུ་སྦྲུལ་ནང་ཞེས་པའི་ལུང་པར་རྐང་ལམ་ཆུ་ཚོད་གཅིག་ཙམ་ཕྱིན་པའི་སར་དགོན་པ་འདི་ཆགས་ཡོད། རིག་གནས་གསར་བརྗེའི་ཕྱིས་སུ་ཁྱུང་སྤྲུལ་སྐལ་བཟང་བསྟན་འཛིན་མཁས་གྲུབ་དབང་ཕྱུག་དཔལ་བཟང་པོ་མཆོག་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སློབ་དཔོན་སྐལ་བཟང་བསླབ་གསུམ་དཔལ་བཟང་པོ་རྣམ་པ་གཉིས་གཙོར་མཛད་དགོན་པ་འདི་ཉིད་སྔར་ལས་ལྷག་པར་གསར་བཞེངས་མཛད་པའོ།