Jump to content

སྒྲིབ་པ་མེད་

ཡོང་ཁུངས་Wikipedia

སྒྲིབ་པ་མེད་ཅེས་པ་ནི་བྱང་ཆུབ་སེམས་དཔའ་ཁ་ཅིག་གི་མཚན་ཡིན་ཏེ། དེ་དག་གིས་རྫུ་འཕྲུལ་གྱི་མཐུ་ལ་བརྟེན་ནས་སེམས་ཅན་གྱི་སྡུག་བསྔལ་སེལ་བའི་འཕྲིན་ལས་བསྒྲུབས་པའི་བྱང་ཆུབ་སེམས་དཔའ་ལ་གོ

ནང་དོན།

[རྩོམ་སྒྲིག]

"བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པ་སྟེ་སྒྲིབ་པ་རྣམ་སེལ་ལ་སོགས་པ་རྣམས་རང་རང་གི་རྫུ་འཕྲུལ་གྱི་མཐུ་ལས་བྱུང་བའི་སྤྲིན་བདེ་བ་སྟེ་ཡིད་དུ་འོང་བ་དང་བསིལ་ཞིང་དྲི་ཞིམ་ངད་ལྡན་ཆར་པ་འབེབས་མཐོང་ནས། སེམས་ཅན་དམྱལ་བ་དེ་དག་མངོན་པར་དགའ་གྱུར་ཅིག"[] ཅེས་པས་སྒྲིབ་པ་མེད་ཅེས་པའི་བྱང་ཆུབ་སེམས་དཔའ་ཞིག་འམ་སྒྲིབ་པ་རྣམ་སེལ་སོགས་བྱང་ཆུབ་སེམས་དཔའ་རེ་རེས་རང་ཉིད་ཀྱི་རྫུ་འཕྲུལ་གྱི་མཐུ་ལས་ནམ་མཁར་སྤྲིན་ཡིད་དུ་འོང་ཞིང་བདེ་བ་དང་བསིལ་ཞིང་དྲི་ཞིམ་པའི་ཆར་པ་འབེབས་པ་མཐོང་ནས། དེའི་བརྐྱེན་གྱིས་སེམས་ཅན་དམྱལ་བ་པ་རྣམས་མངོན་པར་དགའ་ཞིང་བདེ་བ་ཞེན་པོ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པའི་ཚུལ་གསུངས་པ་ཡིན་ནོ། ། "བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་སྒྲིབ་པ་མེད་པའི་སྤྲིན་ལས་བདེ་བ་དང་བསིལ་ཞིང་དྲི་ཞིམ་པ་དང་ལྡན་པའི་ཆར་པ་འབེབས་པ་མཐོང་ནས་སེམས་ཅན་དམྱལ་བ་པ་དེ་དག་མངོན་པར་དགའ་བར་གྱུར་ཅིག"[] ཅེས་པས་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་དང་ལྡན་པ་གང་ཞིག་སྒྲིབ་པ་མེད་པ་དེས་ནམ་མཁའི་སྤྲིན་ལས་བདེ་བ་དང་བསིལ་ཞིང་དྲི་ཞིམ་པའི་ཆར་པ་འབེབས་ཏེ། དེ་མཐོང་བས་དམྱལ་བ་པ་རྣམས་དགའ་བདེ་ཐོབ་པར་འགྱུར་བའི་སྨོན་ལམ་འདེབས་པའི་བྱང་ཆུབ་སེམས་དཔའ་ལ་སྒྲིབ་པ་མེད་དོ། །

མཛད་པ་དང་འཕྲིན་ལས།

[རྩོམ་སྒྲིག]

"སྤྱན་རས་གཟིགས་དབང་ཕྱུག་དེ་དམྱལ་བ་མནར་མེད་པར་ཞུགས་མ་ཐག་ཏུ་ལྕགས་ཁང་ཐམས་ཅད་ནི་ཞིག་དམྱལ་བའི་ཕྲུ་ཆེན་རྣམས་ནི་འཐོར་མེ་ནི་ཞི་སྟེ་རྫིང་བུ་བསིལ་བར་གྱུར། དམྱལ་བ་པ་དེ་རྣམས་སྐད་ཅིག་གིས་ཚེ་འཕོས་པས་དམྱལ་སྲུང་རྣམས་གཤིན་རྗེའི་མདུན་དུ་དོང་ནས་སེམས་ཅན་དམྱལ་བ་འདིར་སྐྱེས་བུ་འདོད་པའི་གཟུགས་ཅན་ཞིག་འོངས་མ་ཐག་བདག་ཅག་གི་ལས་ཀྱིས་བས་པར་གྱུར་ཏོ། ཞེས་གསོལ་ཞིང་གཤིན་རྗེའི་རྒྱལ་པོས་བལྟས་ན་སྤྱན་རས་གཟིགས་བཞུགས་པར་མཐོང་ནས་བསྟོད་ཅིང་ཕྱག་བཙལ་བ་དང༌།"[] ཞེས་ཟ་མ་ཏོག་བཀོད་པ་ལས་གསུངས་པ་དེ་ལྟར། སྤྱན་རས་གཟིགས་དབང་ཕྱུག་གིས་དམྱལ་བར་གཤེགས་པ་ཙམ་གྱིས་དམྱལ་བའི་ལྕགས་ཁང་ཞིག་སྟེ་ཕྲུ་ཆེན་རྣམས་འཐོར་ཞིང་མེ་ཞི་སྟེ་རྫིང་བུ་བསིལ་བར་གྱུར་པ་དང་། དམྱལ་བ་པ་རྣམས་སྐད་ཅིག་ལ་ཚེ་འཕོས་པ་ནི་སྒྲིབ་པ་མེད་པའི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་མཐུ་ཆེན་པོས་ཡིན་པར་རྟོགས་དགོས་སོ། །

ཁྱད་ཆོས།

[རྩོམ་སྒྲིག]

"བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པ་ཞེས་སྒྲིབ་པ་རྣམ་སེལ་ལ་སོགས་པའི་ཐུགས་བསྐྱེད་སྨོན་ལམ་རྫུ་འཕྲུལ་གྱིས་ནམ་མཁར་སྤྲིན་གྱི་ཚོགས་འཁྲིགས་པ་ལས་ལུས་ལ་བདེ་བ་བསྐྱེད་པ་དང༌། བསིལ་ཞིང་དྲི་ཞིམ་པོའི་ངད་དང་ལྡན་པའི་ཆར་པ་འབེབས་པ་མཐོང་ནས་སེམས་ཅན་ཚ་དམྱལ་བ་དེ་དག་མངོན་མཐོ་དང་ངེས་པར་ལེགས་པའི་དགའ་བདེ་རྒྱ་ཆེན་པོ་མྱུར་དུ་ཐོབ་པར་གྱུར་ཅིག"[] ཅེས་པས་སྒྲིབ་པ་མེད་ཅེས་པའི་བྱང་ཆུབ་སེམས་དཔའ་ཞིག་གམ་སྒྲིབ་པ་རྣམ་སེལ་སོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྱད་ཆོས་ནི། ཐུགས་བསྐྱེད་སྨོན་ལམ་རྫུ་འཕྲུལ་གྱི་མཐུ་གསུམ་ལ་བརྟེན་ནས་ནམ་མཁར་སྤྲིན་གྱི་ཚོགས་འཁྲིགས་པ་ལས་ལུས་ལ་བདེ་བ་བསྐྱེད་ཅིང་བསིལ་ཞིང་དྲི་ཞིམ་པའི་ཆར་པ་འབེབས་ཏེ། དེས་ཚ་དམྱལ་གྱི་སེམས་ཅན་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་དགའ་བདེ་ཆེན་པོ་མྱུར་དུ་ཐོབ་པར་བྱེད་པ་ལ་གོ་དགོས་པ་ཡིན་ནོ། །

བསྡུས་དོན།

[རྩོམ་སྒྲིག]

སྒྲིབ་པ་མེད་ཅེས་པ་ནི་བྱང་ཆུབ་སེམས་དཔའ་ཁ་ཅིག་གི་མཚན་ཏེ། དེ་དག་གིས་སྨོན་ལམ་གྱི་སྟོབས་དང་རྫུ་འཕྲུལ་གྱི་མཐུ་ལ་བརྟེན་ནས་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྡུག་བསྔལ་སེལ་ཏེ་བདེ་བ་དང་བསིལ་བའི་ཆར་པ་འབེབས་པས་ཚ་དམྱལ་གྱི་སྡུག་བསྔལ་ལས་ཐར་ཏེ་དགའ་བདེ་ཆེན་པོ་ལ་སྤྱོད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ལ་གོའོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  2. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  3. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།