སྒྲིབ་པ་ཉོན་མོངས་
སྒྲིབ་པ་ཉོན་མོངས་ཞེས་པ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་སྒྲིབ་པ་བྱེད་པའི་ཉོན་མོངས་པའི་དྲི་མ་རྣམས་ཏེ། ཆོས་ཀྱི་དོན་ཚུལ་བཞིན་དུ་རྟོགས་པ་དང་སེམས་ཀྱི་ཞི་གནས་ལ་གེགས་སུ་འགྱུར་བའི་རྐྱེན་རྣམས་ལ་གོ་དགོས།
སྒྲ་བཤད།
[རྩོམ་སྒྲིག]"སྒྲིབ་པ་ཞེས་པ་ནི་ཤེས་བྱ་ལ་མངོན་པར་ཞེན་པ་དང་། འདོད་ཆགས་ལ་སོགས་པའོ། །ཡང་དག་པའི་དོན་རྟོགས་པ་དང་འགལ་བའི་ཕྱིར་སྒྲིབ་པའོ། །དེ་དག་ཉིད་ལུས་དང་ངག་དང་ཡིད་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པའོ། །"[༡]
ནང་དོན།
[རྩོམ་སྒྲིག]ཉོན་མོངས་པའི་སྒྲིབ་པ་ལྔ། ཆོས་ཐོས་པའི་སྐབས་སུ་གེགས་སུ་འགྱུར་བའི་ཉོན་མོངས་པ་ལྔ་ཡོད་དེ། "ཆོས་ཚུལ་བཞིན་ཡིད་ལ་བྱེད་པའམ་འཛིན་པའི་གེགས་སུ་གྱུར་པ་འདོད་པའི་འདུན་པ་སོགས་སྒྲིབ་པ་ལྔ་ནི་ཉོན་མོངས་པ་ཞེས་བྱ་སྟེ་དེ་རྣམས་བསལ་ནས།"[༢] ཞེས་གསུངས། ཤེས་བྱའི་སྒྲིབ་པ། "གང་ཉན་ན་ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་གཉིས་བསལ་བ་སྟེ་སྤངས་པའི་སྒོ་ནས་དྲི་མའི་སྐྱོན་ཐམས་ཅད་ལས་འདས་པའི་སངས་རྒྱས་དོན་དུ་གཉེར་ཞིང་།"[༣]
ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས། "ཆོས་སྒྲུབ་པའམ་ཉམས་སུ་ལེན་པའི་གེགས་སུ་གྱུར་པ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པའི་དྲི་མ་ལས་འདས་པ།"[༤]
དབྱེ་བ།
[རྩོམ་སྒྲིག]སྤྱིར་སྒྲིབ་པའི་རིགས་གཉིས། ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་གཉིས་སུ་དབྱེ་ཞིང་། ཉོན་མོངས་པ་དྲུག "ཉོན་མོངས་པ་འདོད་ཆགས་དང་། ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་དང་ལྟ་བ་དང་ཐེ་ཚོམ་སྟེ་དྲུག་པོ་དེ་དག་གི་དྲི་མ་ལས་འདས་ནས་"[༥]
སྤང་བྱེད།
[རྩོམ་སྒྲིག]གཉེན་པོའི་སྒོ་ནས་སྤང་བ། "དེ་ཡང་གཉེན་པོ་གོམས་པར་བྱས་པས་བསལ་བར་ནུས་པའི་ཕྱིར་དྲི་མའོ། །"[༦]ཞེས་གསུངས་པ་ལྟར་གཉེན་པོའི་ཤེས་རབ་སྒོམ་པ་ལ་བརྟེན་ནས་སྤང་ནུས། ཞི་བའི་ཐབས་ལམ། "དངོས་པོ་ལ་མངོན་པར་ཞེན་པ་དང་། འདོད་ཆགས་ལ་ཞེན་པ་མེད་པར་དེ་ཉིད་ལ་གཞོལ་བའི་སེམས་ཀྱིས་མཉན་པར་བྱ་སྟེ། གཞན་དུ་ན་དོན་རྟོགས་པར་མི་འགྱུར་བའི་ཕྱིར་རོ། །"[༧]
ལུང་ཁུངས།
[རྩོམ་སྒྲིག]- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༨
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་༣b
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་༣a
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་༣b
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས་༡༢
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༨
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༨