སྒྲིབ་པ་
སྒྲིབ་པ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་གེགས་བྱེད་པའམ་བར་དུ་གཅོད་པའི་དྲི་མའི་རིགས་ཤིག་སྟེ། "ཐོག་མ་མེད་པ་ནས་སྒྲིབ་པ་གསུམ་སྟེ་བྱ་འོས་མ་བྱས་པ་དང་མི་བྱ་བ་བྱས་པ་དང་བྱ་བ་བྱས་པ་ཆུད་ཟོས་པའོ། །"[༡]ཞེས་གསུངས་པ་ལྟར། སྒྲིབ་པ་ནི་ཐོག་མ་མེད་པ་ནས་བསགས་པའི་དྲི་མ་ཞིག་ཡིན་ནོ། །
མཚན་ཉིད།
[རྩོམ་སྒྲིག]"སྒྲིབ་པ་དང་ཁེབས་པའི་རྩ་བ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ། །"[༢]ཞེས་གསུངས་པ་ལྟར། ཡུལ་གང་ཞིག་ལ་སྒྲིབ་པའམ་ཁེབས་པར་བྱེད་པའི་དྲི་མའི་མཚན་ཉིད་ཅན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]"ལས་སྒྲིབ་རྣམ་པར་དག་པའི་མདོ་ལས་སྒྲིབ་པའི་སྒྲ་ནི་གནོད་པར་གསུངས་ཏེ། འཇམ་དཔལ་སྒྲིབ་པ་ཞེས་བྱ་བ་ནི་འདོད་ཆགས་སྒྲིབ་པ་ཞེ་སྡང་སྒྲིབ་པ་གཏི་མུག་སྒྲིབ་པ་སྦྱིན་པ་སྒྲིབ་པ་ཚུལ་ཁྲིམས་སྒྲིབ་པ་ཞེས་སོགས་དང༌།"[༣] ཞེས་གསུངས་པ་ལྟར། གནོད་པར་བྱེད་པའི་དོན་ཏོ། །"ཤེས་བྱ་ལ་མངོན་པར་ཞེན་པ་དང་། འདོད་ཆགས་ལ་སོགས་པའོ། །ཡང་དག་པའི་དོན་རྟོགས་པ་དང་འགལ་བའི་ཕྱིར་སྒྲིབ་པའོ། །དེ་དག་ཉིད་ལུས་དང་ངག་དང་ཡིད་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པའོ། །དེ་ཡང་གཉེན་པོ་གོམས་པར་བྱས་པས་བསལ་བར་ནུས་པའི་ཕྱིར་དྲི་མའོ། །"[༤]ཞེས་གསུངས་པ་ལྟར། ཡང་དག་པའི་དོན་རྟོགས་པ་ལ་བར་ཆད་བྱེད་པའི་ཕྱིར་སྒྲིབ་པ་ཞེས་བྱ་ཞིང་། དེ་དག་གིས་སེམས་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པ་ཞེས་ཀྱང་བྱ། གཉེན་པོ་གོམས་པས་བསལ་ནུས་པས་དྲི་མ་ཞེས་ཀྱང་བྱའོ། །
ངེས་ཚིག
[རྩོམ་སྒྲིག]དམ་པའི་ཆོས་ཉན་པའི་སྐབས་སུ་ "འགལ་རྐྱེན་དང་གཡེང་བ་སྤངས་ཏེ། དེ་བཞིན་དུ་གཉིད་དང་རྨུགས་པ་དང་། རྒོད་པ་དང་འགྱོད་པ་དང་གནོད་སེམས་ཏེ། བདུན་བསལ་ཞིང་དེ་ལས་ཀྱང་། སྒྲིབ་པ་བསལ་ནས་ཉོན་མོངས་པ་འདོད་ཆགས་དང་། ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་དང་ལྟ་བ་དང་ཐེ་ཚོམ་སྟེ་དྲུག་པོ་དེ་དག་གི་དྲི་མ་ལས་འདས་ནས།"[༥] དམ་པའི་ཆོས་ཚུལ་བཞིན་དུ་ཉན་པར་བྱ་དགོས་ཞེས་གསུངས། "གང་ཉན་ན་ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་གཉིས་བསལ་བ་སྟེ་སྤངས་པའི་སྒོ་ནས་དྲི་མའི་སྐྱོན་ཐམས་ཅད་ལས་འདས།"[༦] ཞེས་པ་ལྟར་སྒྲིབ་པ་ཉིད་རང་གཞན་དུ་དབྱེ་ནུས།
དབྱེ་བ།
[རྩོམ་སྒྲིག]དབྱེ་བའི་གྲངས། མདོ་སྡེ་རྒྱན་ལས། "སེམས་སྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །"ཞེས་གསུངས་པ་ལྟར། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཅས་པ་བཞིར་དབྱེའོ། །སྒྲིབ་པའི་དབྱེ་བ་གཙོ་བོ། "ཉོན་མོངས་པའི་སྒྲིབ་པ་ཟད་པར་སྤངས་པས་ལེགས་པའམ་མཛེས་པར་གཤེགས་པ་དང༌།"[༧] ཞེས་དང་། "ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཟད་པར་སྤངས་པས་མ་ལུས་པར་གཤེགས་པས་བདེ་བར་གཤེགས་པའོ། །"[༨]ཞེས་གསུངས་པ་ལྟར། སྒྲིབ་པ་ལ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སུ་དབྱེའོ། །"ལས་དང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་མཐའ་དག་ལས་བསྒྲལ་བར་བྱའོ་ཞེས་དམ་བཅས་པའི་དུས་གང་གི་ཚེ་བདག་རང་ཉིད་ཀྱང་།"[༩] ཞེས་གསུངས་པ་ལྟར། ལས་ཀྱི་སྒྲིབ་པའང་ཡོད་དོ། །བསམ་གཏན་གྱི་སྒྲིབ་པ། "དེ་ཡང་བསམ་གཏན་གྱི་སྒྲིབ་པ་ནི་ལྔ་སྟེ། རྒོད་འགྱོད་དང་གཉིད་རྨུགས་དང་གནོད་སེམས་དང་འདོད་འདུན་དང་ཐེ་ཚོམ་མོ། །"[༡༠]ཞེས་གསུངས་པ་ལྟར། བསམ་གཏན་གྱི་སྒྲིབ་པ་ལྔ་ཡོད་དེ། བཤེས་སྤྲིང་ལས། "རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང་། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལེགས་པར་མཁྱེན་པར་མཛོད། །"ཅེས་གསུངས་སོ། །
སྒྲིབ་པ་སྦྱོང་ཐབས།
[རྩོམ་སྒྲིག]"མི་བྱ་བ་བྱས་པ་ལ་གཉིས་ཏེ་རང་གིས་མི་དགེ་བ་བྱས་པ་དང༌། གཞན་གྱི་དགེ་བ་ལ་བར་ཆོད་བྱས་པའོ། །དང་པོའི་གཉེན་པོར་སྡིག་བཤགས་སོ། །གཉིས་པའི་གཉེན་པོར་རྗེས་སུ་ཡི་རང་བ་སོགས་གསུམ་མོ། །"[༡༡]ཞེས་གསུངས་པ་ལྟར། སྒྲིབ་པ་སྦྱོང་བའི་ཐབས་སུ་སྡིག་བཤགས་དང་རྗེས་སུ་ཡི་རང་སོགས་ཡོད་དོ། །"དེ་བས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་བསལ་བའི་ཕྱིར་ཏུ་ལྷག་མཐོང་བསྐྱེད་དགོས་ལ་དེ་ཡང་སྔོན་དུ་ཞི་གནས་བསྒྲུབ་དགོས་པས་ཞི་གནས་སྐྱེ་བའི་གེགས་ལོག་པའི་ལམ་འདོད་པའི་རྣམ་རྟོག་སོགས་མཐའ་དག་ལས་སེམས་བསླན་ཏེ།"[༡༢] ཞེས་གསུངས་པ་ལྟར། སྒྲིབ་པ་བསལ་བའི་ཐབས་མཐར་ཐུག་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ཡིན་ནོ། །"ཤེས་རབ་ནི་མཆོག་ཡིན་པས། དེ་བསྐྱེད་པའི་དོན་དུ་ཐོས་བསམ་རྣམ་དག་ལ་འབད་པར་རིགས་ཏེ།"[༡༣] ཞེས་དང་། རྒྱུད་བླ་མ་ལས། "གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་། །ཁྲིམས་ཀྱིས་མཐོ་རིས་བསྒོམ་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ཡང་འདི་ཐོས་ཡིན། །"ཞེས་གསུངས་པ་ལྟར། སྒྲིབ་པ་གཉིས་ཀྱི་གཉེན་པོ་མཐར་ཐུག་ནི་ཤེས་རབ་ཡིན་ནོ། །"ཆོས་ཚུལ་བཞིན་ཡིད་ལ་བྱེད་པའམ་འཛིན་པའི་གེགས་སུ་གྱུར་པ་འདོད་པའི་འདུན་པ་སོགས་སྒྲིབ་པ་ལྔ་ནི་ཉོན་མོངས་པ་ཞེས་བྱ་སྟེ་དེ་རྣམས་བསལ་ནས། ཆོས་སྒྲུབ་པའམ་ཉམས་སུ་ལེན་པའི་གེགས་སུ་གྱུར་པ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པའི་དྲི་མ་ལས་འདས་པ།"[༡༤] ཞེས་གསུངས། སྤྱིར་བཏང་དུ་སྒྲིབ་པ་ལ་གཙོ་བོ་གཉིས་ཡོད་དེ། ཤེས་བྱའི་སྒྲིབ་པ་གཉུག་མའི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཡོངས་སུ་རྟོགས་པ་ལ་བར་ཆད་བྱེད་པའི་རྨོངས་པ་དང་མ་རིག་པའི་བག་ཆགས་ཅན་གྱི་སེམས་རྣམས་ལ་ཟེར། ཉོན་མོངས་པའི་སྒྲིབ་པ་འདོད་ཆགས་དང་ཞེ་སྡང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་རགས་པ་དང་ཕྲ་བ་གང་རུང་གིས་སེམས་ཀྱི་རྒྱུན་ཉོན་མོངས་པར་བྱེད་པ་རྣམས་ལ་ཟེར།
འབྲས་བུ།
[རྩོམ་སྒྲིག]"དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་ཕྱིར་སྒྲིབ་པ་མཐའ་དག་ལས་གྲོལ་བ་སྐྱེ་བོ་ཞེས་བསྟན་པའི་ཕྱིར།"[༡༥] ཞེས་གསུངས་པ་ལྟར། སྒྲིབ་པ་མཐའ་དག་ལས་གྲོལ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར །ཤོག་ངོས་ ༡༢༧
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༦༣
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༨༦
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༦
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༦
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༢༢༧
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༢༤༦
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༡༢༧
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༢༤༠
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༦༥༡
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༣༤༤