སྒྲ་ཚིགས་

ཡོང་ཁུངས་Wikipedia

མིང་དང་ཐ་སྙད་རྣམས་སྒྲ་རྒྱུར་ཕྱེས་པ་ནི་མི་རྣམས་ཀྱི་ཐོས་འཛིན་གྱི་ཚོར་བས་ཐད་ཀར་ཁྱད་པར་འབྱེད་ཐུབ་པ་ཞིག་མ་ཡིན་གྱི། དེ་ནི་སྐད་སྒྲ་རིག་པའི་གཞུང་ལུགས་ཀྱི་མཚོན་ཆར་བརྟེན་ནས་དབྱེ་ཞིབ་བྱས་མཐར་ཐོབ་པའི་འབྲས་བུ་ཡིན། དེར་བརྟེན་སྒྲ་རྒྱུ་ནི་སྐད་སྒྲའི་ཐོག་ནས་དབྱེ་ཞིབ་བྱེད་པའི་སྡེ་ཚན་ཆེས་ཆུང་བ་ཞིག་ཡིན་མོད། འོན་ཀྱང་ཆེས་རང་བྱུང་གི་སྡེ་ཚན་མ་རེད། མི་རྣམས་ཀྱིས་ཚོར་བའི་ཆེས་རང་བྱུང་གི་སྡེ་ཚན་ནི་སྒྲ་ཚིགས་རེད། སྒྲ་ཚིགས་ནི་སྒྲ་རྒྱུ་གཅིག་གམ་སྒྲ་རྒྱུ་འགའ་ཞིག་ལས་གྲུབ་པ་ཞིག་རེད། མི་རྣམས་ཀྱིས་སྐད་ཆ་བཤད་དུས་རྟག་ཏུ་སྐད་སྒྲ་རབ་དང་རིམ་པ་མང་བོ་ཞིག་འདོན། དེའི་ནང་གི་སྒྲ་ཚིགས་ཀྱི་དབྱེ་མཚམས་མ་འདྲ་ན་གོ་དོན་ཡང་མི་འདྲ།

དབྱངས་ཀྱི་སྨྲ་བ།[རྩོམ་སྒྲིག]

གཞུང་ལུགས་འདི་ནི་གནའི་ཞི་ལའི་མིས་ཐོག་མར་གསར་གཏོད་བྱས་པ་རེད། ཁོ་ཚོས་བསམ་པར་མིང་གཅིག་གི་ནང་དུ་དབྱངས་ཅི་ཙམ་ཡོད་ན་སྒྲ་ཚིགས་ཡང་དེ་ཙམ་ཡོད། སྒྲ་ཚིགས་ཀྱི་མཚན་ཉིད་དེ་འདྲ་ལ་བརྟེན་ནས་དེང་རབས་ཀྱི་ཡུ་གུར་གྱི་སྐད་དང་ཧ་སག་གི་སྐད་ཀྱི་སྒྲ་ཚིགས་ལ་གསལ་བཤད་བྱས་ན་འོས་ཤིང་འཚམ་པ་རེད།

སྒྲ་གསལ་བའི་ཚད་སྨྲ་བ།[རྩོམ་སྒྲིག]

ཏན་མའེ་རྒྱལ་ཁབ་ཀྱི་མཁས་པ་ཡེ་སི་པའེ་སེན་གྱིས་བསམ་པར་སྒྲ་རྒྱུ་མཐའ་དག་སྒྲ་གསལ་བའི་ཚད་གཞིར་བཟུང་ནས་རིམ་པ་བདུན་དུ་ཕྱེས་ཆོག་པར་འདོད། དེའི་ནང་ནས་རིམ་པ་དང་པོའི་སྒྲ་གསལ་བའི་ཚད་ཆེས་ཆུང་བ་དང་རིམ་པ་ལྟར་མཐོ་རུ་གྱུར་ཏེ། རིམ་པ་བདུན་པའི་སྒྲ་གསལ་བའི་ཚད་ཆེས་ཆེ་བ་རེད། སྒྲ་རྣམས་ཕན་ཚུན་འབྲེལ་མཐུད་བྱེད་དུས། དེའི་སྒྲ་གསལ་བའི་ཚད་ཆེས་མཐོ་བ་ནི་སྒྲ་ཡི་རྩེ་མོ་ཡིན་པ་དང་། སྒྲ་གསལ་བའི་ཚད་ཆེས་དམའ་བ་ནི་སྒྲ་ཡི་ལུང་བ་ཡིན། སྒྲ་ཡི་རྩེ་མོ་ཅི་ཙམ་ཡོད་ན་སྒྲ་ཚིགས་དེ་ཙམ་ཡོད། སྒྲ་ཡི་ལུང་བ་ནི་སྒྲ་ཚིགས་ཀྱི་དབྱེ་བའི་ས་མཚམས་རེད། གཞུང་ལུགས་འདིས་སྐད་རིགས་ཡོད་ཚད་ཀྱི་སྒྲ་ཚིགས་ཁྱད་ཆོས་རགས་བསྡུས་བྱེད་མི་ཐུབ་སྟེ། སྐད་རིགས་འགའ་རེའི་སྒྲ་ཡི་རྩེ་མོ་དང་སྒྲ་ཚིགས་གཉིས་ཀྱི་དབྱེ་མཚམས་འབྱེད་པ་དོན་དངོས་དང་མི་མཐུན་པའི་རྐྱེན་གྱིས་རེད།

གྲིམ་པའི་ཚད་སྨྲ་བ།[རྩོམ་སྒྲིག]

འདི་ནི་སུའུ་ལེན་གྱི་མཁས་པ་ཞེར་པས་གསར་གཏོད་བྱས་པ་རེད། གཞུང་ལུགས་འདི་ནི་སྐད་ཆ་བཤད་དུས་ཤ་ཤེད་གྲིམ་པའི་འགྱུར་ལྡོག་གཞིར་བཟུང་ནས་སྒྲ་ཚིགས་གྲུབ་པར་འགྲེལ་བཤད་དང་སྒྲ་ཚིགས་ཀྱི་དབྱེ་མཚམས་ལ་ཐག་བཅད་པ་རེད། ཚན་རིག་གི་དཔྱད་ཆས་སྟེང་ནས་སྤྱད་ན། མིས་སྐད་ཆ་བཤད་དུས་སྒྲ་འདོན་དབང་བོའི་ཤ་ཤེད་ཀྱི་དམ་ལྷོད་ནི་ཕན་ཚུན་རེས་མོས་བྱེད་བཞིན་པ་རེད། དེར་བརྟེན་སྒྲ་འདོན་དུས་ཀྱི་ཤ་ཤེད་སྒྲིམ་པའི་ཐེངས་མའི་མང་ཉུང་དེ་གཞིར་བཟུང་ནས་སྒྲ་ཚིགས་ཀྱི་གྲངས་ཀ་ཐག་གཅོད་བྱ་ཐུབ། རྒྱ་བོད་སྐད་ཁོངས་ཀྱི་སྒྲ་ཚིགས་མང་ཆེ་བའི་སྒྲ་ཚིགས་རེ་ལ་རྒྱུན་འཇགས་ཀྱི་སྒྲའི་ང་རོ་ཡོད། སྒྲའི་ང་རོ་མི་འདྲ་བ་ལ་བརྟེན་ནས་སྒྲ་ཚིགས་ཀྱི་དབྱེ་བ་ཕྱེ་ན་ཧ་ཅང་སླ་མོ་རེད། སྒྲ་ཚིགས་ནི་སྒྲ་རྒྱུ་གཅིག་ལས་འགྲུབ་ཐུབ། སྐད་ཆའི་ནང་དུ་དེ་ལྟ་བུའི་སྒྲ་ཚིགས་ཧ་ཅང་ཉུང་ཉུང་རེད། རྒྱུན་དུ་མཐོང་བ་ནི་དབྱངས་གཅིག་གམ་གསལ་བྱེད་ཀྱི་རྙོག་སྒྲ་གཅིག་ལས་གྲུབ་པ། སྒྲ་ཚིགས་གཅིག་གི་ནང་དུ་དབྱངས་ཀྱིས་མཇུག་བསྡུས་པ་ན། དེ་ལ་རྣམ་པ་ཕྱེ་བའི་སྒྲ་ཚིགས་ཟེར། རྒྱ་སྐད་དང་བོད་སྐད། དབྱིན་ཇིའི་སྐད། ཨུ་རུ་སུའི་སྐད་ལ་སོགས་པར་རྣམ་པ་ཕྱེ་བའི་སྒྲ་ཚིགས་དང་རྣམ་པ་ཟུམ་པའི་སྒྲ་ཚིགས་གཉིས་ཀ་ཡོད་པ་རེད། དབྱིས་རིགས་ཀྱི་སྐད་དང་ཧ་ཉི་རིགས་ཀྱི་སྐད། འཇང་རིགས་ཀྱི་སྐད་ལ་སོགས་པར་རྣམ་པ་ཕྱེ་བའི་སྒྲ་ཚིགས་ཡོད་པ་ལས། རྣམ་པ་ཟུམ་པའི་སྒྲ་ཚིགས་གཏན་ནས་མེད། སྐད་རིགས་གཅིག་གི་ནང་དུ་སྒྲ་ཚིགས་ཀྱི་གྲངས་ཀ་ཧ་ཅང་མང་མོད། འོན་ཀྱང་སྒྲ་ཚིགས་ཀྱི་རྣམ་པ་ནི་ཚད་ཡོད་པ་ཞིག་རེད། སྐད་རིགས་གཅིག་གི་ནང་དུ་སྒྲ་རྒྱུ་རེ་རེ་སྒྲ་ཚིགས་ནང་གི་གནས་ས་ནི་རྒྱུན་འཇགས་རེད། སྐད་རིགས་མི་གཅིག་པའི་ནང་དུ་སྒྲ་རྒྱུ་དེ་སྒྲ་ཚིགས་ནང་གི་སྒྲིག་སྟངས་ལ་ཁྱད་ཆོས་མི་གཅིག་པ་ཡོད་དེ། སྒྲ་རྒྱུ་ལ་ལ་ཕན་ཚུན་ཟུང་འབྲེལ་བྱེད་ཐུབ་པ་དང་། ལ་ལ་ཕན་ཚུན་ཟུང་འབྲེལ་བྱེད་མི་ཐུབ།