སྒྱུ་འཕྲུལ་གྱི་འཇུག་སྒོ་དབང་གི་ཕྱག་བཞེས་

ཡོང་ཁུངས་Wikipedia

༄༅། །སྒྱུ་འཕྲུལ་གྱི་འཇུག་སྒོ་དབང་གི་ཕྱག་བཞེས་བཞུགས་སོ། རོང་ཟོམ་གྱིས་གསུངས་ལགས་སོ། ། བཀའ་བརྒྱུད་མན་ངག་དབང་གི་ཆུ་བོ་འདུས། །ཤེས་འཇུག་མངོན་གྱུར་ཐུགས་རྗེའི་འོད་ཟེར་གྱིས། །སྣོད་ལྡན་བུ་ལ་རྒྱལ་བའི་གོ་འཕང་སྦྱིན། །ཆོས་ཀྱི་རྒྱལ་པོ་བླ་མའི་ཞབས་ལ་འདུད། །རྡོ་རྗེ་ཐེག་མཆོག་སྒྱུ་འཕྲུལ་རྩ་རྒྱུད་ཕྱིས། །རྒྱུད་དོན་བཅུ་ལས་འཇུག་སྒོ་དབང་གི་དོན། །གྲུབ་ཐོབ་མཛད་སྲོལ་བླ་མའི་ཕྱག་བཞེས་བཞིན། །རང་གི་རྗེད་ཐོ་ཙམ་དུ་བྲི་བར་བྱ། ། དེ་ལ་གསང་བའི་དཀྱིལ་འཁོར་དུ་ཞུགས་ཤིང་། དབང་དང་དམ་ཚིག་ཚུལ་བཞིན་དུ་མནོས་པ། ལྟ་བ་དང་ཏིང་ངེ་འཛིན་སྟོབས་སུ་གྱུར་པ། སློབ་མ་དད་པ་དང་དམ་ཚིག་དང་ལྡན་ཞིང་གསང་སྔགས་ཀྱི་སྣོད་དུ་རུང་བ་གསང་བའི་དཀྱིལ་འཁོར་དུ་ཞུགས་ཅིང་དབང་བསྐུར་བ་ཡང་། གནས་ཡིད་དང་མཐུན་པར། ཕྱིའི་སྔོན་དུ་འགྲོ་བ། ཕྱི་ནང་གི་པང་ཀོང་དང་གསུང་རབས་འདོན་པ་དང་། སྦྱིན་པ་བཏང་བ་དང་། ཚཱ་ཚ་དང་། ལམ་འཕྲང་བཅོས་ཤིང་། ཉེ་འདོན་བྱ་བ་ལ་སོགས་པ་དགེ་བའི་རྩ་བ་ཅི་གྲུབ་ཏུ་བྱས་ལ། དུས་བཟང་པོ་ལ་ཕྱིའི་གཏོར་མ་བཏང་ཞིང་། མཚམས་བཅད་དེ་དཀྱིལ་འཁོར་ཇི་ཙམ་རན་པར་བྱས་ལ། དེར་བདུད་རྩི་རྣམ་པ་ལྔས་ཆག་ཆག་ལེགས་པར་གདབ། དབང་གི་བྱེད་པ་ན་འབྱུང་བ་བཞིན་བདག་ལྷའི་རྣལ་འབྱོར་གྱིས་ཐིག་དང་། ཚོན་དང་། ཐིག་གཡོག་བྱིན་གྱིས་བརླབས་ལ། ཐིག་གདབ། ཚོན་བྲིས་ལ། བུམ་པ་བཅས་ལ་དགོད། སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་སྐུ་རྩ་ཀ་ལི་ཡང་བཞུགས་གནས་སོ་སོར་བཀོད། ཐུན་མོངས་དང་། ཁྱད་པར་གྱི་མཆོད་རྫས་དང་། བླ་རེ་ལ་སོགས་པའི་རྒྱན་དང་། ཡིད་དམ་གྱི་བྲི་སྐུ་ལ་སོགས་པ་ཀུན་ལེགས་པར་དགོད་པར་བྱའོ། །སློབ་མའི་སྡིག་པ་བཤགས་པ་དང་། མནྟལ་འབུལ་བ་དང་། གསོལ་བ་གདབ་པ་ལ་སོགས་པས་རྒྱུད་ལེགས་པར་སྦྱངས། རྡོ་རྗེ་སློབ་དཔོན་གྱིས་སྐྱབས་འགྲོ་ཡན་ལག་བརྒྱད་ནས་ཞུགས་ཏེ་འཚམས་བཅད། བཤགས་པ་བྱ། བྱིན་དབབ། བརྡ་སྒོ་བརྡ་ཕྱག་བྱ། མཆོད་པ་བྱིན་གྱིས་བརླབ་པ་ལ་སོགས་པ་ལས་ཀྱི་མདེའུ་རྣམས་སྔོན་དུ་བྱས་ཏེ་དེ་ནས་ཞི་ཁྲོའི་གཞུང་སྲང་སྟེ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་བ་དང་། གཉིས་སུ་མེད་པའི་དལ་ལ་མཆོད་པ་འབུལ་བ་དང་། སྨོན་ལམ་གདབ་པ་ལ་སོགས་པ་ལས་བྱང་ནས་ཇི་ལྟར་འབྱུང་བ་བཞིན་བྱས་ཏེ། བཟླས་བརྗོད་ཚུལ་བཞིན་དུ་རྒྱས་པར་བྱ་ཞིང་། རྫོགས་པ་དང་བཤགས་པ་བྱ་བ་ལ་སོགས་པ་རྫོགས་པར་བྱ། ཚོགས་འབུལ་བ་ཡན་ཆད་རྣམས་ཞག་དུ་བྱེད་དུ་དུས་བཞི་ལ་སོགས་པ་ཅི་གྲུབ་ཏུ་བྱའོ། །དབང་རྫས་རབ་གནས་དགོས་པ་ཀུན་ཀྱང་གོང་དུ་བསགས་ཏེ་ཡེ་ཤེས་པའི་བྱིན་དབབ་ཅིང་རབ་ཏུ་གནས་པར་བྱའོ། །དེ་ལྟར་དལ་སྒྲུབ་པའི་ཆོ་ག་དང་བཟླས་བརྗོད་ཀུན་རྫོགས་པ་དང་། དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་ཏེ།དཀྱིལ་འཁོར་དུ་འཇུག་པ་ལ་ཡང་། སློབ་དཔོན་དཀྱིལ་འཁོར་དུ་འཇུག་པ་དང་། སློབ་མའི་འཇུག་པའོ། །དང་པ་ནི། རྒྱུད་ཀྱི་ལེའུ་དགུ་པ་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །ཅེས་གསུངས་པས། སློབ་དཔོན་དཀྱིལ་འཁོར་གྱི་ལྷ་དང་དབྱེར་མེད་པར་བསྒོམས་པ་ཉིད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་ཞུགས་པ་ཡང་ཡིན་ལ། ཡང་ན་གཞན་དང་མཐུན་པར། དལ་གྱི་ལྷ་ལ་མེ་ཏོག་དོར། ལྷ་དང་བཅས་པ་བླངས་ལ་བདག་གི་སྤྱི་བོར་བཞག་པས་ལྷས་དབང་བསྐུར་བར་བསྒོམས་པས་བདག་ཉིད་འཇུག་པར་བྱའོ། །སློབ་མ་འཇུག་པ་ནི། དེ་ནས་སློབ་མ་གཞུག་པར་བྱ། །ཅེས་པས། སློབ་མ་དཀྱིལ་འཁོར་དུ་གཞུག་པ་ལ་ཡང་ཕྱིའི་བྱ་བ་དང་། ནང་གི་བྱ་བའོ། །དང་པོ་ནི། ཕྱི་རོལ་དུ་སློབ་མ་རྣམས་ཀྱི་དད་པ་དང་མོས་པ་ཇི་ལྟར་ཡིན་པ་ལེགས་པར་བརྟགས་ཏེ། དབང་དང་སྡོམ་པ་ཇི་ལྟ་བུ་དག་སྦྱིན་ཤེས་པར་བྱ་བ་ཡང་། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ནས། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །ཅེས་པས། སློབ་མ་དད་པ་དང་མོས་པ་རབ་ན་ནི་ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་ཐམས་ཅད་ཕོག་ལ་ཕན་ནུས་ཀྱི་དབང་ཐམས་ཅད་སྦྱིན་ཞིང་། དད་པ་དང་མོས་པ་འབྲིང་ན་ནི། ཐུན་མོང་གི་སྡོམ་པ་དང་། བསྲུང་བའི་དམ་ཚིག་ཙམ་དབོག་ཅིང་། ཕན་པའི་དབང་ཙམ་བསྐུར་བའམ། ཡང་ན་དད་པ་ཅན་ལ་ཕན་པའི་དབང་དང་། བརྩོན་འགྲུས་ཅན་ལ་ནུས་པའི་དབང་སྦྱིན་པ་ལ་སོགས་པ་སོ་སོའི་ཐེག་ཚད་ཡོད་པ་ཤེས་པས་མི་ཐེག་པ་བྱིན་ན་ཆུད་ཟ་བས་འཚམ་པར་བྱ་བ་དང་། ཞུགས་པ་སླར་མི་ལྡོག་པར་བྱ་བའི་ཕྱིར་འཇིག་རྟེན་པའི་གལ་དང་མནའ་སྒག་པ་ཡང་བྱའོོ། །དེ་ལྟ་བུའི་སློབ་མ་དེ་དཀྱིལ་འཁོར་དུ་ཞུགས་པ་ནང་གི་བྱ་བ་ལ་བཞི་སྟེ། སྐྱབས་འགྲོ་སེམས་བསྐྱེད་པ་དང་། ཐུན་མོང་གི་སྡོམ་པ་བཟུང་བ་དང་། གསང་སྔགས་སྤྱིའི་སྡོམ་པ་དབོག་ཅིང་བསྲུང་བ་དང་། ཁྱད་པར་དུ་གསང་བ་ནང་གི་དཀྱིལ་འཁོར་དུ་བཅུག་སྟེ་དམ་ཚིག་ཕོག་ལ་དམ་ཚིག་གི་མནའ་སྒག་པའོོ། །དང་པོ་ནི། ཐུན་མོང་གི་སྡོམ་པ་ཕོག་ནས་ཁྱད་པར་གྱི་སྡོམ་པ་དབོག་དགོས་ཏེ། དེ་ཡང་དང་པོ་ཐུན་མོང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐུན་མོང་གི་སྡོམ་པ་སོ་སོར་ཐར་བ་ལས་སྣ་འགའ་བསྲུང་བའི་དགེ་བསྙེན་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་ཙམ་ནུས་ཅིག་ཕོག་ལ། དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐུན་མོང་གི་སྡོམ་པ་བྱང་ཆུབ་ཀྱི་སེམས་བཟུང་བ་ཙམ་ཕོག་ནས། དེ་ནས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་པར་བྱའོོ། །དེ་ཡང་གྲུབ་ན་ཀྲི་ཡ་དང་ཡོ་གའི་དལ་དུ་སོ་སོར་འཇུག །མ་གྲུབ་ན་རྡོ་རྗེ་དབྱིངས་གྱི་མནྟལ་ལྟ་བུ་གཅིག་ལ་བརྟེན་ལ་ཕྱིའི་དབང་ནོད། དེ་ནས་གསང་བ་ནང་གི་དལ་དུ་ཞུགས་ཏེ་ནང་གི་དབང་ནོད། དེ་ཡང་མ་གྲུབ་ན་གསང་བ་ནང་གི་དཀྱིལ་འཁོར་གྱི་འགྲམ་དུ་དཀོན་མཆོག་སྤྱིའི་མཆོད་པ་ཙམ་བྱས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཐུན་མོང་གི་སྡོམ་པ་ཕོག་ལ་ཡོ་ག་ཕྱིའི་དབང་བསྐུར། དེ་ནས་གསང་བ་ནང་གི་དཀྱིལ་འཁོར་མཆོད་པའི་ཆོ་ག་བྱ་ཞེས་སྤྱི་ཐམས་ཅད་ཀྱི་ཚུལ་ལོ། །ཞེས་ཡི་གེ་དག་ལས་འབྱུང་ནའང་། བླ་མའི་ཕྱག་བཞེས་ཀྱིས་གསང་བ་ནང་གི་དཀྱིལ་འཁོར་གྱི་འགྲམ་དུ་དཀོན་མཆོག་སྤྱིའི་མཆོད་པ་རྫོགས་པའི་རྗེས་ལ། སྐྱབས་འགྲོ་སེམས་བསྐྱེད་པ་ཡང་། སློབ་དཔོན་གྱི་དྲུང་དུ་སློབ་མས་མེ་ཏོག་ཐོགས་ལ་ཐལ་མོ་སྦྱར་ཏེ་ལོང་བུ་བཤིབས་ལ་འདི་སྐད་བཟློས་སུ་གཞུག་གོ །ན་མོ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །འཕགས་པ་ཐམས་ཅད་དགོངས་སུ་གསོལ། མཁན་པོ་དང་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཇི་ལྟར་བསླབས་པ་བཞིན་དུ་རྗེས་སུ་བསླབ་པར་བགྱིད་དེ། སྲོག་གཅོད་པ་སྤང་བར་བགྱིད་དོ། །མ་བྱིན་པ་ལེན་པ་སྤོང་བར་བགྱིད་དོ། །འཕགས་པ་རྣམས་དང་། མཁན་པོ་དང་སློབ་དཔོན་ཀྱང་དེ་བཞིན་དུ་དགོངས་ཤིང་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཞེས་ལན་གསུམ་བརྗོད་དུ་གཞུག་གོ །སྲོག་གཅོད་དང་མ་བྱིན་ལེན་གྱི་སྡོམ་པ་དབོག །འདི་ནི་སྣ་འགའ་བསྲུང་བའི་དགེ་བསྙེན་གྱི་སྡོམ་པ་སྟེ། གཞུང་ཐུན་མོང་གི་སྡོམ་པར་གཏོགས་སོ། །དེ་ལྟར་ཐུན་མོང་བ་བསྐྱེད་ནས། ཐུན་མོང་ཐེག་པ་ཆེན་པོར་སེམས་བསྐྱེད་པར་བྱ་སྟེ། སྔ་མ་བཞིན་དུ་གུས་པར་མཆིས་སུ་སྩལ་ལ། འདི་སྐད་གསོལ་དུ་གཞུག་གོ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་སུ་སྨོན། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །བྱང་ཆུབ་སེམས་མཆོག་བདག་གི་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་བདག་གི་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གི་བསྐྱེད་པར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ན་མོ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ནམ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཇི་ལྟར་ཐུགས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ཆོས་ཐམས་ཅད་དངོས་པོ་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་ཐམས་ཅད་སྤངས་པ། ཆོས་བདག་མེད་པར་མཉམ་པ་ཉིད་རང་སེམས་གདོད་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན་དུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་གིས་སེམས་བསྐྱེད་པར་བགྱིའོ། །ཇི་ལྟར་མ་ཐར་བའི་སེམས་ཅན་ཐམས་ཅད་ཐར་བར་བྱ་བ་དང་། དེ་བཞིན་དུ་མ་གྲོལ་བ་རྣམས་གྲོལ་བར་བགྱི་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱི་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་སླད་དུ། བདག་གི་བླ་ན་མེད་པའི་བྱང་ཆུབ་བསྒྲུབས་ཏེ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་དམ་བཅའ་བར་བསྩལ། སྡོམ་པ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་མི་གཏོང་བར་འཛིན་དུ་བསྩལ། དེ་ཡང་ཐེག་པ་ཆེན་པོ་ཐུན་མོང་གི་ཕས་ཕམ་བཞི་ལས་ལྡོག་པའི་སྡོམ་པ་སྟེ། དེ་རིང་ཕན་ཆད་བུ་ཁྱོད་གྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །ཡོངས་སུ་བཏང་བར་མི་བྱའོོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང་། །སེམས་ཅན་གནོད་པ་མི་བྱའོ། །ཇི་ལྟར་རང་གི་སྲོག་བསྲུངས་པ། །དེ་ལྟར་ཁྱོད་ཀྱིས་འདི་དག་བསྲུངས། །ཞེས་བསྩལ་ཏེ། འདི་ལྟར་བྱང་ཆུབ་ཀྱི་སེམས་གཏོང་བ་དང་། དམ་པའི་ཆོས་སྤོང་བ་དང་། སེར་སྣའི་དབང་དུ་གྱུར་ཏེ་སེམས་ཅན་ཅུང་ཟད་ཀྱང་མི་སྐྱོབ་པ། གནོད་སེམས་ཀྱི་དབང་དུ་གྱུར་ཏེ་སེམས་ཅན་ལ་གནོད་པའི་སྦྱོར་བ་ལས་ལྡོག་པའི་སྡོམ་པ་དབོག་གོ །དེ་ནས་གསང་སྔགས་ཐུན་མོང་སྤྱིའི་སྡོམ་པ་དབོག་པར་བྱ་སྟེ། གོང་གི་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་ལ་སོགས་པའི་སེམས་བསྐྱེད་ལྡབས་ཏེ་བྱས་པའམ། མ་བྱས་ཀྱང་སྟེ། འདི་དག་དབོག་པར་བྱའོ། །ན་མོ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །འདི་དག་བརྟན་པོ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོའི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནམ་དུས་རྟག་ཏུ། །སྦྱིན་ཟིང་ཆོས་དང་མི་འཇིགས་སྐྱབས། །སྦྱིན་པ་རྣམ་བཞི་རབ་སྦྱིན་བགྱིད། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨ་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་རབ་ཏུ་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོའི། །སྡོམ་པ་ཐམས་ཅད་ལྡན་པ་དང་། །སེམས་ཅན་དོན་ཀུན་བྱ་བའི་ཕྱིར། །མཆོད་པའི་ལས་རྣམས་ཅི་ནུས་བྱ། །ཞེས་དབོག །དེ་ལྟར་ཡན་བཅུ་བཞི་པོར་གྲགས་པ་དེ་དག་ཐམས་ཅད་ཚང་བར་བསྲུང་ནུས་ཡང་མ་ཡིན་ལ། མཉམ་པོར་བསྲུང་དགོས་པ་ཡང་མ་ཡིན་པས། རང་གི་ལྷག་པའི་ལྷ་གང་ཡིན་པ་དེ་གཙོ་བོར་བླངས་པ་ཡིན་ལ། གཞན་རྣམས་ནི་སྤྱིར་རིགས་ལས་མི་འདའ་ཙམ་དུ་དབོག་གོ །དེ་ཡང་། འདི་ལྟར་ཏ་ཐའི་རིགས་ལ་དཀོན་མཆོག་གསུམ་དུ་བཟུང་བ་དང་། ཚུལ་ཁྲིམས་གསུམ་གཙོར་བླང་། རྡོ་རྗེའི་རིགས་ལ་བྱང་ཆུབ་སེམས་དང་། སློབ་དཔོན་གཙོར་བླང་། རིན་པོ་ཆེའི་རིགས་ལ་སྦྱིན་པ་རྣམ་བཞི་གཙོར་བླང་། པདྨའི་རིགས་ལ་ཆོས་གཙོར་བླང་། ལས་ཀྱི་རིགས་ལ་སྡོམ་པ་སྤྱི་ལས་མཆོད་པའི་ལས་གཙོར་བླང་། གཞན་ནི་རིགས་ཀྱི་ཚུལ་མི་འདའ་བ་ཙམ་དབོག་གོ །དེ་ནས་ཁྱད་པར་དུ་གསང་བ་ནང་གི་དཀྱིལ་འཁོར་དུ་འཇུག་པའི་གོ་ཆ་བྱ་སྟེ། དེ་ཡང་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་པ། ཨོཾ་ཨ་བིགྣན་ཏ་ཀྲིཏ་ཧཱུཾ། ཞེས་བྱ་བ་ལ་སོགས་པས་ཚོན་སྐུད་ལ་བདུན་ནམ་གསུམ་བོར་ཏེ་བསྲུང་བ་བྱས་ལ། དེ་ནས་དལ་དུ་འཇུག་པ་ལ་ཡང་། སྒོ་ཕྱོགས་ཐམས་ཅད་ནས་འཇུག་པ་དང་། ཕྱོགས་གཅིག་ནས་འཇུག་པ་གཉིས་ལས། བླ་མ་མཛད་སྲོལ་གྱིས་སྔོན་ལ་ཕྱོགས་ཐམས་ཅད་ནས་ཞུགས་ཏེ་འཇུག་ཏུ་མེ་ཏོག་སྤྱིར་དོར། གསོལ་བ་བཏབ། ལྷ་བསྟིམས་པ་ལ་སོགས་པ་བྱས་ནས་དབང་བསྐུར་བ་མཛད་དོ། །ཕྱོགས་ཐམས་ཅད་ནས་འཇུག་པ་ལ་ཡང་ཡང་བདུན་བདུན་ཏེ། ཕྱོགས་རེ་རེ་ནས་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་པ་དང་། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་བ་དང་། ཡེ་ཤེས་ཀྱི་ལྷ་དབབ་པར་གསོལ་བ་གདབ་པ་དང་། ལྷ་བབ་ཅིང་ལན་སྦྱིན་པ་དང་། བཀྲ་ཤིས་གསོལ་ཞིང་ཁྲུས་བྱ་བ་དང་། དམ་འཆར་སྩལ་བ་དང་། སྒོའི་སྨོན་ལམ་གདབ་པའོ། །དང་པོ་ནི། ཡོལ་བས་མིག་བཀབ་སྟེ་དཀྱིལ་འཁོར་གྱི་ཤར་སྒོར་བདུག་སྤོས་ལག་ཏུ་ཐོགས་ལ་འདུག་སྟེ་འདི་སྐད་དོ། ཤར་ཕྱོགས་མངོན་དགའི་ཕོ་བྲང་འདིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །དངོས་གྲུབ་དམ་པ་སྒྲུབ་བྱའི་ཕྱིར། །བདག་གིས་དད་པས་འཇུག་པར་བགྱིའོ། །ཕྱག་བཙལ་བ། མི་སྐྱོད་རྡོ་རྗེ་ལ་སོགས་ཏེ། །ཤར་ཕྱོགས་ལྷ་ཚོགས་ཐམས་ཅད་ལ། །བླ་མེད་བྱང་ཆུབ་སྒྲུབ་པའི་ཕྱིར། །སྐལ་ལྡན་རྒྱལ་སྲས་དག་པ་ཞིག །ངག་ཡིད་དང་བས་ཕྱག་འཚལ་ལོ། །ཁྲུས་བྱ་ཞིང་བཀྲ་ཤིས་གསོལ་བ་ནི། སྔོན་དུ་བུམ་པ་འཆའ་བའི་དུས་སུ་བདུད་རྩི་འཁྱིལ་བའི་བྱིན་རླབས་དང་ལྡན་པའི་ལས་བུམ་གྱིས་བྱ་ཞིང་། རྡོ་རྗེ་སེམས་དཔའ་མེ་ལོང་ཡེ་ཤེས་ཡུལ། །སངས་རྒྱས་སྤྱན་གྱི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་བརྟགས་ཆུས། །ཞེ་སྡང་རྣམ་སྨིན་དག་གྱུར་ཅིག །ཨོཾ་རུ་རུ་པུ་རུ་ཛྭ་ལ་ཏིཥྠ་ལོ་ཙ་ནེ་སརྦ་ཨརྠ་ས་དྷ་ནེ་སྭཱ་ཧཱ། བཀྲ་ཤིས་བརྗོད་པ། རྡོ་རྗེ་སེམས་དཔའ་ཐུགས་རྗེ་ཆེན་པོས་འགྲོ་བའི་ཉོན་མོངས་རྣམ་སྦྱོང་ཞིང་། །མགོན་པོ་ཆེ་བའི་ཡོན་ཏན་ཚོགས་ཀྱིས་མ་ལུས་རྣམ་བརྒྱན་པ། །རྡོ་རྗེ་སེམས་དཔའ་ཞེས་པའི་བཀྲ་ཤིས་དེ་དག་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་འགྱུར་བར་ཤོག །ལྷ་དབབ་པར་གསོལ་བ་གདབ་པ། བདག་ནི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དེ་རིང་བདག་ལ་དབབ་ཏུ་གསོལ། །ལན་སྦྱིན་ཅིང་ལྷ་དབབ་པ་ནི། སློབ་དཔོན་གྱིས། ཁྱེད་ནི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །དབབ་པའི་ཕྱག་རྒྱ་བཅས་ཏེ་ཤར་ཕྱོགས་རྡོ་རྗེའི་རིགས་ཀྱི་སངས་རྒྱས་རྣམས་སྤྱི་བོར་ཐིམ་པར་བསམ་ཞིང་། ཨོཾ་བཛྲ་ཨ་བེ་ཤ་ཡ་ཨཱ་ཨ། ཞེས་ཕྱག་རྒྱ་སྤྱི་བོར་གཏུག་གོ །གསང་མཚན་གདགས་སོ། །དམ་བཅའ་བ་ནི། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་ནི། །བདག་གི་བསམ་པ་བརྟན་པོས་གཟུང་། །ཞེས་བརྗོད་དོ། །སྒོའི་སྨོན་ལམ་ནི་འདིར་གདབ་པ་དང་། རྗེས་ལ་གདབ་པ་གཉིས་ལས། བླ་མའི་ཕྱག་བཞེས་སུ་དབང་བསྐུར་ཟིན་ནས་མཛད་དོ། །དེ་ནས་ལྷོ་སྒོ་ནས་འཇུག་པར་གསོལ་བ་གདབ་པ། ལྷོ་ཕྱོགས་དཔལ་ལྡན་ཕོ་བྲང་འདིར། །བླ་མེད་བྱང་ཆུབ་སེམས་སྐྱེད་དེ། །དངོས་གྲུབ་དམ་པ་སྒྲུབ་པའི་ཕྱིར། །བདག་གི་དད་པས་འཇུག་པར་བགྱིའོ། །ཁྲུས་བྱ་བ། རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས་ཡུལ། །མཱ་མ་ཀི་ཡི་ཕྱག་རྒྱ་བུམ་པ་ཏེ། །གཉིས་མེད་བྱང་ཆུབ་སེམས་བརྟགས་ཆུས། །ང་རྒྱལ་རྣམ་སྨིན་དག་གྱུར་ཅིག །ཨོཾ་རུ་རུ་བུ་རུ་ཅེས་སྔགས་ཁྲུས་བྱ། བཀྲ་ཤིས། རིན་ཆེན་འབྱུང་ལྡན་ཐུགས་རྗེ་ཆེན་པོས་འགྲོ་བའི་ཉོན་མོངས་རྣམ་སྦྱོང་ཞིང་། །མགོན་པོ་ཆེ་བའི་ཡོན་ཏན་ཚོགས་ཀྱིས་མངའ་བ་རྣམ་བརྒྱན་པ། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཤོག །དེ་ནས་ལྷ་དབབ་པར་གསོལ་བ་གདབ་པ། བདག་ནི་དམ་ཚིག་རིན་ཆེན་ཏེ། །རིན་ཆེན་སེམས་དཔའ་ཡིན་པར་གྲགས། །རིན་ཆེན་བླ་ན་མེད་པ་ནི། །དེང་འདིར་བདག་ལ་དབབ་ཏུ་གསོལ། །ལན། སློབ་དཔོན་གྱིས། ཁྱོད་ནི་དམ་ཚིག་རྡོ་རྗེ་སྟེ། །རིན་ཆེན་སེམས་དཔའ་ཡིན་པར་གྲགས། །ཡེ་ཤེས་རིན་ཆེན་བླ་མེད་འདི། །དེ་རིང་ཁྱོད་ལ་དབབ་པར་བྱ། །ཨོཾ་རཏྣ་ཨ་བེ་ཤ་ཡ་ཨ་ཨ། ཞེས་དབབ་པའི་ཕྱག་རྒྱས་རིན་ཆེན་རིགས་ཀྱི་ལྷ་ཚོགས་རྣམས་སྤྱི་བོ་ནས་བསྟིམ། དམ་བཅའ་བ་འཐུན་ནོ། །དེ་ནས་ནུབ་སྒོར་ཕྱིན་ལ། ནུབ་ཕྱོགས་བདེ་ལྡན་ཕོ་བྲང་འདིར། །བླ་མེད་འགྲེ། དངོས་གྲུབ། བདག་གི་དད་པས་འཇུག་པར་བགྱི། །ཕྱག་འཚལ་བ། སྣང་བ་མཐའ་ཡས་ལ་སོགས་པའི། །པདྨའི་རིགས་ཀྱི་ལྷ་ཚོགས་ལ། །སྐལ་ལྡན། ངག་ཡིད་དང་བས་ཕྱག་འཚལ་ལོ། །ཁྲུས་བྱ་བ།སྣང་བ་མཐའ་ཡས་ཀུན་རྟོག་ཡེ་ཤེས་ཡུལ། །ན་བཟའ་གོས་དཀར་མོའི༴༴། གཉིས་མེད་འདོད་ཆགས་རྣམ་སྨིན་དག་གྱུར་ཅིག །སྔགས་འགྲེ། བཀྲ་ཤིས། སྣང་བ་མཐའ་ཡས་ཐུགས་རྗེ་ཆེན་པོས་འགྲོ་བའི་ཉོན་མོངས་རྣམ་སྦྱོང་ཞིང་། །མགོན་པོ་ཆེ་བའི༴༴། སྣང་བ་མཐའ་ཡས་ཞེས། བཀྲ་ཤིས་དེས་ཀྱང་། །གསོལ་བ་གདབ་པ། བདག་ནི་དམ་ཚིག་པདྨོ་སྟེ། །པདྨ་སེམས་དཔའ་ཡིན། །པདྨ་བླ་ན། །དེ་རིང་བདག་ལ་དབབ་ཏུ་གསོལ། །སློབ་དཔོན་གྱིས། ཁྱོད་ནི་དམ་ཚིག་པདྨ་ོསྟེ། །པདྨ་སེམས་དཔའ། །ཡེ་ཤེས་པདྨ་བླ་མེད་འདི། །དེང་འདིར་ཁྱོད་ལ་དབབ་པར་བྱ། །ཨོཾ་བཛྲ་པདྨ་ཨ་བེ་ཤ་ཡ་ཨ་ཨ། པདྨའི་རིགས་ཀྱི་ལྷ་ཚོགས་སྟིམ། གསང་མཚན་གདགས། དམ་བཅའ་འཐུན། དེ་ནས་བྱང་སྒོར་ཕྱིན་ལ། བྱང་ཕྱོགས་རྣམ་དག་ཕོ་བྲང་འདིར། །བླ་མེད་བྱང་ཆུབ། །དངོས་གྲུབ། །བདག་གིས་དད་པས་འཇུག་པར་བགྱི། །ཕྱག་བཙལ་བར། དོན་ཡོད་གྲུབ་པ་ལ་སོགས་ཏེ། །ལས་ཀྱི་རིགས་ཀྱི་ལྷ་ཚོགས་ལ། །སྐལ་ལྡན་རྒྱལ། །ངག་ཡིད་དང་བས་ཕྱག་འཚལ་ལོ། །ཁྲུས་བྱ་བ། དོན་ཡོད་གྲུབ་པ་བྱ་བ་ནན་ཏན་ཡེ་ཤེས་ཡུལ། །དམ་ཚིག་སྒྲོལ་མའི། །གཉིས་མེད་བྱང་ཆུབ། །ཕྲག་དོག་རྣམ་སྨིན་དག་གྱུར་ཅིག །ཨོཾ་རུ་རུ་པུ་རུ། བཀྲ་ཤིས། དོན་ཡོད་གྲུབ་པ། །ཐུགས་རྗེ། །མགོན་པོ། །དོན་ཡོད་གྲུབ་པ་ཞེས་བྱའི་བཀྲ་ཤིས། །བཀྲ་ཤིས། །གསོལ་བ་གདབ་པ། བདག་ནི་དམ་ཚིག་རྒྱ་གྲམ་སྟེ། །ལས་ཀྱི་སེམས་དཔའ་ཡིན། །རྒྱ་གྲམ་བླ་ན། །དེ་རིང་བདག་ལ་དབབ་ཏུ་གསོལ། །སློབ་དཔོན་གྱིས། ཁྱོད་ཉིད་དམ་ཚིག་རྒྱ་གྲམ་སྟེ། །ལས་ཀྱི་སེམས་དཔའ་ཡིན། །ཡེ་ཤེས་རྒྱ་གྲམ་བླ་མེད་འདི། །དེ་རིང་ཁྱོད་ལ་དབབ་པར་བྱ། །ཨོཾ་བཛྲ་ཀརྨ་ཨ་བེ་ཤ་ཡ་ཨ་ཨ། ཞེས་ལས་ཀྱི་རིགས་ཀྱི་ལྷ་ཚོགས་སྟིམ། གསང་མཚན། དམ་བཅའ། དེ་ནས་ཡང་སླར་ཤར་སྒོར་ཕྱིན་ལ། བཅོམ་ལྡན་སྙིང་པོའི་ཕོ་བྲང་འདིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་དེ། །དངོས་གྲུབ་དམ་པ་སྒྲུབ་པའི་ཕྱིར། །བདག་གིས་དད་པས་འཇུག་པར་བགྱིའོ། །ཕྱག་བཙལ་བ། རྣམ་པར་སྣང་མཛད་ལ་སོགས་ཏེ། །དེ་བཞིན་རིགས་ཀྱི་ལྷ་ཚོགས་ལ། །སྐལ་ལྡན་རྒྱལ་སྲས་དག་པ་ཞིག །ངག་ཡིད་དྭང་བས་ཕྱག་འཚལ་ལོ། །ཁྲུས་བྱ་བ། རྣམ་པར་སྣང་མཛད་ཆོས་དབྱིངས་ཡེ་ཤེས་ཡུལ། །ཀུན་ཏུ་བཟང་མོའི་ཕྱག་རྒྱ་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་སུ་བརྟག་ཆུས། །གཏི་མུག་རྣམ་སྨིན་དག་གྱུར་ཅིག །ཨོཾ་རུ་རུ་པུ་རུ་ཛྭ་ལ་ཏིཥྠ་ལོ་ཙཱ་ནེ་སརྦ་ཨརྠ་ས་དྷ་ནེ་སྭཱ་ཧཱ། བཀྲ་ཤིས་རྣམ་པར་སྣང་མཛད་ཐུགས་རྗེ་ཆེན་པོས་འགྲོ་བའི་ཉོན་མོངས་རྣམ་སྦྱོང་བ། །མགོན་པོ་ཆེ་བའི་ཡོན་ཏན་ཚོགས་ཀྱིས་མ་ལུས་རྣམ་པར་བརྒྱན། །རྣམ་པར་སྣང་མཛད་ཞེས་བྱ་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བྱེད་ལེགས་གྱུར་ཤོག །གསོལ་བ་གདབ་པ། བདག་ནི་དམ་ཚིག་འཁོར་ལོ་སྟེ། །རྣམ་པར་སྣང་མཛད་ཡིན་པར་གྲགས། །འཁོར་ལོ་བླ་ན་མེད་པ་འདི། །དེ་རིང་བདག་ལ་དབབ་ཏུ་གསོལ། །སློབ་དཔོན་གྱིས། ཁྱོད་ནི་དམ་ཚིག་འཁོར་ལོ་སྟེ། །རྣམ་པར་སྣང་མཛད་ཡིན་པར་གྲགས། །ཡེ་ཤེས་འཁོར་ལོ་བླ་མེད་འདི། །དེང་འདིར་ཁྱོད་ལ་དབབ་པར་བྱ། །དབབ་པའི་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་ཏ་ཐ་ག་ཏ་བཛྲ་ཨ་བེ་ཤ་ཡ་ཨཱ་ཨ། ཞེས་པའི་དབུས་ཀྱི་ལྷ་ཚོགས་རྣམས་སྤྱི་བོ་ནས་བསྟིམ། །གསང་མཚན། དམ་བཅའ་བ། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་ནི། །བདག་གི་བསམ་པ་བརྟན་པོས་གཟུང་། །ཞེས་དམ་བཅས། སྒོ་སོ་སོ་ནས་ཞུགས་ལ། དེ་ནས་སྤྱིར་མེ་ཏོག་དོར་བ་དང་། གསོལ་བ་གདབ་པ་དང་། ལྷ་བསྟིམ། དམ་ཚིག་ནོད། དམ་ཆུ་བླུད་པ་ལ་སོགས་བྱ་སྟེ། དེ་ཡང་སྒོ་དེ་ཉིད་དམ་ནུབ་སྒོར་ཕྱིན་ཏེ་ཡོལ་བའི་ཕྱི་ནས། མེ་ཏོག་ཐོག་ལ་དོར་བ་ནི། སྔོན་ཚེ་ཚེ་རབས་གྲངས་མེད་ནས། །དགེ་བའི་ལས་ཀྱིས་བསྙེན་པ་ཡི། །ལྷག་པའི་ལྷ་ནི་གང་ཡིན་པ། །ད་ལྟ་ཉིད་དུ་བབ་པར་ཤོག །ཨོཾ་པྲ་ཏི་བཛྲ་ཧོ། ཞེས་པ་དང་། ཨོཾ་བཛྲ་ས་མ་ཡ་ཨོཾ། ཞེས་པའི་སྔགས་ཀྱིས་གུ་རུ་དང་དཀྱིལ་འཁོར་དབྱེར་མེད་པར་བསྒོམས་ལ་དོར་རོ། །དེ་ནས། ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་གསོལ་བ་གདབ། དེ་ནས། ཨོཾ་བཛྲ་ཙཀྵུ་ར་ནུད་ད་ར་མི། ཞེས་རྡོ་རྗེས་ཡོལ་བ་གསལ་ཏེ། དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །སངས་རྒྱས་གདུང་གི་རིགས་སུ་འཁྲུངས། །སྔགས་དང་ཕྱག་རྒྱས་བྱིན་བརླབ་བོ། །ཞེས་བརྗོད་དོ། །གང་ལ་བབས་པའི་ལྷ་དང་བཅས་པ་སློབ་མའི་སྤྱི་བོར་བཞག་སྟེ་སྔགས་དང་ཕྱག་རྒྱས་བསྟིམ། དཀྱིལ་འཁོར་དང་ལྷའི་དེ་ཉིད་བསྟན། གསང་བ་ནང་གི་རྩ་བ་ཡན་ལག་བཅོ་ལྔ་སྟེ། དེ་ཡང་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་མི་སྤང་བ་དང་། བླ་མ་སངས་རྒྱས་པས་མཉན་པར་བཀུར་བ་དང་། ཡི་དམ་ལྷའི་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་དང་། བསྟན་པ་སྤྱི་ལ་ཞུགས་པའམ། སློབ་དཔོན་གཅིག་གིས་བསྡུས་པའི་མཆེད་ལ་བྱམས་པར་བྱ་བ་སྟེ། རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་རྣམས་ཀྱང་མཉམ་པ་ཆེན་པོ་ལས་མི་འདའ་བར་བསྲུང་ཞིང་། མདོར་ན་བྱ་བའི་ཆ་དང་བྱ་བ་མ་ཡིན་པའི་ཆ་ལ་འཇུག་པ་དང་། ལྡོག་པའི་མཚན་ཉིད་ལེགས་པར་ཕྱེ་སྟེ་ཕོག་ལ་བསྲུང་དུ་གཞུག་གོ ། དེ་ནས་དུང་ཆེན་གྱི་ནང་དུ་བདུད་རྩི་སྦྱངས་ཏེ། ཨོཾ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ལས་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་ཐོབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་པས་ཀྱང་། །བདུན་བརྒྱུད་རིགས་ནི་རླག་པར་མཛོད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང་། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་གུས་པས་བསྲུང་བར་བྱོས། །ཨོཾ་ཨི་ཏན་ཏེ་ན་ར་ཀན། ཞེས་དམ་ཆུ་བླུད། དགེ་ཉེན་ཡང་བཤད་དོ། །དེ་ནས་དབང་བསྐུར་ཏེ། དེ་ཡང་རྒྱུད་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་གྱུར། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །ཅེས་གསུངས་པས། སློབ་མས་ཅི་འབྱོར་བའི་ཡོན་སེར་སྣ་དང་སྒྱུ་མེད་པར་ཕུལ་ལ། དེ་ནས་ཐུར་མའི་དབང་ཐོག་མར་བསྐུར་བ་ནི། གུ་རུས་ཐུར་མ་དང་མེ་ལོང་ཐོག་སྟེ་སློབ་མ་མདུན་དུ་འདུག་ལ། སྔོན་གྱི་མིག་མཁན་རྒྱལ་པོ་ཡི། །འཇིག་རྟེན་ལིང་ཏོག་གསལ་བ་བཞིན། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །གཏི་མུག་ལིང་ཏོག་སྒྲིབས་པ་རྣམས། །རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ཡིས། །དུག་གསུམ་ལིང་ཏོག་གསལ་བས་ན། །ཤེས་རབ་མིག་དང་ལྡན་གྱུར་ནས། །བླ་མེད་བྱང་ཆུབ་མྱུར་མཐོང་ཤོག །ཅེས་ཐུར་མས་མིག་སེལ་བ་ལྟར་བྱ། དེ་ནས་མེ་ལོང་བསྟན་ལ། རིགས་ཀྱི་བུ། ཆོས་ཐམས་ཅད་ནི་གཟུགས་བརྙན་དང་འདྲ་བས་རང་བཞིན་མེད་པ་སྟོང་པ་ཉིད་ཀྱི་ཚུལ་དུ་སྒོམས་ཤིག །ཆོས་རྣམས་གཟུགས་བརྙན་འདྲ་བ་སྟེ། །རང་བཞིན་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་སྟེ། །ངོ་བོ་ཉིད་མེད་གནས་མེད་པ། །འདི་ལྟར་ཆོས་རྣམས་ཤེས་ནས་སུ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་སངས་རྒྱས་རིགས་སུ་སྐྱེད། །ཞེས་བརྗོད་ནས་ལག་ཏུ་བྱིན་ལ། རིགས་ཀྱི་བུ་ཁྱོད་ལ་ཐུར་མ་དང་མེ་ལོང་ལག་ཏུ་བྱིན་ཏེ་དབང་བསྐུར་བས་དུག་གསུམ་གྱི་ལིང་ཏོག་མི་ཤེས་པའི་རབ་རིབ་ཐམས་ཅད་བསལ་ཏེ། ཤེས་རབ་ཀྱི་མིག་དང་ལྡན་པས་ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བར་བརྟགས་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་དབང་བསྐུར་བ་ནི། ནུབ་ཕྱོགས་ཀྱི་སྒོར་ཚོན་དམར་པོའི་པདྨ་འདབ་བརྒྱད་བྲིས་ཏེ། བཀྲ་ཤིས་རྟགས་བརྒྱད་བཀོད་པ་དེའི་སྟེང་དུ་སློབ་མ་བཞག །གདུགས་ཀྱིས་བཀབ་ལ་ཡོ་གའི་དབང་ཡང་བསྐུར། ཡོ་གའི་དབང་སྔར་ནོས་པ་ཞིག་ཡིན་ན་ཕན་པའི་དབང་བསྐུར་ཞེས་ཀྱང་འབྱུང་ལ། སྔོན་གྱི་སློབ་དཔོན་རྣམས་ཀྱི་བཤད་པ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་གྱི་དབང་ནི་ཕྱི་ནང་གི་རྒྱུད་ཐམས་ཅད་ཀྱི་སྤྱིའི་དབང་ཡིན་ལ། སྐུ་གསུང་ཐུགས་ཀྱི་རྒྱུད་ལ་སོགས་པའི་དབང་ནི་སོ་སོ་ རང་རང་གི་བཞེད་ཀྱི་དབང་ཡིན་ཞེས་འཆད། དེའི་གཏན་ཚིགས་སུ་ཡང་། ཡོ་ག་ཕྱིའི་དབང་བཅུ་ཞེས་གྲགས་པ་ཡང་འདིར་འདུས་པར་གསུངས་ཏེ། དེ་ཡང་། བུམ་པ་དང་། དབུ་རྒྱན་དང་། ཅོད་པན་དང་། འཕྲེང་བ་དང་། ཕྱག་རྒྱ་རྣམས་ནི་དངོས་སུ་འཐུན་པར་ཟད། ནུས་པའི་དབང་རྣམས་ལ་གཟུངས་ཀྱི་དབང་ནི་ཉན་པའི་དབང་ཡིན། དེ་བཞིན་དུ་གསང་བའི་དབང་ནི་སྒྲུབ་པའི་དབང་། ལས་ཀྱི་དབང་ནི་དངོས་སུ་མིང་ཡང་འཐུན་པར་ཟད། འཁོར་ལོ་བསྒྱུར་བའི་དབང་ནི་འཆད་པའི་དབང་། འཁོར་ལོ་བསྒྱུར་བ་ཆེན་པོ་ནི་རྡོ་རྗེ་རྒྱལ་པོའི་དབང་སྟེ། དེ་ལྟར་ཆ་འཐུན་ཞིང་འདུས་པ་ལས། ནུས་པའི་དབང་དེ་དག་ཀྱང་གསང་བ་བྱང་ཆུབ་སེམས་ཀྱི་ཁྱད་པར་ལ་བསྐུར་བ་ཁྱད་པར་འཕགས་པ་ཡིན། ཞེས་འཆད་པ་བཞིན། བླ་མ་ཡང་ཕྱག་བཞེས་སུ་ཕན་པའི་དབང་འདོད་ཡོན་མ་གཏོགས་པ་དགུ་སྔོན་ལ་བསྐུར། དེ་ནས་འཁོར་ལོ་བསྒྱུར་བའི་དབང་བསྐུར། དེ་ནས་ནུས་པའི་དབང་བསྐུར། འདོད་ཡོན་གྱི་དབང་གིས་བཀྲ་ཤིས་ཀྱི་ཚུལ་དུ་མཛད་པས། ཕན་པའི་དབང་ལ་ཡང་། དང་པོ་བུམ་པའི་དབང་བསྐུར་ཏེ། བུམ་པ་ཉི་ཤུ་རྩ་ལྔ་དང་ལྡན་པར་བྱས་པ་སྔོན་དུ་དཀྱིལ་འཁོར་ལ་བཀོད་པ་བཟླས་བརྗོད་ལེགས་པར་བྱས་པ་དེ་སློབ་བུའི་མགོའི་གནས་ལྔར་གཏུག་ཅིང་། ཨོཾ་བུདྡྷ་ཀ་ལ་ཀྴ་ཨ་ཡུ་ཥིན་ཙ་ཨོཾ། ཞེས་པ་ལ་སོགས་པ་རིགས་ལྔའི་སྔགས་བརྗོད་པས་བུམ་པའི་ལྷ་རྣམས་ཀྱི་བྱང་ཆུབ་སེམས་ཀྱི་འོད་ཟེར་བུའི་ལུས་ལ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་གསུམ་དག་པར་བསམ་ཞིང་། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་རུ། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་དྲི་མ་ཀུན་དག་སྟེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་རླན་པར་ཤོག །རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་བུམ་པའི་དབང་བསྐུར་བས་ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་ནས་བྱང་ཆུབ་སེམས་ཀྱིས་བྱིན་གྱིས་རློབ་པར་གྱུར་ཅིག །དེ་ནས་སངས་རྒྱས་བཞི་བཅུ་རྩ་གཉིས་སྐུ་ཙ་ཀ་ལི་དཀྱིལ་འཁོར་ལ་བཀོད་པ་རྣམས་རིམ་པས་བླངས་ཏེ། མི་སྐྱོད་པ་ཡབ་ཡུམ་གྱི་ཙ་ཀ་ལི་དང་བུམ་པ་བསྒྲགས་ཏེ་བུའི་སྤྱི་བོར་བཞག་ལ། ཧཱུཾ། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པས་། །མི་བསྐྱོད་ཡབ་ཡུམ་རང་བཞིན་ཏེ། །ཏིང་འཛིན་ཐུགས་སུ་དབང་བསྐུར་ནས། །དངོས་གྲུབ་ལས་རྣམས་མངོན་བྱེད་ཤོག །ཧཱུཾ་བཛྲ་བྷི་སུྂ་དྭ་དུ་ཤྭ་ར་སྟོ།ཨ་བྷི་ཥཉྩ་ཧཱུཾ། ཞེས་དབང་བསྐུར་བའི་བུམ་ཆུ་ཡང་སྦྱིན་ཏེ་གང་བསྐུར་བའི་ལྷ་དེ་སློབ་མ་ལ་ཐིམ་པ། རྟོག་པ་དེ་ལྷའི་ངོ་བོར་གྱུར་བར་བསམ་ཞིང་། རིགས་བཞི་ཡབ་ཡུམ། སེམས་དཔའ། སྒོ་བ། ཀུན་བཟང་ཡབ་ཡུམ། ཐུབ་དྲུག་རྣམས་ཀྱིས་དབང་བསྐུར་ཏེ། བདེན་པ་བརྗོད་ཅིང་རྟོགས་ཚོགས་གང་ཡིན་པ་དེ་ལྷའི་ངོ་བོར་ཡེ་ནས་གནས་པ་དེ་མངོན་དུ་གྱུར་ཏེ་སངས་རྒྱས་པར་གྱུར་ཅིག །ཅེས་སྨོན་ལམ་ཡང་གདབ་པོ། །དེ་ནས་རིགས་ལྔའི་དབུ་རྒྱན་མགོ་ལ་བྱིན་ཏེ། ཨོཾ་བུངྡྷ་ཨ་བྷི་ཥཉྩ་ཨོཾ། ཞེས་བྱ་བ་ལ་སོགས་སྔགས་བརྗོད་པས་། རིགས་ལྔ་ཡེ་ཤེས་ལྔའི་དབུ་རྒྱན་གྱི་འོད་ཟེར་གྱིས་དུག་ལྔའི་ཉེས་པ་བཅོམ་ནས། འགྲོ་བའི་མགོན་དུ་གྱུར་ཅིང་། ཡེ་ཤེས་ལྔའི་དབུ་རྒྱན་དང་ལྡན་ནས་ཆོས་ཀྱི་རྒྱལ་པོ་འགྲུབ་པར་བསམ་ཞིང་། དེ་བཞིན་གཤེགས་པ་རིགས་ལྔའི་དབུ་རྒྱན་འདིས། །རིག་འཛིན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །དུག་ལྔའི་ཉེས་བཅོམ་འགྲོ་བའི་མགོན་གྱུར་ཅིང་། །ཡེ་ཤེས་ལྔ་ལྡན་ཆོས་ཀྱི་རྒྱལ་པོར་ཤོག །དེ་ནས་དར་གྱི་ཅོད་པན་ལྡན་པ་གཡས་གཡོན་དུ་བཏགས་ཏེ། དར་ལེ་རྒན་ལྡན་པ་གཡོན་དུ་འཕུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གྱུར་བར་བསམ། མཐིང་ཀ་གཡས་སུ་འཕུར་བས་བདུད་དང་མུ་སྟེགས་ཀྱིས་མི་ཚུགས་པར་བསམ། ཨོཾ་བཛྲ་ས་ཏྭ་ལམ་པོ་ཉ་་་་་་་་་་་་ཡུ་ཥིཉ་ཙ་ཧྲི་ཞེས་བརྗོད་དེ། ལེ་རྒན་མཐིང་ཀ་དར་གྱི་ཅོད་པན་ཅན། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོར་འགྱུར་བ་དང་། །བདུད་དང་མུ་སྟེགས་རྒོལ་བས་མི་ཚུག་ཤོག །ཕྱག་རྒྱའི་དབང་ནི་གོང་གི་སྐུ་ཕྱག་རྒྱ་ཡང་ཡིན་ལ། རིགས་ལྔ་སྤྱིའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པའམ། ཡང་ན་རིགས་སོ་སོའི་ཕྱག་རྒྱ་གནས་ལྔར་གཏུག་ཅིང་། ཨོཾ་བུདྡྷ་མུ་དྲ་ཨ་པུ་ཤིན་ཙ་ཨོཾ། ཞེས་པ་ལ་སོགས་པའི་སྔགས་དང་། བུདྡྷ་མོ་ཙ་ན་ཨོཾ། ཞེས་པ་ལ་སོགས་པ་ཡུམ་ལྔའི་སྔགས་བརྗོད་ཅིང་ཕྱག་རྒྱ་རྣམས་ཀྱི་འོད་ཟེར་གྱིས་སྒྲིབ་པའི་དྲ་བ་བཅོམ་སྟེ། རིགས་ལྔ་ཡེ་ཤེས་ལྔའི་བཀའ་རྟགས་ཀྱི་ཕྱག་རྒྱ་དང་ལྡན་པར་བསམ་ཞིང་། རིགས་ལྔའི་སངས་རྒྱས་ཕྱག་རྒྱ་བཅིངས་ནས་སུ། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་རབ་ཐོབ་སྟེ། །རིགས་ལྔའི་བཀའ་རྟགས་ཕྱག་རྒྱ་ཐོབ་པར་ཤོག །དེང་༼འདིར་ལྡེབ་ངོས་གཅིག་ཆད།༽ཡེ་ཤེས་རྒྱལ་མཚན་ཡིན་ཏེ་མི་ཤིས་ཀུན་ལས་རྒྱལ་ཞེས་བྱ་སྟེ། རྒྱལ་མཚན་གྱི་དབང་བསྐུར་བས། འཁོར་བ་ན་གནས་པའི་ཚེ་ལྷ་དང་མིའི་རྒྱལ་པོར་འགྱུར་བ་དང་། ཡེ་ཤེས་ཀྱི་རྒྱལ་མཚན་དང་ལྡན་ཏེ་བྱང་ཆུབ་ཀྱི་སྤྱོད་པ་མཐར་ཕྱིན་ནས། མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་རྒྱལ་པོ་ཆེན་པོའི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད་དེ་བསམ་རྒྱུད་ཀྱང་དེ་བཞིན་བྱའོ། །དེ་ནས་གོ་ཆ་བྱིན་ཏེ། འདི་སྐད་དུ། གོ་ཆ་ནི་བྱམས་པ་དང་སྙིང་རྗེའི་གོ་ཆ་ཡིན་ཏེ་བྱམས་ལ་སྙིང་རྗེའི་རྒྱུན་ཞེས་བྱ་སྟེ། གོ་ཆས་དབང་བསྐུར་བས། འཁོར་བ་ན་གནས་པའི་ཚེ་ལྷ་དང་མིའི་རྒྱལ་པོ་ཆེན་པོར་འགྱུར་བ་དང་། བྱམས་པ་དང་སྙིང་རྗེའི་གོ་ཆ་དང་ལྡན་ཏེ་བྱང་ཆུབ་ཀྱི་སྤྱོད་པ་མཐར་ཕྱིན་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོའི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད་དེ་བསམ་རྒྱུད་ཀྱང་དེ་ལྟར་བཞག་གོ །སྙིང་པོ་ལྔའི་དབང་ནི། གོང་དུ་བུམ་པའི་དབང་དུ་འདུས་པར་འཆད། དངོས་སུ་བསྐུར་བར་འདོད་ན་ཡང་ཡེ་ཤེས་ལྔའི་རང་བཞིན་བྱང་ཆུབ་ཀྱི་སྙིང་པོ་དང་ལྡན་པར་དབང་བསྐུར་རོ། །དེ་ལྟར་ཕན་དབང་བཅུ་ལ་འདོད་ཡོན་བཟའ་བཏུང་མ་ཡིན་པ་བསྐུར་༼འདིར་ཤོག་ངོས་གཅིག་ཆད།༽དེ་ལ་རང་བཞིན་གྱི་ཡོན་ཏན་བདུན་དུ་དབང་བསྐུར་བ་ནི། འཁོར་ལོ་ལག་ཏུ་ཐོགས་ལ་ཡོན་ཏན་བརྗོད་པ་འདི་སྐད་དུ། འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཆེན་པོའི་རྐྱེན། འཁོར་ལོ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གསོ་སྦྱོང་གི་ཉིན་མོ་ཚེས་བཅོ་ལྔ་ལ་སྟེང་གི་ཁྱམས་བཙུན་མོའི་འཁོར་ན་གནས་པའི་ཚེ། ཤར་ཕྱོགས་ནས་གསེར་གྱི་རྩིབས་སྟོང་དང་ལྡན་པ་ལྟེ་བ་དང་འབུར་དུ་བཅས་པ། མགར་བས་གཟོ་མ་བྱས་པར་རང་བྱུང་བ་ཞིག་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་ལག་པ་གཡས་པར་བབ་པར་གྱུར་ཏོ། །རྒྱལ་པོས་བསམ་པ། ཚུལ་འདི་དང་སྦྱར་ན་བདག་ནི་འཁོར་ལོ་བསྒྱུར་བའི་རྒྱལ་པོར་ངེས་སོ་སྙམ་སྟེ། འཁོར་ལོ་དེ་ཤར་ཕྱོགས་སུ་བསྒྱུར་བས་དེ་མ་ཐག་ཏུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོབས་སྟོང་དང་ལྡན་པ་ཉིད་དུ་གྱུར་ཏེ། དེ་ལྟར་དེ་བཞིན་དུ་འཁོར་ལོ་རིན་པོ་ཆེས་དབང་བསྐུར་བས། འཁོར་ལོ་བསྒྱུར་བའི་སྟོབས་སྟོང་གི་མཐུ་དང་མཉམ་ནས་སངས་རྒྱས་ཀྱི་ས་ལ་ལུང་སྟོན་པའི་དབང་ཐོབ་པར་གྱུར་ཅིག །འཁོར་ལོ་རིན་ཆེན་སྟབས་པས་ནི། །ས་བཅུ་ཀུན་ལ་དབང་བ་དང་། །༼འདིར་ལྡེབ་ངོས་གཅིག་ཆད།༽ དུ་རྒྱལ་མཚན་གྱི་རྩེ་མོ་ལ་བཙུགས་པས། དཔག་ཚད་གཅིག་ཚུན་ཆད་དུ་ཉིན་པར་གྱི་འདུ་ཤེས་སྐྱེ་བར་གྱུར་ཏོ། །དེ་ལྟར་དེ་བཞིན་དུ་ནོར་བུ་རཏྣས་དབང་བསྐུར་བས། ཕྱི་ནང་ཐམས་ཅད་གསལ་ཞིང་མུན་པ་མེད་དེ་གསལ་བ་བཞིན་འབྱུང་བའི་ཡོན་ཏན་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །ནོར་བུ་རིན་ཆེན་བསྟབས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །དཔེ་བྱད་མཚན་གྱིས་བརྒྱན་པ་ཡི། །གསེར་གྱི་སྐུ་མདོག་ཐོབ་པར་ཤོག །འཁོར་ལོས་བསྒྱུར་བའི་རྒྱལ་པོའི་རྐྱེན། རྟ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། མདོག་ནམ་ལང་པའི་ཁ་དོག་འདྲ་བ། མགོ་གནགས་པ། རྔོག་མ་ལྕང་ལོར་འཁྱིལ་བ། ནམ་མཁའ་ལ་འགྲོ་བ། ཏ་ལ་ཏ་ཀ་ཞེས་བགྱི་སྟེ། རྒྱལ་པོས་སད་པའི་ཕྱིར་ནང་པར་སྔར་རྟ་ལ་ཞོན་ཏེ་གླིང་བཞི་རྒྱ་མཚོ་དང་བཅས་པ་མཐའ་བསྐོར་ན་སླར་གྱེང་སུས་དགའ་བ་ཉམས་སུ་མྱོང་བར་གྱུར་ཏེ། དེ་ལྟར་དེ་བཞིན་དུ་རྟ་རིན་པོ་ཆེས་དབང་བསྐུར་བས། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཐོགས་པ་མེད་པར་སྒྲོལ་ནུས་པའི་དབང་ཐོབ་པར་གྱུར་ཅིག །རྟ་མཆོག་རིན་ཆེན་སྟབས་པས་ནི། །རྫུ་འཕྲུལ་རྐང་པའི་དབང་ཐོབ་ནས། །ཉོན་མོངས་རྒྱ་མཚོ་སྒྲོལ་བ་ཡི། །ཐར་བའི་འབྲས་བུ་ཐོབ་པར་ཤོག །འཁོར་ལོ་བསྒྱུར་བའི་རྒྱལ་པོའི་རྐྱེན། བཙུན་མོ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། ཧ་ཅང་མི་རིང་ཧ་ཅང་མི་ཐུང་ལ། ཧ་ཅང་མི་སྦོམ་ཧ་ཅང་མི་ཕྲ་ཞིང་། ཧ་ཅང་མི་དཀར་ཧ་ཅང་མི་གནག་སྟེ། རན་པ་ཕུན་སུམ་ཚོགས་པ་དང་ལྡན་པ། པགས་པའི་མདོག་མེ་ཏོག་པྲི་ཡངྐུ་དང་འདྲ་བ། ཁ་ནས་ཨུཏྤ་ལའི་ངད་ལྡང་བ། གྲང་བའི་དུས་ན་རེག་ན་དྲོ་བ། ཚ་བའི་དུས་ན་རེག་ན་བསིལ་བ། ཡིད་ཀྱི་དགུ་ཆ་ལ་ཡང་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་སེམས་དང་འགལ་བར་མི་བྱེད་ན་ལུས་དང་ངག་གིས་ལྟ་ཅི་སྨོས་ཏེ། དེ་ནི་བུད་མེད་ཐམས་ཅད་ཀྱི་སྐྱོན་སེལ་བ་སྟེ། དཔེར་ན་སྐར་མའི་རྒྱལ་པོ་པ་ཝ་སངས་ཀྱིས་སྐར་མ་ཐམས་ཅད་ཟིལ་གྱིས་ནོན་པ་བཞིན། དེ་ལྟར་དེ་བཞིན་དུ་བཙུན་མོ་རིན་པོ་ཆེ་ཡིས་དབང་བསྐུར་བས། གཟུངས་དང་ཏིང་ངེ་འཛིན་དུ་འབྲེལ་ཏེ་བདེན་པ་མ་ནོར་བའི་དོན་ལ་ཆགས་ནས་མི་གཏོང་པར་བྱེད་པའི་གཟུངས་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །བཙུན་མོ་རིན་ཆེན་བསྟབས་པས་ནི། །ཤེས་རབ་ཡུམ་གྱི་དབང་ཐོབ་ཅིང་། །སྐྱེ་འགག་མེད་པའི་དོན་རྟོགས་ནས། །བླ་མེད་འབྲས་བུ་ཐོབ་པར་ཤོག །འཁོར་ལོ་བསྒྱུར་བའི་རྒྱལ་པོའི་རྐྱེན། བློན་པོ་རིན་པོ་ཆེ་ཇི་ལྟ་བུ་དང་ལྡན་ཞེ་ན། མཁས་པ། གསལ་བ། བློ་མྱུར་བ། ཡིད་གཞུང་པ། ལྷའི་མིག་དང་ལྡན་པ། ཁོང་ན་རིན་པོ་ཆེ་དང་ལྡན་པ་ཞིག་སྟེ། དེས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ་སྨྲས་པ། ལྷ་དཀོར་ནོར་ལ་ཐུགས་ཁྲལ་ཆུང་བར་མཛོད་ཅིག །འཇིག་རྟེན་ན་གཏེར་སྐམ་ན་གནས་པ་དང་། ཆུ་ལ་གནས་པ་དང་། བདག་པོས་བསྲུངས་བ་དང་། བདག་པོ་མེད་པ་ཐམས་ཅད་བདག་གིས་འཚལ་ཏེ། ཅི་དགོས་པ་ཐམས་ཅད་དུས་སུ་འབྱོར་བར་བགྱིའོ། །ཞེས་དབུགས་འབྱིན་པར་བགྱིད་དོ། །དེ་ལྟར་དེ་བཞིན་དུ་བློན་པོ་རིན་པོ་ཆེས་དབང་བསྐུར་བས། བློ་དང་བརྩོན་འགྲུས་དང་ལྡན་ཏེ་སེམས་ཅན་ཐམས་ཅད་བདེ་སྐྱིད་འཚམ་པ་ལ་དགོད་པའི་བཤེས་གཉེན་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །བློན་པོ་རིན་ཆེན་བསྟབས་པས་ནི། །སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེ་བའི་བརྒྱ་སྦྱིན་གྱིས། །ལྷའི་རྒྱལ་པོ་ཐོབ་པར་ཤོག །འཁོར་ལོ་བསྒྱུར་བའི་རྒྱལ་པོའི་རྐྱེན། དམག་དཔོན་རིན་པོ་ཆེ་ཇི་ལྟ་བུ་དང་ལྡན་ཞེ་ན། དཔའ་བ། བརྟན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ། ཡན་ལག་མཆོག་གི་གཟུངས་དང་རབ་ཏུ་ལྡན་པ། དགྲ་ཐབས་ཀྱི་སྦྱོར་བ་ཐམས་ཅད་ལ་རབ་ཏུ་མཁས་ཤིང་བྱང་བ་སྟེ། དེས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ་སྨྲས་པ། ལྷ་བསྡོ་བ་ཐམས་ཅད་ལ་ཐུགས་ཁྲལ་ཆུང་བར་མཛོད་ཅིག །བདག་གིས་དགྲ་ཐམས་ཅད་ཀྱི་སྦྱོར་བ་ཐམས་ཅད་འཚལ་ཏེ་བསྡོ་བ་ཐམས་ཅད་ཚེགས་མེད་པར་གདུལ་བར་བགྱིའོ། །ཞེས་དབུགས་འབྱིན་པར་བྱེད་དོ། །དེ་ལྟར་དེ་བཞིན་དུ་དམག་དཔོན་རིན་པོ་ཆེས་དབང་བསྐུར་བས། ཕྱོགས་མཚམས་ཐམས་ཅད་ནས་སྡོ་བ་ཐམས་ཅད་ཟིལ་གྱིས་ནོན་ཅིང་དཔའ་གོང་བའི་དབང་ཐོབ་པར་གྱུར་ཅིག །དམག་དཔོན་རིན་ཆེན་བསྟབས་པས་ནི། །མི་འཇིགས་བཞི་ཡི་དབང་ཐོབ་ནས། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི། །གོ་ཆ་ཆེན་པོ་བགོས་པར་ཤོག །རྫུ་འཕྲུལ་གྱི་ཡོན་ཏན་བདུན་དུ་དབང་བསྐུར་བ་ནི། འཁོར་ལོ་རིན་ཆེན་ཤུགས་ལ་ཐོགས་པ་མེད་པར་དགེ་བཅུའི་འཁོར་ལོ་བསྐོར་ཞེས་བགྱི་སྟེ། འཁོར་ལོ་རིན་པོ་ཆེས་དབང་བསྐུར་བས། འཁོར་བ་ན་གནས་པའི་ཚེ་འཁོར་ལོ་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་འཁོར་ལོ་རིན་པོ་ཆེ་ཤུགས་ལ་ཐོགས་པ་མེད་པ་ཞེས་བྱ་བ་དང་ལྡན་ནས་སྐྱེ་རྒུ་ཐམས་ཅད། དགེ་བ་བཅུ་ལ་ཁ་ལོ་བསྒྱུར་བའི་དབང་ཐོབ་པར་གྱུར་ཅིག །གླང་པོ་ནི། གླང་ཆེན་རིན་ཆེན་བརྟན་པ། རྡོ་རྗེ་རི་བོ་རིའི་གཟི་བརྗིད་ཅན་ཞེས་བགྱི་སྟེ། གླང་པོ་རིན་པོ་ཆེས་དབང་བསྐུར་བས། འཁོར་བ་ན་གནས་པའི་ཚེ་འཁོར་ལོ་བསྒྱུར་བའི་རྒྱལ་པོར་གྱུར་ཏེ། གླང་པོ་རིན་པོ་ཆེ་བརྟན་པ། རྡོ་རྗེ་རི་བོ་ཞེས་བྱ་བ་དང་ལྡན་ནས་སྐྱེ་དགུ་ཐམས་ཅད་དགེ་བ་བཅུ་ལ་ཁ་ལོ་བསྒྱུར་བའི་དབང་དང་ལྡན་པར་གྱུར་ཅིག །ནོར་བུ་ནི། ནོར་བུ་རིན་ཆེན་ཉི་མའི་སྙིང་པོ་འོད་སྤྲིན་དཔལ་གྱི་རྒྱལ་པོ་རེ་འདོད་སྐོང་ཞེས་བགྱི་སྟེ། ནོར་བུ་རིན་པོ་ཆེས་དབང་བསྐུར་བས། འཁོར་བ་ན་གནས་པའི་ཚེ་འཁོར་ལོ་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོ་འོད་སྤྲིན་ཞེས་བྱ་བ་དང་ལྡན་ནས། སྐྱེ་དགུ་ཐམས་ཅད་དགེ་བ་བཅུ་ལ་ཁ་ལོ་བསྒྱུར་བའི་དབང་ཐོབ་པར་གྱུར་ཅིག །རྟ་ནི། རྟ་མཆོག་རིན་ཆེན་རིགས་སྔོ་སྤྲིན་གྱི་ཤུགས་འཆང་མྱུར་མགྱོགས་རྫུ་འཕྲུལ་རྟ་ཞེས་བགྱི་སྟེ། རྟ་རིན་པོ་ཆེས་དབང་བསྐུར་བས་འཁོར་བ་ན་གནས་པའི་ཚེ་འཁོར་ལོ་བསྒྱུར་བའི་རྒྱལ་པོར་གྱུར་ཏེ། རྟ་རིན་པོ་ཆེ་སྤྲིན་གྱི་ཤུགས་འཆང་ཞེས་བྱ་བ་དང་ལྡན་ནས་སྐྱེ་དགུ་ཐམས་ཅད་དགེ་བ་བཅུ་ལ་ཁ་ལོ་བསྒྱུར། བཙུན་མོ་ནི། བཙུན་མོ་རིན་ཆེན་དགའ་བའི་འོད་དཔལ་ཤིན་ཏུ་སྦྱངས་པ་ལུས་སེམས་ཚིམ་ཞེས་བགྱི་སྟེ། བཙུན་མོ་རིན་པོ་ཆེས་དབང་བསྐུར་བས། འཁོར་བ་ན་གནས་པའི་ཚེ་ལྷ་དང་མིའི་རྒྱལ་པོར་གྱུར་ཏེ། བཙུན་མོ་རིན་ཆེན་དགའ་བའི་འོད་དཔལ་ཞེས་བྱ་བ་དང་ལྡན་ནས་སྐྱེ་དགུ་ཐམས་ཅད་དགེ་བ་བཅུ་བ་ལ། བློན་པོ་ནི། བློན་པོ་རིན་ཆེན་ལྷ་མིག་དྲི་མ་མེད་པ་ཤེས་བྱའི་ཐབས་མཁས་སྦྱོར་ཞེས་བགྱི་སྟེ། བློན་པོ་རིན་པོ་ཆེས་དབང་བསྐུར་བས། འཁོར་བ་ན་གནས་པའི་ཚེ་འཁོར་ལོ་བསྒྱུར་བའི་རྒྱལ་པོར་གྱུར་ཏེ། བློན་པོ་རིན་པོ་ཆེ་ལྷ་མིག་དྲི་མ་མེད་པ་ཞེས་བྱ་བ་དང་ལྡན་ནས་སྐྱེ་དགུ་ཐམས་ཅད་དགེ་བ་བཅུ་ལ་འགྲེ། དམག་དཔོན་ནི། དམག་དཔོན་རིན་ཆེན་ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་ལྡན་པས་ཕ་རོལ་དཔུང་རྣམས་ཟིལ་གྱིས་མནོན་ཞེས་བགྱི་སྟེ། དམག་དཔོན་རིན་པོ་ཆེས་དབང་བསྐུར་བས། འཁོར་བ་ན་གནས་པའི་ཚེ་འཁོར་ལོ་བསྒྱུར་བའི་རྒྱལ་པོར་གྱུར་ཏེ། དམག་དཔོན་རིན་པོ་ཆེ་ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་ལྡན་ནས་སྐྱེ་དགུ་ཐམས་ཅད་དགེ་བ་བཅུ་ལ་ཁ་ལོ་བསྒྱུར་བའི་དབང་ཐོབ་པར་གྱུར་ཅིག །བྱང་ཆུབ་ཀྱི་ཡན་ལག་གི་ཡོན་ཏན་བདུན་དུ་དབང་བསྐུར་བ་ནི། དམ་ཆོས་རྣམ་པར་འབྱེད་པ་འཁོར་ལོ་ཡིན་ཞེས་བགྱི་སྟེ། འཁོར་ལོ་རིན་པོ་ཆེས་དབང་བསྐུར་བས། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་ནས་ས་དང་པོ་ལ་ཆོས་ཉིད་ཀྱི་བདེན་པའི་དོན་མཐོང་བའི་དབང་དང་ལྡན་པར་གྱུར་ཅིག །གླང་པོ་ནི། ཏིང་འཛིན་མི་འགྱུར་བརྟན་པ་གླང་པོའི་སྟོབས་ཤེས་བགྱི་བ་སྟེ། གླང་པོ་རིན་པོ་ཆེས་དབང་བསྐུར་བས། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་ནས་ས་དང་པོ་ལ་ཆོས་ཉིད་ཀྱི་བདེན་པའི་དོན། འགྲེ། ནོར་བུ་ནི། བཏང་སྙོམས་གཞན་དོན་མཛད་པའི་རིན་པོ་ཆེ་ཞེས་བགྱི་སྟེ། ནོར་བུ་རིན་པོ་ཆེས་དབང་བསྐུར་བས། ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་ནས་ས་དང་པོ་ལ་ཆོས། བཙུན་མོ་ནི། ཚིམ་བྱེད་ལུས་སེམས་སྦྱངས་པ་བཙུན་མོ་ཡིན་ཞེས་བགྱི་སྟེ། བཙུན་མོ་རིན་པོ་ཆེས་དབང་བསྐུར་བས། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་ནས་ས་དང་པོ་ལ། འགྲེའོ། །བློན་པོ་ནི། འདུལ་བའི་བྱེ་བྲག་ཐབས་ལ་མཁས་པ་ཁྱིམ་བདག་དྲན་པ་ཡིན་ཞེས་བགྱི་སྟེ། བློན་པོ་རིན་པོ་ཆེས་དབང་བསྐུར་བས། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་ནས་ས་དང་པོ་ལ། དམག་དཔོན་ནི། དགའ་བ་རང་གི་ཕྱོགས་འཛིན་གཞན་འཇོམས་དམག་ཅེས་བགྱི་སྟེ། དམག་དཔོན་རིན་པོ་ཆེས་དབང་བསྐུར་བས། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་ནས་ས་དང་པོ་ལ་ཆོས་ཉིད་ཀྱི་བདེན་པའི་དོན་མཐོང་བའི་དབང་ཐོབ་པར་གྱུར་ཅིག །ཆོས་ཀྱི་ཡོན་ཏན་བདུན་དུ་དབང་བསྐུར་བ། འཁོར་ལོ་ནི། ཕ་རོལ་ཕྱིན་དྲུག་སྤྱོད་པ་འཁོར་ལོ་ཡིན་ཞེས་བགྱི་སྟེ། འཁོར་ལོ་རིན་པོ་ཆེས་དབང་བསྐུར་བས། ཕ་རོལ་དུ་ཕྱིན་པའི་འཁོར་ལོ་དང་ལྡན་ཏེ་བྱང་ཆུབ་ཀྱི་སྤྱོད་པ་མཐར་ཕྱིན་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་རྒྱལ་པོ་ཆེན་པོའི་དབང་ཐོབ་པར་གྱུར་ཅིག །གླང་པོ་ནི། གླང་པོ་རིན་ཆེན་མངོན་པར་ཤེས་པའི་མཆོག་ཅེས་བགྱི་སྟེ། གླང་པོ་རིན་པོ་ཆེས་དབང་བསྐུར་བས། མངོན་པར་ཤེས་པའི་གླང་པོ་དང་ལྡན་ཏེ། བྱང་ཆུབ་ཀྱི་སྤྱོད་པ་མཐར་ཕྱིན་ནས། ནོར་བུ་ནི། ཤེས་རབ་ནོར་བུ་རིན་ཆེན་དམ་པ་ཡིན་ཞེས་བགྱི་སྟེ། ནོར་བུ་རིན་པོ་ཆེས་དབང་བསྐུར་བས། ཤེས་རབ་རྣམ་པར་དག་པའི་ནོར་བུ་དང་ལྡན་ཏེ། བྱང་ཆུབ་ཀྱི་སྤྱོད་པ། རྟ་ནི། ཡེ་ཤེས་རྫུ་འཕྲུལ་རྟ་སྟེ་ཆགས་པ་མེད་པར་འགྲོ་ཞེས་བགྱི་སྟེ། རྟ་རིན་པོ་ཆེས་དབང་བསྐུར་བས། ཡེ་ཤེས་ཀྱི་རྟ་དང་ལྡན་ཏེ་བྱང་ཆུབ་ཀྱི་སྤྱོད་པ་མཐར་ཕྱིན་ནས། བཙུན་མོ་ནི་། སྤྱོད་པ་རྣམ་པར་དག་པའི་བཙུན་མོ་ཡིན་ཞེས་བགྱི་སྟེ། བཙུན་མོ་རིན་པོ་ཆེས་དབང་བསྐུར་བས། སྤྱོད་པ་རྣམ་པར་དག་པའི་བཙུན་མོ་དང་ལྡན་ཏེ། བྱང་ཆུབ་ཀྱི་སྤྱོད་པ་མཐར་ཕྱིན་ནས། བློན་པོ་ནི། ཐབས་ལ་ཤིན་ཏུ་མཁས་པ་བློན་པོ་ཡིན་ཞེས་བགྱི་སྟེ། བློན་པོ་རིན་པོ་ཆེས་དབང་བསྐུར་བས། ཐབས་ལ་མཁས་པའི་བློན་པོ་དང་ལྡན་ཏེ། བྱང་ཆུབ་ཀྱི་སྤྱོད་པ་མཐར་ཕྱིན་ནས། དམག་དཔོན་ནི། བསྡུ་བ་རྣམ་བཞིས་བསྡུས་པ་ཁྱིམ་བདག་དམ་པ་ཡིན་ཞེས་བགྱི་སྟེ། དམག་དཔོན་རིན་པོ་ཆེས་དབང་བསྐུར་བས་བསྡུ་བ་རྣམ་བཞིའི་དམག་དཔོན་དང་ལྡན་ཏེ། བྱང་ཆུབ་ཀྱི་སྤྱོད་པ་མཐར་ཕྱིན་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་རྒྱལ་པོ་ཆེན་པོའི་དབང་ཐོབ་པར་གྱུར་ཅིག །དེ་ནས་བཀྲ་ཤིས་ཀྱི་རྫས་བརྒྱད་ཀྱི་དབང་བསྐུར་ཏེ། དེ་ཡང་མེ་ལོང་། བིལ་བ། ལི་ཁྲི། ཞོ། དུང་། ཉུངས་དཀར། དུར་བ། གྷི་ཧང་དང་བརྒྱད་ཀྱི་དབང་ལ། རང་བཞིན་གྱི་ཡོན་ཏན་དང་། ལམ་གྱི་ཡོན་ཏན་དུ་དབང་བསྐུར་བ་གཉིས་ལས། ཚུལ་གཉིས་ཀ་གཟུགས་བརྙན་གྱི་རྒྱབ་ཏུ་བཀོད་པ་ལ་ལྟོས་སོ། །དེ་ནས་སྐྱེ་དགུ་འདུལ་བའི་ཡན་ལག་བདུན་གྱི་དབང་བསྐུར་ཏེ། དེ་ཡང་། མཁར། བང་མཛོད་། གྲུ། བློན་པོ། གླང་པོ། རྟ། དམག་སྟེ་བདུན་གྱིས་དབང་བསྐུར་ཏེ། སྨོན་ལམ་སོ་སོའི་གཟུགས་བརྙན་གྱི་རྒྱབ་ཏུ་བཀོད་པ་བཞིན་དུ་བསམ་པ་ཡང་དེ་བཞིན་དུ་བཞག་ལ་བསྐུར་རོ། །དེ་ནས་ཉེ་བའི་རིན་པོ་ཆེ་སྣ་བརྒྱད། ཁང་ཁྱིམ། འཆག་པ། གོ་ཆ། རལ་གྲི། གཞུ། མདའ། རྒྱལ་མཚན། གདུགས་སྟེ་བརྒྱད་ཀྱིས་དབང་བསྐུར་རོ། །དེ་ནས་ལྷ་མིའི་རྒྱལ་པོ་ཐུན་མོང་གི་དབང་རྫས་བཅོ་ལྔས་བསྐུར་ཏེ། བསིལ་ཡབ། འཕན། གོ་ཆ། ཕྱག་རྒྱ་བཞི། རྒྱལ་མཚན་། གདུགས། དུང་། ཉི་མ། ཟླ་བ། རྔ། སེངྒེ། མེ་ལོང་། མདའ་གཞུ། སྤྱན་ཐོགས། སྨྲང་འདོན་ཏེ། དེ་ལྟར་བཅོ་ལྔས་དབང་བསྐུར་ཏེ། ཚུལ་གོང་མ་བཞིན་ནོ། །དེ་ནས་བཀྲ་ཤིས་ཀྱི་རྟགས། དཔལ་བེའུ། པདྨ། འཁོར་ལོ། རྒྱལ་མཚན། དུང་། ཉ། གདུགས། བུམ་པ་སྟེ་བརྒྱད་ཀྱིས་དབང་བསྐུར་ཏེ། སྨོན་ལམ་སོ་སོའི་གཟུགས་བརྙན་གྱི་རྒྱབ་ཏུ་བཀོད་པ་ལ་ལྟོས་ཅིང་བསམ་པ་ཡང་དེ་བཞིན་དུ་བཞག་ལ་བསྐུར་རོ། །དེ་ལྟར་ཕན་པའི་དབང་དང་། འཁོར་ལོ་བསྒྱུར་བའི་དབང་བསྐུར་བ་ཟིན་ནས་འདོད་པའི་ཡོན་ཏན་ལ་རོལ་བའི་དབང་མ་བསྐུར་བའི་སྐབས་དེར་གསང་དབང་གི་བྱེ་བྲག་ཏུ་གཏོགས་པ་བུམ་པའི་དབང་ལྔ་བསྐུར། སློབ་མ་རྣམས་ཕྱི་རོལ་དུ་མཚམས་བཅད་ལ། གཟུངས་མ་མཚན་དང་ལྡན་པ་ལ་ཆོས་སྒྱུ་འཕྲུལ་གྱི་མཚན་ཉིད་ལེགས་པར་བསྟན་ཞིང་གསང་བའི་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་བཤད་ལ། ལེགས་པར་བྱིན་གྱིས་བརླབས་ཏེ་སྦྱོར་བ་ཚུལ་བཞིན་དུ་བགྱིས་པའི་བྱང་ཆུབ་ཀྱི་སེམས་མེ་ལོང་གིས་བླངས་ལ། སྔར་གྱི་བདུད་རྩི་རྣམ་པ་ལྔ་དང་སྦྱར་བའམ་མ་སྦྱར་ཀྱང་རུང་སྟེ་སློབ་མ་རྣམས་ཀྱི་ལྕེ་ལ་རིམ་པས་བཞག་ཅིང་དབང་རིམ་པར་བསྐུར་བར་བྱའོ། །དེའི་རིམ་པ་ལ་ཡང་ལྔ་སྟེ། ཉན་པའི་དབང་དང་། བསྒོམ་ཞིང་སྒྲུབ་པའི་དབང་དང་། །ལས་ཀྱི་དབང་དང་། འཆད་པའི་དབང་དང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ངོ་། །དང་པོ་ཉན་པའི་དབང་བསྐུར་བའི་ཕྱིར་བྱང་ཆུབ་ཀྱི་སེམས་སློབ་མའི་ལྕེ་དང་རྣ་བ་གཉིས་སུ་བཞག་སྟེ། དེ་ཉིད་ཀྱི་རྣ་བ་གཉིས་སུ་བྷྲུཾ་དམར་པོ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་དང་བཅས་པ་རེ་རེར་གྱུར་པའི་སྟེང་དུ། ཉི་མ་དང་ཟླ་བའི་གདན་ལ་ཏྲཾ་ཟུང་ལྔ་ཡ་བཅུར་གྱུར་སྟེ། དེའི་འཕྲོ་འདུ་ལས་རིན་པོ་ཆེར་གྱུར། དེ་ལས་ཀྱང་འཕྲོས་འདུས་པས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར་སེམས་དཔའ་དང་སེམས་མ་དང་བཅས་པའི་སྐུར་གྱུར་ཏེ། དེ་དག་ལས་འོད་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་སྤྱན་དྲངས་ཏེ། དེ་གཞལ་ཡས་ཁང་དང་བཅས་པ་སློབ་མའི་རྣ་བའི་དཀྱིལ་འཁོར་ལ་ཐིམ་པས། དམ་པའི་ཆོས་རིན་པོ་ཆེའི་གཏེར་འཛིན་ནུས་པར་བསམ་ཞིང་གསང་སྔགས་ཀྱི་གླེགས་བམ་ཐོགས་ཏེ་ཚིགས་འདིས་ཀྱང་བྱིན་གྱིས་བརླབ་པོ། །ཏྲཾ་གསང་བ་གསང་ཆེན་གསང་མཆོག་གང་། །གསང་བ་ཀུན་ལས་མཉན་པར་བྱ། །གསང་བའི་དོན་ཉིད་བརྟག་པ་ལས། །གཞན་དུ་སྨྲ་བར་བྱ་བ་མིན། །ཞེས་བརྗོད་དོ། །གསང་སྔགས་ཀྱི་གླེགས་བམ་ལག་ཏུ་བྱིན་ཏེ་རྣ་བ་གཉིས་དང་སྙིང་གར་གཏུག་ཏུ་གཞུག་གོ །གསང་བ་ཉན་པ་ལ་དབང་བའི་སྨོན་ལམ་ཡང་དེ་ལྟར་གདབ་བོ། །གཉིས་པ་བསྒོམ་ཞིང་སྒྲུབ་པའི་དབང་བསྐུར་བ་ནི། ཡང་བྱང་ཆུབ་ཀྱི་སེམས་སློབ་མ་ལ་བཞག་ཅིང་སྙིང་གར་ཐིག་ལེ་བྱས་ཏེ། སྙིང་གར་སྔ་མ་དང་འདྲ་བའི་གཞལ་ཡས་ཁང་གདན་དང་བཅས་པར་རང་གི་མེ་ཏོག་ཕོག་པའི་ལྷའི་སྙིང་པོ་དང་ཕྱག་རྒྱ་དང་། སྐུའི་འཕྲོ་འདུས་བདེ་བར་གཤེགས་པ་སྤྱན་དྲངས་པ་ལ་སོགས་པ་སྔ་མ་བཞིན་ཏེ་སྙིང་གར་ཐིམ་པས། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་པར་བསམ་ལ། རྡོ་རྗེ་གསོར་ཞིང་ཚིག་འདི་དག་གིས་བྱིན་གྱིས་བརླབ་པོ། །ཨོཾ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཞེས་བརྗོད་དེ། རྡོ་རྗེ་འཕངས་ཏེ་སློབ་མ་ལ་འཛིན་དུ་བསྩལ། སློབ་མས་རྡོ་རྗེ་རང་གི་སྙིང་གར་གཏུག་གོ །གསུམ་པ་ལས་ཀྱི་དབང་ནི། ཡང་བྱང་ཆུབ་སེམས་སློབ་མའི་ལྕེ་ལ་བཞག་ལག་པ་གཉིས་སུ་ཐིག་ལེ་བྱས་ཏེ་ལག་པ་གཉིས་ལ་གཞལ་ཡས་ཁང་བསྐྱེད་པ་དང་། ཡི་གེ་ཧ་དང་། རལ་གྲིའི་མཚན་མ་དང་། ལས་ཀྱི་རིགས་སེམས་དཔའ་དང་བྱས་པའི་སྐུར་གྱུར་པ་དང་། དེའི་འཕྲོ་འདུས་སངས་རྒྱས་འཁོར་བཅས་སྤྱན་དྲངས་ཏེ་དེའི་ལག་པར་ཐིམ་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་བྱེད་ནུས་པ་དང་ལྡན་པར་བསམ་ལ། རྡོ་རྗེ་རྒྱ་གྲམ་ཐོགས་ཏེ་ཚིག་འདི་དག་གིས་བྱིན་གྱིས་བརླབ་པོ། །ཨོཾ་ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། །ལས་རྣམས་མ་ལུས་ཀུན་བྱོས་ཤིག །ཕོ་ཉ་མང་པོ་འདུ་འཕྲོ་ཀུན། །ཁྱོད་ཀྱི་ལས་རྣམས་བྱེད་པ་ཡིན། །ཞེས་བརྗོད་དེ། རྡོ་རྗེ་རྒྱ་གྲམ་ལག་ཏུ་གཏད་དོ། །བཞི་པ་འཆད་པའི་དབང་བསྐུར་བ་ནི། བྱང་ཆུབ་ཀྱི་སེམས་སློབ་མའི་ལྕེ་ལ་བཞག་པས། ལྕེ་ལ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དང་། ཡི་གེ་ཧྲི་དང་། ཕྱག་རྒྱ་པདྨ་དང་། པདྨའི་རིགས་ཀྱི་ལྷར་གྱུར་བ་དང་། ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས་ཏེ་ལྕེ་ལ་ཐིམ་པས། དེ་བཞིན་གཤེགས་པའི་བཀའ་གསང་བ་ཐམས་ཅད་སྟོན་པའི་དབང་དང་ལྡན་པར་གྱུར་བར་བསམ་ཞིང་། ཚིག་འདི་དག་གིས་ཀྱང་བྱིན་གྱིས་བརླབ་པོ། །ཨོཾ་ཆོས་ཀྱི་བདུད་རྩི་བླ་མེད་ཀྱི། །དད་ལྡན་སྐྱེས་བུ་ངོམས་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་སྒྲགས་གཞན་དུ་མིན། །ཞེས་བརྗོད་དེ་དུང་འབུད་དུ་སྩལ། ལྔ་པ་རྡོ་རྗེ་རྒྱལ་པོའི་དབང་བསྐུར་བ་ནི། བྱང་ཆུབ་ཀྱི་སེམས་ལྕེ་ལ་བཞག་ཅིང་ཡན་ལག་ལྔ་ལ་ཐིག་ལེ་བྱས་པས། ཡན་ལག་ལྔ་ལ་བྷྲུཾ་ལས་གཞལ་ཡས་ཁང་གདན་དང་བཅས་པ་སྔར་དང་འདྲ་བ་རེ་རེ་བསྐྱེད་པ་དང་། དེའི་ནང་དུ་རིགས་ལྔའི་སྤྱི་བོར་འབྲུ་ལྔ་ལས་ཕྱག་མཚན་ལྔར་གྱུར་པ་དང་། དེ་ལས་རིགས་ལྔའི་དཀྱིལ་འཁོར་བཅས་པ་ཁྲོ་བོ་བཅུའི་ཕྲེང་བས་བསྐོར་བའི་སྐུ་བསྐྱེད་དེ། དེའི་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ་གནས་ལྔར་ཐིམ་པས་རྡོ་རྗེ་རྒྱལ་པོའི་དབང་ཐོབ་སྟེ་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ། དབང་དང་དམ་ཚིག་ཐམས་ཅད་ཀྱི་སྦྱིན་བྱེད་ཆེན་པོའི་དབང་ཐོབ་པར་གྱུར་བར་བྱས་ཏེ་རྡོ་རྗེ་དང་དྲིལ་བུ་ཐོགས་ཏེ་ཚིག་འདིས་ཀྱང་བྱིན་གྱིས་བརླབ་པོ། །ཨོཾ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །ཞེས་བརྗོད་དེ། རྡོ་རྗེ་དྲིལ་བུ་ལག་ཏུ་སྦྱིན་ནོ། །ནུས་པའི་དབང་ལྔ་པོ་དེ་དག་གི་དབང་རྫས་དེ་དག་ལ་རབ་གནས་ནི་མི་དགོས་ཏེ་བཀའ་རྟགས་སུ་གཏད་པས་ཆོག་ལ། གཞན་དག་པོ་ཏི་ལ་རིན་འབྱུང་། བསྒོམ་ཞིང་བསྒྲུབ་པ་ལ་ཡིད་དམ་ལྷ་གང་ཡིན་པ། ལས་ཀྱི་ལ་དོན་གྲུབ། འཆད་པ་ལ་མཐའ་ཡས། རྡོ་རྗེ་རྒྱལ་པོའི་དབང་རྫས་ལ་རིགས་ལྔ་ཅར་གྱིས་བྱ་ཞེས་འདོད་དེ། དེ་ཡང་མི་འགལ་ཞེས་གསུངས་སོ། །ཁ་ཅིག་ནི་རྡོ་རྗེ་རྒྱལ་པོའི་དབང་བསྐུར་བའི་ཚེ་སེང་གེའི་ཁྲིིའི་སྟེང་དུ་ཉི་ཟླ་པདྨའི་གདན་བཏིང་ལ་དེར་དབང་བསྐུར་ཏེ། ཕྱིས་ཚོགས་ཀྱི་དཀྱིལ་འཁོར་བྱེད་པའི་ཚེ་ན་ཡང་རྡོ་རྗེ་རྒྱལ་པོའི་གདན་འདི་ལྟར་བྱ་ཞེས་འཆད་དོ། །དེ་ལྟར་ནུས་པའི་དབང་བསྐུར་ཟིན་པ་དང་། ཐུན་མོངས་བཟའ་བཏུང་འདོད་པའི་ཡོན་ཏན་གྱི་དབང་འདི་དག་བསྐུར་ཞིང་བཀྲ་ཤིས་ཀྱི་ཚུལ་དུ་བྱ་སྟེ། འདོད་པའི་ཡོན་ཏན་ལྔའི་རྫས་ཅི་འབྱོར་བ་དང་། ཁྱད་པར་དམ་ཚིག་གི་རྫས་བདུད་རྩི་རྣམ་པ་ལྔ་དང་། ཤ་རྣམ་པ་ལྔ་དང་བཅས་པ་གསོགས་ནས་སོ་སོར་བྱིན་ཏེ། དབང་ཐོབ་རྒྱལ་པོ་ཆེན་པོ་ཁྱོད། །ཀུན་གྱི་བདག་པོ་ཡིན་པས་ན། །རོལ་མོ་ལ་སོགས་ལོངས་སྤྱོད་རྣམས། །ཐམས་ཅད་ཀུན་ལ་དབང་བར་གྱིས། །དམ་ཚིག་བདུད་རྩིའི་རྫས་བྱིན་ཏེ། །སྒྲུབ་པའི་ལས་ལ་དབང་ཐོབ་ཕྱིར། །རྒྱལ་བ་ཐམས་ཅད་སྒྲུབ་པ་དང་། །རྡོ་རྗེ་ཚེ་དང་སྨན་ལ་སོགས། །ཐམས་ཅད་མ་ལུས་ཀུན་སྒྲུབས་ཤིག །དེང་ཕན་ཆད་ཁྱོད་ཀྱིས་གཟུགས་ཐམས་ཅད་ལ་དཔྱད་པར་བྱ་སྟེ། དེ་ཡང་ཉན་ཐོས་ཞི་བ་ཕྱོགས་གཅིག་པ་ལྟར་གཟུགས་ལ་དངོས་པོར་བལྟས་ཏེ་སྐྱོན་དུ་གཟུང་ནས་སྤོང་བ་ཡང་མ་ཡིན། སེམས་ཅན་ཕལ་བ་ལྟར་དངོས་པོར་ལྟས་ཏེ་ཡོན་ཏན་དུ་གཟུང་ནས་ཆགས་པ་ཡང་མ་ཡིན། ཐམས་ཅད་གཟུགས་བརྙན་དང་འདྲ་བར་ཤེས་ཏེ་སྣང་ལ་རང་བཞིན་མེད་པར་རྟོག་པར་བྱས་ནས་མ་ཡེངས་མ་ཞེན་པའི་ཚུལ་དུ་སྤྱད་པར་བྱའོ། །ཞེས་བརྗོད་དེ་མེ་ལོང་བསྟན་ནོ། །དེ་བཞིན་དུ་འདོད་ཡོན་གཞན་ལ་ཡང་སྦྱར་བར་བྱ་སྟེ། དྲིལ་བུ་བསིལ། དྲི་བསུང་བསྲེག །ཞལ་ཟས་མྱོང་། གཙང་གོས་གྱོན། འདོད་ཡོན་ལྔ་དང་། དབང་རྫས་ལྔས་དབང་བསྐུར་བས། འདོད་པའི་ཡོན་ཏན་འདི་དག་ལ་མ་ཆགས་མ་ཞེན་པར་སྤྱོད་པའི་དབང་ཐོབ་པར་གྱུར་ཅིག །བསམ་རྒྱུད་ཀྱང་དེ་བཞིན་དུ་བྱའོ། །དེ་ཡང་། རྡོ་རྗེ་བླ་མ་ཆེན་པོ་དང་། །བདག་དང་གཞན་ཡང་འདོད་དགུར་མཆོད། །ཅེས་འབྱུང་བ་ལྟར་བྱའོ། །དེ་ནས་སྒོ་སོ་སོའི་སྨོན་ལམ་གདབ་སྟེ། རང་རང་གི་སྒོར་འཇུག་པའི་དུས་སུ་བཏབ་ཀྱང་རུང་ངོ་། །སྒོ་འདི་ནི་ཤར་ཕྱོགས་ཀྱི་སྒོ་ལགས་ཏེ། ཤར་ཕྱོགས་ཀྱི་སྒོ་ལ་ཡང་རྒྱ་གར་གྱི་སྒྲ་ལས་དྲངས་ན་པུརྦ་ཞེས་བགྱི་སྟེ། སྔོན་དང་ཐོག་མ་ལ་ཡང་པུར་བ་ཞེས་བགྱི་སྟེ། དེ་བས་ན་རིགས་ཀྱི་བུ་ཁྱོད་ཤར་ཕྱོགས་ཀྱི་སྒོ་འདིར་ཕྱིན་ཞིང་ཞུགས་ཏེ་དབང་བསྐུར་བས། པུར་བའི་སྒྲ་དེ་དང་རྗེས་སུ་འཐུན་པར་སྨོན་ལམ་དུ་གསོལ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་ཏེ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་སྒོ་འདིར་གཞུག་ཅིང་དབང་ནོད་པས་སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ཏེ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །སྒོ་འདི་ནི་ལྷོ་ཕྱོགས་ཀྱི་སྒོ་ལགས་ཏེ། ལྷོ་ཕྱོགས་ཀྱི་སྒོ་ལ་ཡང་རྒྱ་གར་གྱི་སྒྲ་ལས་དྲངས་ན་ད་ཀྵི་ན་ཞེས་བགྱི་སྟེ། སྦྱིན་གནས་ལ་ཡང་ད་ཀྵི་ན་ཞེས་བགྱི་སྟེ། དེ་བས་ན་རིགས་ཀྱི་བུ་ཁྱོད་ལྷོ་ཕྱོགས་ཀྱི་སྒོ་འདིར་ཞུགས་ཤིང་དབང་ནོད་པས། ད་ཀྵི་ནའི་སྒྲ་དང་རྗེས་སུ་འཐུན་པར་སྨོན་ལམ་གསོལ་བ། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་སོགས་ཏེ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་སྦྱིན་གནས་ཀྱི་སྒོ་འདིར་ཞུགས་ཤིང་དབང་ནོས་པས། སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། དེང་རིགས་ཀྱི་བུ་ཁྱོད་ཀྱང་ལྷོ་སྒོ་འདིར་ཞུགས་པས་སྦྱིན་གནས་ཀྱི་སྒོ་ནས་སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །སྒོ་འདི་ནི་ནུབ་ཕྱོགས་ཀྱི་སྒོ་ལགས་ཏེ། ནུབ་ཕྱོགས་ཀྱི་སྒོ་ལ་ཡང་རྒྱ་གར་གྱི་སྒྲ་ལས་དྲངས་ན་པས་ཙི་མ་ཞེས་བགྱི། ཕྱི་མའི་ཚེ་ཕྱི་མའི་དུས་ལ་ཡང་པས་ཙི་མ་ཞེས་བགྱི་སྟེ། རིགས་ཀྱི་བུ་ཁྱོད་ནུབ་ཕྱོགས། པས་ཙི་མའི་སྒྲ་དང་རྗེས་སུ་མཐུན་པར་སྨོན་ལམ་དུ་གསོལ་བ་ནི། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་སོགས་པ་རྒྱལ་བ་སྲས་དང་བཅས་རྣམས་ལ་ཕྱག །ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཉིད་དག་པའི་སྒོ་འདིར་ཞུགས་ཏེ་དབང་ནོས་པས་སྒྲིབ་པ། ཚོགས་རྣམ་པ་གཉིས་རྫོགས་ཏེ་མངོན་པར་རྫོགས་སངས་རྒྱས་པ་དེ་བཞིན་དུ། དེང་རིགས་ཀྱི་བུ་ཁྱོད་ཀྱང་ཆོས་ཉིད་དག་པའི་སྒོར་ཞུགས་པས། སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་འགྲེའོ། །སྒོ་འདི་ནི་བྱང་ཕྱོགས་ཀྱི་སྒོ་ལགས་ཏེ། བྱང་ཕྱོགས་ཀྱི་སྒོ་ལ་ཡང་རྒྱ་གར་གྱི་སྒྲ་ལས་དྲངས་ན་ཨུ་ཏ་ར་ཞེས་བགྱི། ཐུགས་རྗེ་ཆེན་པོས་འགྲོ་བ་འདྲེན་པ་ལ་ཡང་ཨུ་ཏ་ར་ཞེས་བགྱི་སྟེ། དེ་བས་ན་བུ་ཁྱོད་བྱང་ཕྱོགས་ཀྱི་སྒོ་འདིར་ཕྱིན་ཞིང་ཞུགས་པས་ཨུ་ཏ་རའི་སྒྲ་དང་རྗེས་སུ་མཐུན་སྨོན་ལམ་དུ་གསོལ་བ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་འགྲོ་བ་འདྲེན་པའི་སྒོ་འདིར་ཞུགས་ཏེ། སྒྲིབ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ཏེ་མངོན་པར་རྫོགས་སངས་རྒྱས་པ་དེ་བཞིན་དུ། དེང་ཡོན་གྱི་བདག་པོ་ཡང་སྒོ་འདིར་ཞུགས་པས་ཐུགས་རྗེ་ཆེན་པོས་འགྲོ་བ་འདྲེན་པའི་སྒོ་ནས། སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་ཏེ་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས། ཐུགས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་དོན་སྙིང་པོ་དོན་གྱི་དཀྱིལ་འཁོར་འདིར་ཞུགས་ཤིང་ཐུགས་སུ་ཆུད་དེ་རྟོགས་ནས། སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ཏེ་མངོན་པར་རྫོགས་སངས་རྒྱས་པ་དེ་བཞིན་དུ། རིགས་ཀྱི་བུ་ཁྱེད་ཀྱི་སྙིང་པོ་དོན་གྱི་དཀྱིལ་འཁོར་འདིར་ཞུགས་ཏེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་དོན་རྟོགས་ནས། སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ནས་མངོན་པར་རྫོགས་སངས་རྒྱས་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་པོ། །དེ་དག་ནི་གསང་སྔགས་༼ནང་པ། ཞེས་ཡོད་པ་མཆན་ཡིན་མིན་མ་འཚལ།༽རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའི་རིམ་པ་སྟེ། གསང་སྔགས་ཀྱི་ལམ་ལ་འཇུག་ཅིང་སྤྱོད་པ་རྣམས་ཀྱི་ཐོག་མ་ཉིད་དུ་འཇུག་ཅིང་ཐོབ་པར་བྱའོ། །གལ་ཏེ་མ་ཐོབ་ན་སྐྱོན་ནི། རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་སོ། །དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པའི་ཡོན་ཏན་ནི། རྒྱུད་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་བའི་བདག་པོར་འགྱུར། །ཞེས་གསུངས་སོ། །དེ་ནས་གཏོར་མ་བཏང་སྟེ་དཀྱིལ་འཁོར་བསྡུ་བའི་ལས་བྱ། བཀྲ་ཤིས་གསོལ། སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ། ། བླ་མ་རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པའོ། ། ། །༼གཅིག་ཞུས།༽