Jump to content

སྒྱུ་འདྲ།

ཡོང་ཁུངས་Wikipedia
སྒྱུ་འདྲ་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

སྒྱུ་འདྲ་ཞེས་པ་ནི་སྣང་ཡང་རང་བཞིན་མེད་པའི་དཔེ་སྟེ། སྒྱུ་མ་མཁན་གྱིས་སྔགས་དང་སྨན་གྱི་མཐུས་སྤྲུལ་པའི་རྟ་གླང་སོགས་དང་འདྲ་བར་སྣང་ལ་བདེན་པས་སྟོང་པའི་དོན་མཚོན་པའི་ཐ་སྙད་དོ། །

ངོ་བོ་

[རྩོམ་སྒྲིག]

བློ་ངོར་སྣང་ཡང་རང་བཞིན་གྱིས་མ་གྲུབ་པའི་ཆོས་རྣམས་ཀྱི་དཔེ་སྟེ། "དེ་ལྟར་མེད་ཀྱང་རྐྱེན་ལས་སྐྱེ་བ་ལྟར་སྣང་ལ་དེའི་ཚེ་ཡང་སྐྱེ་བ་མེད་པ་ཉིད་ཀྱིས་འདི་ནི་སྒྱུ་མ་ལྟ་བུའོ། །དེས་ན་འདི་ལྟ་བུ་སྤང་མི་ནུས་སོ་ཞེས་འཇིགས་པར་མི་བྱ་སྟེ་འདིའི་རང་བཞིན་ཤེས་པའི་ཤེས་རབ་གྱིས་བརྩོན་པར་གྱིས་ཤིག་པའོ། །"[]ཞེས་གསུངས་པ་ལྟར་ཉོན་མོངས་པ་རྣམས་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པའི་དོན་ནོ། །

མཚན་ཉིད་

[རྩོམ་སྒྲིག]

"སྒྱུ༷་མ༷་དང་འདྲ༷་སྟེ། དགྲ་གཉེན་ལ་སོགས་པའི་རྐྱེན་ལས་སྐྱེས་པ། རང་གི་བློ་ངོར་སྣང་བ། རང་བཞིན་མེད་པ་ཡིན་པ་"[]ཞེས་གསུངས་པ་ལྟར་རྐྱེན་ལས་སྐྱེས་པ། བློ་ངོར་སྣང་བ། རང་བཞིན་མེད་པའི་ཆོས་གསུམ་ཚང་བ།

དཔེ་དོན་སྦྱར་ཚུལ་

[རྩོམ་སྒྲིག]

ཉོན་མོངས་པ་སྒྱུ་མ་དང་འདྲ་བའི་ཚུལ། "ཉོན་མོངས་འདི་ནི་རང་བཞིན་གྱིས་གྲུབ་པས་སྟོང་བཞིན་དུ་རང་བཞིན་གྱིས་གྲུབ་པར་སྣང་བ་སྒྱུ་མ་དང་འདྲ་བ་"[]ཞེས་གསུངས་པ་ལྟར་ཉོན་མོངས་པ་རྣམས་རང་བཞིན་གྱིས་མ་གྲུབ་ཀྱང་གྲུབ་པར་སྣང་བ་སྒྱུ་མ་དང་འདྲའོ། །"དཔེར་ན། སྒྱུ་མ་ནི་དེའི་རྣམ་པས་སྟོང་ཡང་སྔགས་དང་སྨན་གྱི་མཐུ་ལས་རྐྱེན་འདི་ཙམ་གྱིས་དེ་ཁོ་ན་ཉིད་དུ་མེད་ཀྱང་། གླང་པོ་ཆེ་ལ་སོགས་པའི་རྣམ་པར་སྣང་བ་དེ་བཞིན་དུ་ཉོན་མོངས་པ་འདི་རྣམས་ཀྱང་ཕྱིན་ཅི་ལོག་གི་རྒྱུ་མཚན་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བ་སྟེ་རྐྱེན་འདི་དག་ཙམ་གྱིས་ཁོ་ན་མེད་པ་ཉིད་སྣང་ངོ་། །"[]ཞེས་གསུངས་སོ། །
སེམས་ཅན་སྒྱུ་མ་དང་འདྲ་བའི་ཚུལ། "ཇི་སྲིད་དུ་རྫས་སྔགས་སོགས་ཀྱི་རྐྱེན་རྣམས་ཚོགས་པར་གྱུར་པ་དེ་སྲིད་དུ་རྟ་གླང་ལ་སོགས་པའི་སྒྱུ་མ་ཡི་སྣང་བའང་འབྱུང་བར་འགྱུར་བ་དེ་བཞིན་དུ་ཇི་སྲིད་ལས་དང་ཉོན་མོངས་པའི་རྐྱེན་རྣམས་ཚོགས་པ་དེ་སྲིད་དུ་སེམས་ཅན་རྣམས་ཀྱི་སྐྱེ་བའང་རྒྱུན་མི་འཆད་པར་འབྱུང་བ་ཡིན་"[]ཞེས་གསུངས་པ་ལྟར་སེམས་ཅན་རྣམས་ཀྱང་རྐྱེན་ཚོགས་པ་ལས་སྐྱེ་བ་སྒྱུ་མ་དང་འདྲའོ། །

ཉོན་མོངས་སྤོང་ཚུལ་

[རྩོམ་སྒྲིག]

"ཉོན་མོངས་པར་བྱེད་པ་དང་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་བྱེད་པ་དང་བག་ལ་ཉལ་བརྟན་པར་བྱེད་པ་དང་རིགས་མཐུན་གྱི་ཉོན་མོངས་པའི་རྒྱུན་མི་འཆད་པར་བྱེད་པ་དང༌། རང་གཞན་གཉིས་ཀ་ལ་གནོད་པ་ཆེན་པོ་བྱེད་པ་དང་ཚེ་འདི་ཕྱི་གཉིས་ཀ་ལ་ཁ་ན་མ་ཐོ་བ་ ཆེན་པོ་སྐྱེད་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་མྱོང་བར་བྱེད་པ་དང་སྐྱེ་བ་ལ་སོགས་པའི་སྲིད་པའི་སྡུག་བསྔལ་རྣམས་འགྲུབ་པར་བྱེད་པ་"[]ཞེས་གསུངས་པ་ལྟར་ཉོན་མོངས་པ་རྣམས་སྒྱུ་མ་ལྟ་བུར་རྟོགས་ནས་སྤང་དགོས་སོ། །"སྣང་ཡང་བདེན་པ་མེད་པ་དེའི་ཕྱིར་སྤོང་མི་ནུས་སྙམ་པའི་སྙིང་ལ་འཇིགས་པ་སྤོངས་ལ་ཤེས་རབ་བསྐྱེད་པའི་ཕྱིར་བརྩོན་པ་སྟེན་ཅིག"[] ཅེས་གསུངས་པ་ལྟར་ཉོན་མོངས་པ་སྒྱུ་མ་ལྟ་བུར་རྟོགས་ན་སྤོང་ནུས་པའི་ཡིད་ཆེས་སྐྱེའོ། །

ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྟན་པ།

[རྩོམ་སྒྲིག]

དོན་དམ་པའི་དེ་ཁོ་ན་ཉིད། "དངོས་པོ་ལ་སྟེ་དོན་དམ་པར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པ་ཉིད་ཀྱིས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་རོ། །"[]ཞེས་གསུངས་པ་ལྟར་རོ། །

རྩོད་སྤོང་

[རྩོམ་སྒྲིག]

སྒྱུ་མ་དང་སེམས་ཅན་གྱི་ཁྱད་པར། "གལ་ཏེ་སེམས་ཅན་བདེན་མེད་སྒྱུ་མ་དང་འདྲ་ན་སྒྱུ་མའི་སེམས་ཅན་ཞིག་ནས་སླར་མི་འབྱུང་བ་ལྟར་སེམས་ཅན་ཤི་ནས་ཇི་ལྟར་སྐྱེ་"[] ཞེས་པའི་རྩོད་པ་ལ། "སྒྱུ་མ་དང་སེམས་ཅན་རྣམ་པ་ཐམས་ཅད་དུ་འདྲ་བར་ཁས་མ་བླངས་ཀྱི་བདེན་པར་གྲུབ་མ་གྲུབ་འདྲ་བར་ཁས་བླངས་"[༡༠]ཞེས་ལན་གསུངས་སོ། ། བསོད་ནམས་དང་སྡིག་པའི་རྩོད་སྤོང་། "སྒྱུ་མའི་སྐྱེས་བུ་ལ་ཕན་བཏགས་པ་དང་གསོད་སེམས་ཀྱིས་ཀུན་ནས་བསླངས་ཏེ་བསད་པ་ལ་སོགས་པས་གནོད་པ་བྱས་ཀྱང་དེ་དག་ལ་ཕན་གནོད་ཀྱི་རྟེན་དུ་གྱུར་པའི་སྒྱུ་མ་ལྟ་བུའི་བདེ་སྡུག་མྱོང་བའི་སེམས་མེད་པའི་ཕྱིར་ན་རང་གི་ངན་སེམས་ཀྱིས་སྦྱོར་བའི་ཉེས་པ་ཙམ་ལས་སྲོག་གཅོད་པ་"[༡༡] ཞེས་གསུངས་པ་ལྟར་སྒྱུ་མ་ལ་སེམས་མེད་པས་དངོས་གཞིའི་སྡིག་པ་མི་འབྱུང་ངོ་། །

བསྡུས་དོན་

[རྩོམ་སྒྲིག]

སྒྱུ་འདྲ་ཞེས་པ་ནི་སྣང་ལ་རང་བཞིན་མེད་པའི་དཔེ་སྟེ། ཉོན་མོངས་པ་དང་སེམས་ཅན་སོགས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྐྱེན་ལས་སྐྱེས་ཤིང་བློ་ངོར་སྣང་ཡང་རང་བཞིན་གྱིས་མ་གྲུབ་པའི་དོན་མཚོན་པའི་ཐ་སྙད་དོ། །དེ་ལྟར་རྟོགས་ན་ཉོན་མོངས་པ་སྤོང་ནུས་པའི་ཡིད་ཆེས་སྐྱེ་བར་གསུངས་སོ། །

ལུང་ཁུངས་

[རྩོམ་སྒྲིག]
  1. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤོག་ངོས་ ༣༤༥
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤོག་ངོས་ ༢༣༡
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤོག་ངོས་ ༧༨
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤོག་ངོས་ ༣༤༦
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤོག་ངོས་ ༥༣༤
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་ངོས་ ༣༢༦
  7. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤོག་ངོས་ ༦༠
  8. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༤༨༡
  9. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤོག་ངོས་ ༢༥༥-༢༥༦
  10. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤོག་ངོས་ ༢༥༦
  11. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤོག་ངོས་ ༥༣༥