སྒྱུ་མ་འདྲ་
སྒྱུ་མ་འདྲ་ཞེས་པ་ནི་ནང་ཆོས་ཀྱི་ཕར་ཕྱིན་གྱི་ལྟ་བའི་ནང་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་བསྟན་པར་བྱེད་པའི་དཔེ་ཞིག་ཡིན། སྒྱུ་མ་འདྲ་ཞེས་པ་ནི་ཆོས་ཐམས་ཅད་སྣང་ཡང་བདེན་པར་མ་གྲུབ་པ་དང་། ཀུན་རྫོབ་ཏུ་ཡོད་ཀྱང་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་བསྟན་པའི་ཕྱིར་ཡིན།
སྒྲ་བཤད།
[རྩོམ་སྒྲིག]སྒྱུ་མ་འདྲ་ཞེས་པ་ནི་སྒྱུ་མ་ལ་སྦྱོར་ཚིག་འདྲ་ཡི་ཚིག་གིས་སྦྱར་ནས་བྱས་པའི་ཐ་སྙད་ཅིག་ཡིན། སྒྱུ་མ་ནི་འཁྲུལ་པ་ཙམ་ལ་གོ་ཞིང་། འདྲ་ནི་མཚུངས་པ་ལ་གོ་ལ། སྒྱུ་མ་འདྲ་ཞེས་པ་ནི་སྒྱུ་མ་དང་མཚུངས་པ་ཞེས་པའི་དོན་ཡིན།
ནང་དོན།
[རྩོམ་སྒྲིག]ཆོས་ཐམས་ཅད་ཀྱི་རང་བཞིན་སྣང་ཡང་བདེན་པར་མ་གྲུབ་པ་ཡིན། ཀརྨ་པ་རང་བྱུང་རྡོ་རྗེས་མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ་ལས་བཤད་པ་ལྟར། "ཡང་གང་ཞིག་ཀུན་རྫོབ་འདིར་ཕུང་པོ་ལྔ་པོ་འདི་དག་ཀྱང་སྒྱུ་མའི་སྐྱེས་བུ་དང་སྨིག་སྒྱུ་ཆུ་བུར་ལ་སོགས་ཏེ་སྒྱུ་མའི་དཔེ་བཅུ་གཉིས་དང་འདྲ་བར་ཤེས་ཤིང་། སྒྱུ་མའི་སྐྱེས་བུ་ནི་གཞན་རྫུན་པ་དང་། ཉེར་ལེན་གྱི་ཕུང་པོ་ནི་བདེན་ནོ་ཞེས་གཞན་དུ་ཐ་དད་པར་ནི་མི་བྱེད་ལ།"[༡] རྟག་ཆད་ཀྱི་མཐའ་ལས་འདས་པ། "བྱང་ཆུབ་སེམས་དཔའ་གང་ཞིག་ཕུང་སོགས་དོན་དམ་པར་མེད་པའི་དོན་ལ་དེ་ལྟར་རྩེ་གཅིག་ཏུ་གནས་པ་དེའི་ཚེ། འདིར་བདག་ནི་ཏིང་ངེ་འཛིན་ཞི་བ་ཆོས་མཆོག་ལ་གནས་པ་སྟེ། དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ། །"[༢]ཞེས་གསུངས་ཏེ། དེ་ལྟར་སྒྱུ་མ་འདྲ་ཞེས་པ་ནི་ཡོད་མེད་ཀྱི་མཐའ་གཉིས་ལས་འདས་པའི་ཆོས་ཉིད་ཀྱི་རང་བཞིན་ཡིན། སྤྲོས་པ་ཞི་བ། "ཡོད་མེད་ཡིན་མིན་སོགས་བྱིས་པའི་སྒྲོ་བཏགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཟུང་འཇུག་རབ་ཏུ་མི་གནས་པའི་དོན་ནི་མཐའ་དང་ཁས་ལེན་གྱི་རྣམ་པ་མ་ལུས་པ་ཞི་བ་སོ་སོ་རང་གིས་རིག་པར་བྱ་བའོ། །"[༣]ཞེས་གསུངས།
མཚན་ཉིད།
[རྩོམ་སྒྲིག]སྣང་ཡང་སྟོང་པ་ཞིག་ཡིན། "གང་ཞིག་སྒྱུ་མ་རྫུན་པར་སྣང་བར་འདི་རང་བཞིན་གཞན་མ་ཡིན་ལ། ཕུང་པོ་ལ་བདག་གོ་ཞེས་བརྟགས་པ་ཉིད་ནི་སྐྱེས་བུ་བཏགས་པར་ཡོད་པའི་རང་བཞིན་དུ་འཛིན་པའི་རྣམ་པར་རྟོག་པས་སྒོ་བཏགས་པ་ཡང་གཞན་དུ་མི་བྱེད་དོ། །"[༤]ཞེས་གསུངས།
དབྱེ་བ།
[རྩོམ་སྒྲིག]རྫས་འཛིན་སྤང་བ། སྒྱུ་མ་འདྲ་ཞེས་པ་ནི་རྫས་སུ་ཡོད་པར་འཛིན་པའི་རྣམ་པར་རྟོག་པ་སྤང་བར་བྱེད་པ་ཞིག་ཡིན། "ཆོས་གང་ཞིག་སོ་སྐྱེ་ལ་བདེན་པར་སྣང་བ་ལྟར་ཡོད་པ་མ་ཡིན་དེ་ནི་བདེན་པར་མེད་ཅེས་བྱ་ལ། བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་གཟུང་བྱའི་ཆོས་དེ་རྣམས་ལ་བདེན་པར་བརྟགས་ཤིང་ཞེན་ནས། བདེན་པར་ཡོད་པ་དང་ཐ་སྙད་དུ་མེད་པར་གཟུང་ངོ་། །"[༥]བཏགས་འཛིན་སྤང་བ། དེ་བཞིན་དུ་བཏགས་པར་ཡོད་པར་འཛིན་པའི་ལྟ་བ་ཡང་སྤང་དགོས་ཏེ། "འོན་ཀྱང་ཕུང་པོ་འདི་སྒྱུ་མ་ལྟ་བུར་སྔར་བསྟན་པ་བཞིན་དུ་ཤེས་པར་གྱུར་ནས་དེས་ན་ཡང་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པའི་རང་བཞིན་ཡང་ཇི་ལྟ་བ་བཞིན་སྤང་བའི་ཕྱིར་བསྒོམ་པར་བྱ་བ་དེ་བསྟན་པར་འགྱུར་བ་ཡིན་ནོ། །"[༦]ཞེས་གསུངས།
ངེས་ཚིག
[རྩོམ་སྒྲིག]ཆོས་ཐམས་ཅད་ཀྱི་རང་བཞིན་སྣང་ཡང་སྟོང་། ཡོད་ཀྱང་བདེན་པར་མ་གྲུབ་པ་ཡིན། "གང་ཞིག་ལམ་ལ་སློབ་པའི་སྐབས་འདིར་ཕུང་པོ་ལྔ་ཡིས་མཚོན་པའི་ཆོས་ཐམས་ཅད་དག་དཔེ་ཇི་ལྟར་ན་སྣང་ཡང་མི་བདེན་པ་སྒྱུ་མ་འདྲ་བར་ཤེས་ཤིང་། དེར་ཡང་སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་བྱས་ཏེ་དེ་གཉིས་ལ་བདེན་ཆེ་ཆུང་གི་ཁྱད་པར་འཛིན་པར་མི་བྱེད་ལ་ཕུང་པོ་ལྔ་ཉིད་སྒྱུ་མ་དང་རྨི་ལམ་ལ་སོགས་པ་དང་མགོ་མཉམ་པར་ཤེས་ནས།"[༧] ཞེས་གསུངས།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས།