སྒྱུ་མ་མཁན་
སྒྱུ་མ་མཁན་ཞེས་པ་ནི་བོད་ཀྱི་ནང་པའི་གཞུང་ལུགས་ཁྱད་པར་དུ་ཤེར་ཕྱིན་གྱི་མདོ་སྡེ་རྣམས་སུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྟོན་པའི་དཔེ་རུ་ཡང་ཡང་འབྱུང་བའི་ཐ་སྙད་ཅིག་ཡིན། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པའི་འགྲེལ་པ་རྣམས་སུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ནས་སྐྲག་པ་མེད་པར་འགྲོ་དོན་བྱེད་ཚུལ་སྟོན་པའི་དཔེར་བརྗོད་དུ་སྒྱུ་མ་མཁན་གྱི་དཔེ་འདི་གལ་ཆེན་པོར་གསུངས་ཡོད།
མཚན་ཉིད།
[རྩོམ་སྒྲིག]རྫས་དང་སྔགས་ཀྱི་སྟོབས་ཀྱིས་རྡེའུ་ཤིང་ལ་སོགས་པ་རྟ་གླང་དང་མི་སོགས་སུ་སྣང་བར་བྱེད་པའི་སྒྱུ་མའི་ལས་ལ་མཁས་པའི་གང་ཟག་ལ་ཟེར།
སྒྲ་བཤད།
[རྩོམ་སྒྲིག]སྒྱུ་མ་ནི་བདེན་པར་སྣང་ཡང་རང་བཞིན་མེད་པའི་སྣང་བ་ལ་ཟེར་ཞིང་། མཁན་ནི་དེ་ལྟ་བུའི་སྒྱུ་མ་སྟོན་པའི་ལས་ལ་མཁས་པའི་གང་ཟག་ལ་གོ་བས་སྒྱུ་མ་མཁན་ཞེས་བྱ།
དཔེ་དོན་སྦྱར་ཚུལ།
[རྩོམ་སྒྲིག]དཔེའི་ཆ། "དཔེར་ན་སྒྱུ་མ་མཁན་གྱིས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོའི་ཚོགས་ཆེན་པོ་སྤྲུལ་པར་བྱས་ཏེ། སྒྱུ་མས་སྤྲུལ་པའི་སྐྱེ་བོ་ཕལ་མོ་ཆེ་གཅིག་གིས་ཅིག་མགོ་མང་པོ་བརྒྱ་འམ་སྟོང་ངམ་བྱེ་བ་ལ་སོགས་པ་ཇི་སྙེད་ཅིག་གཅོད་པར་བྱེད་པའི་ཚོགས་རྣམ་པར་སྤྲུལ་ཀྱང༌། སྒྱུ་མའི་སྐྱེས་བུ་དེ་དག་བསད་བྱ་དང་གསོད་བྱེད་དེ་དག་ལ་བསད་བྱའི་རྣམ་པར་རྟོག་པ་དང༌། སྡིག་པ་མེད་པ།"[༡] "དཔེར་ན་སྒྱུ་མ་མཁན་གྱིས་ལམ་གྱི་བཞི་མདོར་དེའུ་ཤིང་བུ་སོགས་རྟ་གླང་སོགས་སུ་སྤྲུལ་བྱས་ཏེ། སྐྱེ་བོ་ཕལ་ཆེར་མང་པོ་སྤྲུལ་ནས་དེ་དག་གཅིག་གིས་གཅིག་གི་མགོ་མང་པོ་བྱེ་བ་སོགས་ཀྱི་གྲངས་ལྟ་བུ་གཅོད་པར་བྱེད་པའི་སྒྱུ་བསྟན་ཀྱང་། དོན་ལ་ནི་སེམས་ཅན་གཅིག་ཀྱང་བསད་པ་མེད།"[༢] "དཔེར་ན་སྒྱུ་མའི་མཁན་པོས་སྒྱུ་མའི་གནས་ལམ་པོ་ཆེའི་བཞི་མདོ་རུ་སྒྱུ་མ་མངོན་པར་སྤྲུལ་ཏེ། ཡང་དེའི་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་མགོ་རྣམ་པ་མང་པོ་བྱེ་བ་གཅོད་པར་བྱེད་པ་ནི་རང་གི་སྤྲུལ་པ་དེ་རྣམས་ལ་དངོས་པོར་མངོན་པར་ཞེན་པ་དང་བྲལ་བས་སྲོག་གཅོད་པ་ལ་སོགས་པའི་འཇིགས་པས་དེ་ལ་སྐྲག་པ་མེད་དོ། །"[༣]དོན་གྱི་ཆ། "ཅི་འདྲ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང༌། འགྲོ་བ་ཀུན་སྒྱུ་མ་ལས་སྤྲུལ་པ་དང་འདྲ་བར་ཤེས་པས་དོན་བྱེད་པ་དེ་ལ་འཇིགས་ཤིང་སྐྲག་པ་མེད་དོ། །"[༤]"དཔེ་དེ་ཅི་འདྲ་བ་དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་འགྲོ་བ་འདི་ཀུན་བདེན་པར་སྣང་ཡང་སྣང་བ་ལྟར་མ་གྲུབ་པ་སྤྲུལ་པ་དང་འདྲ་བར་རབ་ཏུ་ཤེས་ནས། ཉོན་མོངས་པ་སོགས་ཁ་ན་མ་ཐོ་བ་ལ་འཇིགས་པ་མེད་དོ། །"[༥]"དེ་བཞིན་དུ་སྒྱུ་མ་མཁན་གྱི་སྤྲུལ་པ་བསད་པ་དེ་དག་ཅི་འདྲ་བར་དེ་ལྟར་གཉེན་པོའི་སྒྱུ་མ་བྱེད་པའི་བྱང་ཆུབ་སེམས་དཔས་ལྷའི་བུའི་བདུད་ལ་སོགས་པའི་སྤྲུལ་པ་འཇོམས་པ་ན། གང་གི་ཚེ་བྱང་ཆུབ་སེམས་དཔའ་དེས་འགྲོ་བ་ཀུན་ལས་དང་ཉོན་མོངས་པས་སྤྲུལ་པ་ཡིན་པར་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེས་པ་རབ་ཏུ་ཤེས་པ་དེ་བས་ན། དེ་ལ་ཁ་ན་མ་ཐོ་བ་འཇིགས་པ་མེད་ཅིང་སྐྲག་པ་མེད་པར་གྱུར་པ་ཡིན་ནོ། །"[༦]ཞེས་གསུངས་སོ། །
རྩོད་སྤོང་།
[རྩོམ་སྒྲིག]རྩོད་པ། "འགྲོ་བ་ཀུན་སྤྲུལ་པ་དང་འདྲ་བ་ཡིན་ན་ཇི་ལྟར་བཅིངས་པ་དང་གྲོལ་བར་འགྱུར།"[༧] ལན། "གཟུགས་དང་དེ་བཞིན་དུ་འདུ་ཤེས་དང༌། ཚོར་བ་དང་སེམས་དཔའ་དང༌། རྣམ་པར་ཤེས་པ་ལ་རང་བཞིན་མེད་པས་མ་བཅིངས་པ་ཡིན་པ་ལ། དེ་ལ་གྲོལ་རྒྱུ་མེད་པས་མ་གྲོལ་བ་སྟེ། ཡེ་ནས་ཡོད་པ་མ་ཡིན་ཏེ་ཁྱད་པར་གྱི་གཞི་གང་ཡང་མ་གྲུབ་པ་ལ་ཁྱད་པར་གྱི་ཆོས་མ་གྲུབ་པའི་ཕྱིར།"[༨] "གཟུགས་ནས་རྣམ་པར་ཤེས་པའི་བར་དུ་མ་རིག་པས་བཅིངས་པ་མེད་ཅིང་། རིག་པའི་མཐུས་གྲོལ་བ་ཡང་ཡོད་མིན་ཏེ།"[༩] ཞེས་གསུངས་སོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་༢༧།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་༩b།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༣༣།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར།། ཤོག་ངོས་༢༧།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་༩b།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༣༣།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༣༣།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་༢༧།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༣༣།