སྒྱིད་ལུག་
སྒྱིད་ལུག་ཅེས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྐབས་སུ་གསུངས་པའི་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོའི་དབྱེ་བ་གསུམ་གྱི་ནང་ནས་གཅིག་ཡིན་ཏེ། དགེ་བའི་ལས་ལ་སེམས་ཞུམ་ནས་བདག་ཉིད་ཀྱིས་མི་ནུས་སྙམ་དུ་བརྙས་པའི་བློ་ཞིག་ལ་ཟེར། "བདག་གིས་དགེ་བ་སྒྲུབས་མི་ནུས་ཞེས་སྒྱིད་ལུག་ནས་བདག་ཉིད་ལ་བརྙས་པའོ། །"[༡]ཞེས་གསུངས་པ་ལྟར་རོ། །
མཚན་ཉིད།
[རྩོམ་སྒྲིག]"སྒྱིད་ལུག་པ་ཉིད་དེ་དཀའ་བའི་ལས་ལ་སེམས་བཟློག་པ་ཡིན་ཏེ་ཞེན་པ་མེད་ཅེས་བྱ་བའི་དོན་ནོ། །"[༢]ཞེས་གསུངས་པ་ལྟར། དཀའ་བའི་ལས་ལ་སེམས་བཟློག་སྟེ་ཞེན་པ་མེད་པའི་བློ་ཞིག་ཡིན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]"སྙིག་རྒྱུའི་ཆུས་རི་དྭགས་བསླུས་པ་བཞིན་དུ་འདོད་ཡོན་ལ་སྲེད་ཅིང་རྙེད་བཀུར་སྙན་གྲགས་སོགས་བསྒྲུབ་པས་འཁྲུལ་ཞིང་རྨོང༷ས་པའི་དབང་དུ་གྱུར་པ༷ས་ད་དུང་ངམ་ཕྱིས༷་ཀྱང༷་བདག་ལྟས་ཆོས་བསྒྲུབ་མི་ནུས་སོ་སྙམས་པས་ཡིད་ཆད་ཅིང་སྒྱིད་ལུགས་པ་སྟེ།"[༣] ཞེས་གསུངས་པ་ལྟར། ཡིད་ཆད་ཅིང་སེམས་ཞུམ་པའི་དོན་ནོ། །
དབྱེ་བ།
[རྩོམ་སྒྲིག]ལེ་ལོའི་དབྱེ་བ་གསུམ་གྱི་ནང་ཚན། "བརྩོན་འགྲུས་དེའི་མི་མཐུན་ཕྱོགས་ལེ་ལོའི་དབྱེ་བ་བཤད་པར་བྱས་ན་གསུམ་སྟེ་དགེ་བ་ལ་མི་མཐུན་པ་སྦྱོར་བ་མེད་པའི་ལེ་ལོ་དང་། བྱ་བ་ངན་པ་མི་དགེ་བ་དང་ ལུང་མ་བསྟན་ལ་ཞེན་པ་དང་། བདག་གིས་དགེ་བ་སྒྲུབས་མི་ནུས་ཞེས་སྒྱིད་ལུག་ནས་བདག་ཉིད་ལ་བརྙས་པའོ། །"[༤]ཞེས་གསུངས་པ་ལྟར། ལེ་ལོའི་དབྱེ་བ་གསུམ་པ་དེ་ཡིན་ནོ། །
འབྲས་བུ།
[རྩོམ་སྒྲིག]སྒྱིད་ལུག་གི་ཉེས་དམིགས། "གལ་ཏེ་བདག་གིས་དགེ་བ་ལ་འབད་པ་དང་སྡིག་པ་སྤང་དགོས་པ་དེ་རྟོགས་ནས་རྨོངས་པས་བྱང་ཆུབ་ཀྱི་སེམས་དང༌། སྤྱོད་པ་ལ་སློབ་པ་སོགས་ལ་ཕྱིས་ཀྱང་སྒྱིད་ལུག་ན་ངན་འགྲོར་འགྲོ་བར་ཤེས་ནས་འཆི་བར་འགྱུར་བའི་དུས་ཀྱི་ཚེ་མྱ་ངན་ཆེན་པོ་ལྡང་བར་འགྱུར་བས་བརྩོན་པ་ཆེན་པོས་འབད་པར་བྱའོ། །"[༥]ཞེས་གསུངས་པ་ལྟར། ངན་འགྲོར་འགྲོ་བའི་རྒྱུ་བྱེད་དོ། །
རྩོད་སྤོང་།
[རྩོམ་སྒྲིག]བདེ་བ་ནས་བདེ་བར་འགྲོ་བ་ལ་སུ་ཞིག་སྒྱིད་ལུག་པར་འགྱུར།
"སྟོབས་ལྡན་ཞོན་ནས་ལུས་སེམས་བདེ་བའི་ལམ་ནས་འབྲས་བུ་བདེ་བར་འགྲོ་བ་ལ། སེམས་ཤེས་པ་མཁས་པ་སུ་ཞིག་སྒྱིད་ལུག་པར་འགྱུར། སྤྱོད་པ་ཉམས་སུ་ལེན་པ་ལ་སྒྱིད་ལུག་པར་མི་བྱའོ། །"[༦]ཞེས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་རྟོགས་པ་ལ་སྒྱིད་ལུག་མི་རིགས་སོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་118
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་191
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་216
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་118
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་70-71
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས།ཤིང་དཔར། ཤོག་ངོས་168