སྒོ་རས་སྐྱ་བོ་རྩོམ་པ་པོ་པ་ཕུལ་བའི་འཚམ་འཕྲིན།

ཡོང་ཁུངས་Wikipedia

ཝཱ་ཎཱ་མཐོ་སློབ་རྩོམ་རིག་སློབ་དཔོན་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།

སེམས་ཀྱི་སྣང་བརྙན་མཛེས་རྟོག་རི་མོའི་ལམ།། མེ་ཏོག་ཟོལ་དུ་འཆར་བའི་རྩོམ་རིག་གི། དཔལ་གྱི་མཛེས་སྡུག་མངོན་པར་དགའ་བའི་ཚལ།། འདོད་འཇོ་དཔྱིད་ཀྱི་ལང་ཚོ་སྒེག་གྱུར་ཅིག།

ངའི་རིག་པའི་གྲོགས་པོ་སྙན་ངག་པ་ཁ་བའི་སྲས་ལགས་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས་《སྒོ་རས་སྐྱ་བོ》གསར་དུ་ཐོན་པར་འཚམ་འདྲི་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། དེ་དང་སྟབས་བསྟུན། རྩོམ་པ་པོ་ཁོང་གིས་ཁོ་དེབ་དང་སྐད་འཕྲིན་སྒེར་འབྲེལ་བཅས་ཀྱི་རྒྱུད་ནས་སྤེལ་བའི་སྙན་ངག་སྔ་ཕྱི་མང་པོ་དང་། སྐབས་འགའ་སྐད་འཕྲིན་རྒྱུད་ནས་ཁ་བརྡ་བྱས་པའི་རྒྱུད་རིམ་ལས། ཁོང་གི་སྒྱུ་རྩལ་རྩོམ་རིག་གི་གནས་ཚོད་དང་། རྩོམ་རིག་གི་ཁ་ཕྱོགས། ཤེས་བྱ་རིག་གནས་སྤྱིའི་གནས་ཚོད་བཅས་ངེས་ཅན་ཞིག་ཚོད་དཔོག་ཐུབ་པ་ནི། གནའ་སྲོལ་ལ་ལག་པས་འཇུས། དེང་སྲོལ་ལ་རྐང་པ་བརྫིས་ཏེ། ཤེས་བྱའི་ཁང་བཟང་གི་ཐོག་བརྩེགས་ལ་མཛེགས་མཁན་ཚད་ལྡན་ཞིག་ཡིན་པ་ལས། སྤྱང་དྲགས་ནས་མགོ་བརླགས། ལྐུགས་དྲགས་ནས་རྐུབ་རློག་མཁན་དེ་དང་དེའི་གྲས་མ་ཡིན་པར་གསལ་བར་ཤེས་པས། ཉིད་ཀྱིས་རེ་སྐུལ་གནང་བ་བཞིན་འཚམ་འཕྲིན་སྔོན་གླེང་ཞིག་སེམས་ཀྱི་ཚོར་སྣང་མཚོན་དོན་དུ་འབུལ་འདོད་བྱུང་། སྙན་ངག་ནི་རྩོམ་རིག་གི་ཆ་ལག་ཅིག་ཡིན་ལ་ཚོར་བའི་ཚབ་མཚོན་ནུས་པའི་ངག་རིག་གི་སྒྱུ་རྩལ་ཞིག་ཀྱང་ཡིན། སྒྱུ་རྩལ་འདིས་ཚོར་བའི་ཟབ་མཚམས་ནས་སྔོགས་ན། དགའ་སྐྱོ་ཁྲོ་ཆགས་ཀྱི་སྣང་བརྙན་རེ་རེ་བཞིན་རྨི་ལམ་ནང་གི་རྟ་རྒྱུགས་དང་། གློག་བརྙན་ཁྲོད་ཀྱི་དམག་འཐབ་བཞིན་ཐོན་འོང་ལ་། རྟོག་པའི་སྣང་བརྙན་དེ་དག་གདོང་ངོས་སུ་འཕོེས་ཐེངས་རེ་རེར། སྐབས་འགར་དགོད་སྒྲའི་ཐིག་པ་རེ་རེ་བཞིན་འཛུབ་ཀོང་དུ་འཁྱིལ་ཞིང་། ལན་རེར་ངུ་སྒྲའི་མིག་ཆུ་རེ་རེ་བཞིན་བགྲམ་ངེས་ནས་ལྷུང་བ་རྣམས། སྙན་ངག་པས་སྨྱུག་རྩེ་ལ་སྐོན་ནས་གོ་ལའི་ངོགས་སུ་དར་ལྟར་འཕྱར་ཞིང་དུང་ལྟར་འབུད་དེ། འཇིག་རྟེན་ཧྲིལ་པོ་གཡོ་འགུལ་བྱེད་ནུས་པས། ངག་རིག་གི་སྒྱུ་རྩལ་ལས་གྲུབ་པའི་སྙན་ངག་གི་རླུང་རླབས་སྣེར། འཇིག་རྟེན་ཧྲིལ་པོ་འདི་ཉིད་བྱ་སྤུའི་ལྗིད་ཚད་ཙམ་ལས་མེད།

          དོན་ལྔ་སྣོད་དྲུག་གི་དབང་རྩ་ལ་ཁྲ་ལག་སྤྱང་གསུམ་གྱི་ཟུངས་ཁྲག་རྒྱུ་བའི་འགྲོ་བ་མིའི་ཀླད་རྩ་ལ། ཟབ་ཅིང་རྣོ་བའི་ཚོར་བའི་ཕྲ་ཕུང་ཇི་ཙམ་ལྡན་པ་དེ་ཙམ་གྱིས་སྙན་ངག་པ་དང་སྙན་ངག་གི་རིན་ཐང་ཤེས་ནུས་མོད། མཆུ་ཏོ་ས་ལ་དྲུད་ནས་གོག་མཁན་དང་། རྔ་མ་སྒལ་པར་བཀལ་ནས་རྒྱུག་མཁན་ཁྱི་ཕག་གི་རིགས་མཐུན་ཚོས་རིན་ཐང་འདི་ནམ་ཡང་རྟོགས་མི་སྲིད།

ངའི་རིག་པའི་གྲོགས་པོ་སྙན་ངག་པ་ཟླ་བའི་སྲས་ལགས་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས་《སྒོ་རས་སྐྱ་བོ》འདི་ཉིད་ཀྱི་གྲུབ་ཆ་ནི་སྙན་ངག་རེ་རེ་བཞིན། མནའ་རབས་ཀྱི་ཞག་རྩི་ཡིོད་པ་དང་། དེང་རབས་ཀྱི་མཚན་མདངས་མངོན་པ། བསམ་བློའི་འདུ་ཤེས་ཟབ་པ། འཚོ་བའི་སྣང་བརྙན་གསལ་བ། སྒྱུ་རྩལ་གྱི་གསོན་མཉམ་ལྡན་པ། ཚིག་རྒྱན་གྱི་མེ་ཏོག་བཀྲ་བ། སྤྱི་ཚོགས་ཀྱི་འཚོ་བ་མཚོན་པ། དངོས་ཡོད་ཀྱི་གནས་ལུགས་གསལ་བ། གཏན་ཚིགས་ཀྱི་རྒྱབ་ལྗོངས་ཟབ་པ། འཆར་ཡན་གྱི་འཇའ་རིས་ཟླུམ་པ། བརྡ་དོན་གྱི་གཞུང་ལུགས་དང་མཐུན་པ་སོགས། འབུར་དུ་ཐོན་པའི་ཁྱད་ཆོས་འདི་དག་རང་བཞིན་ལྷན་སྐྱེས་སུ་གསལ་འོང་བས། སྐུ་ཉིད་དུས་རབས་འདི་དང་མི་རབས་འདིར་གཞོན་སྐྱེས་སྙན་ངག་པ་ཚད་ལྡན་ཞིག་རེད་ཅེས་ཞུ་བ་ནི། ཟོལ་བསྟོད་དང་འདྲ་ཆགས། ཚིག་རྒྱན་ལྟ་བུའི་ལམ་ནས་ཞུས་པ་མིན་པར། དངོས་ཡོད་ཀྱི་གནས་ལུགས་ཇི་བཞིན་བརྗོད་པ་ཡིན། དེ་ལྟ་ན་ཡང་ཀློག་པ་པོ་གཅིག་གིས་ཀུན་གྱིས་ཚབ་མཚོན་མི་ནུས་པས། རྒྱ་ཆེ་ཀློག་པ་པོ་སུ་ཞིག་ཡིན་ན་ཡང་། ཀློག་པ་ཙམ་དུ་མི་བཞག་པར་རང་བཞིན་དྲང་བརྗོད་ཀྱི་དཔྱོད་བརྗོད་རེ་སྤེལ་ན་རྩོམ་རིག་གི་བསྟན་པ་སྤྱི་སྒེར་ལ་ཕན་ཐོགས་ཆེ་བ་དེ་ཡང་ཀློག་པ་པོ་ཚོར་འབད་སྐུལ་ནན་པོའི་ལུགས་སུ་བྱས་ནས་ཞུ་རྒྱུ་ཡིན།

འབྱུང་འགྱུར་མ་འོངས་མདུན་ལྗོངས་ཐད། རྩོམ་རིག་གི་ལམ་ནས་འཇིག་རྟེན་གསལ་བའི་སྣང་བརྙན་བསྐྲུན་པ་ནི། ཆེས་གལ་ཆེའི་རང་བཞིན་ལྡན་པའི་ཕྱག་ལས་ཤིག་ཡིན་པས། གང་ཉིད་རྩོམ་རིག་གི་ལམ་ནས་མ་འོངས་སྤྱི་ཚོགས་ཁ ལོ་བའི་གདེངས་ཆར་བསྙེགས་ནས། རྩོམ་རིག་ལ་བརྟེན་ནས། རྒྱལ་ཁབ་དང་མི་རིགས། ཆབ་སྲིད་དང་དམག་དོན། དཔལ་འབྱོར་དང་འཛུགས་སྐྲུན། སྤྱི་ཚོགས་དང་ཁོར་ཡུག། ཆོས་ལུགས་དང་རིག་གནས། རྩ་དོན་དང་ལམ་ཕྱོགས། རེ་བ་དང་འཆར་འགོད། ལྟ་བ་དང་གྲུབ་མཐའ། དགག་བཞག་དང་རྩོད་སྤང་། གཞུང་ལུགས་དང་ལག་ལེན་སོགས་གལ་ཆེན་ཤེས་བྱ་མང་པོ་ཞིག་གི་ལམ་སྣེ་མ་ནོར་བར་དང་ཁ ཕྱོགས་མ་ཆུགས་པའི་སྒོ་ནས་རྒྱ་ཆེ་མང་ཚོགས་ཀྱི་བསམ་བློའི་ཁ ཕྱོགས་བསྒྱུར་ཐུབ་པའི་རླབས་ཆེན་གྱི་བྱ་བཞག་བསྐྲུན་རྒྱུའི་རེ་བ་དང་རེ་བསྐུལ་ནན་པོའི་ལུགས་སུ་བྱས་ནས་ཞུ་རྒྱུ་ཡིན།

ད་དུང་ཞུ་དགོས་པའི་དོན་གནད་ཆེན་པོ་ཞིག་ནི། དེང་སང་རྩོམ་རིག་ཡིག་རེ་གཉིས་ཙམ་འབྲི་ཤེས་པ་དང་རྩོམ་པ་པོ་ཡིན་སྣང་འཆར་མཁན་གྱི་རང་སྣང་དག་པའི་གཞོན་སྐྱེས་འགའ་ཞིག་གིས། ཁྱི་རྐུན་མ་ལ་ཟུག་རྒྱུའི་ཚབ་ཏུ་བདག་པོ་ལ་ཟུག་ནས། ལྷིངས་འཇགས་ཀྱི་མཚན་ལྗོངས་དཀྲོགས་པ་ལས། ཁ་ཕྱོགས་མ་ནོར་བའི་བསམ་བློ་གསར་པ་དང་འདུ་ཤེས་གསར་པ། སྒྱུ་རྩལ་གསར་པ་དང་ཉམས་འགྱུར་གསར་པ། འཕེལ་ཤུགས་གསར་པ་དང་གནས་ལུགས་གསར་པ། མདུན་ལྗོངས་གསར་པ་དང་ལམ་སྟོན་གསར་པ། ཕུགས་རྒྱངས་གསར་པ་དང་མིག་ཞགས་གསར་པ། རེ་བ་གསར་པ་དང་འཆར་འགོད་གསར་པ། སྙིང་སྟོབས་གསར་པ་དང་སྤོབས་པ་གསར་པ། མི་རབས་གསར་པ་དང་གོམ་སྟབས་གསར་པ་བཅས་ཀྱི། བྱ་རྒྱལ་འཕུར་ལམ་དང་ངང་པའི་རྐྱལ་ལམ་ནས། གནམ་གྲུའི་འཕུར་ལམ་དང་མཚོ་གྲུའི་རྐྱལ་ལམ། སེང་གེའི་མཆོང་ལམ་དང་ཅང་ཤེས་རྒྱུགས་ལམ་ནས། ཉི་ཟླའི་མཆོང་ལམ་དང་སྐར་གྲུའི་རྒྱུགས་ལམ་འཚོལ་ནས། མི་རིགས་ཀྱི་བླ་སྲོག་ལ་མི་རིགས་ཀྱི་ཟུངས་ཁྲག་རྒྱུ་བའི་གསར་གཏོད་རྩོམ་རིག་ཀྱི་ཁ་ཕྱོགས་དངོས་གནས་པ་ཞིག་སྤེལ་ཐུབ་ན་དགེ་མཚན་ཆེ་བ་མངོན་པ་ཡང་གོ་སྐབས་འདི་དང་བསྟུན་ནས་འབད་སྐུལ་ཞུ་རྒྱུ་ཡིན། མཐའ་དོན། རྩོམ་པོ་ལ་ལེགས་གསོལ་དང་། རྩོམ་ཡིག་ལ་བསྔགས་བརྗོད་ཞུ་རྒྱུ་དང་། རྩོམ་རིག་ནམ་ཡང་རྒྱལ་བའི་སྨོན་འདུན་བཅས།

མཁྱེན་རབ་དཔལ་གྱི་དྲི་བསུང་མངར་མོ་ཅན།། སྔོན་བྱོན་མཁས་གྲུབ་བྱེ་བ་ཕྲག་བརྒྱ་ཡི།། ཞབས་རྗེས་རི་མོ་གསལ་བའི་ཞིང་ཁམས་དེ།། རྩོམ་རིག་དཔུང་པས་སླར་ཡང་འཛིན་པར་སྨོན།།

གུས་འདུད་བཅས། བེ་རི་འཇིགས་མེད་ཀྱིས་མོན་ཡུལ་རྡི་རང་རྫོང་གི་མངའ་ཁུལ་ཐུབ་གསུང་དར་རྒྱས་གླིང་དུ། 2017/9/25 དུ་སྦྱར་བ་དགེ་ལེགས་འཕེལ།།