སྒམ་པོའི་གཏོར་བསྔོས་

ཡོང་ཁུངས་Wikipedia

སྒམ་པོའི་གཏོར་བསྔོས་བཞུགས་སོ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས་བརྗོད། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨ་ཀ་རོས་བྱིན་གྱིས་བརླབས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ལྷ་ཆེན་པོ་དྭགས་ལྷ་སྒམ་པོ། ཡབ་བཟང་པོ་འོ་དེ་གུང་རྒྱལ། ཡུམ་བཟང་མོ་ཐང་ལྷའི་ཀླུ་མོ། མཆེད་ཆེན་པོ་ཡར་ལྷ་ཤམ་པོ། ལྕམ་ཀོང་བཙུན་དེ་མོ། གཅུང་ཆོས་ལྷ་སྒམ་པོ། གཉེར་པ་ཆེན་པོ་དྷེ་ཝ་དཔལ། གཞུ་བརྡུང་ལ་སོགས་པ་རུ་འདྲེན་ཀྱི་སྐྱེས་བུ་བརྒྱ། སྟག་གཟིག་དོམ་དྲེད་ལ་སོགས་པ་གཅན་གཟན་གྱི་རུ་འདྲེན་བརྒྱ། བྱ་ཁྲ་ལ་སོགས་པ་འདབ་ཆགས་ཀྱི་རུ་འདྲེན་བརྒྱ། གཞན་ཡང་གཏེར་བདག་ཇོ་བོ་རྒྱལ་ལྷ། གཉེར་པ་མཆིམ་ལྷ་སྤུན་བདུན། དྲེགས་པ་ལྷ་སྲིན་སྡེ་བརྒྱད། སྟེང་ལྷ་ཡི་དམག་ཚོགས། འོག་ཀླུ་ཡི་དམག་ཚོགས། བར་བཙན་གྱི་དམག་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། བཞེས་ནས་སངས་རྒྱས་ཀྱི་བསྟན་པ་སྲུངས། བླ་མ་དམ་པའི་སྐུ་ཚེ་སྲིངས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་ཟློག །བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་དང་བཀའ་སྡོད་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ན་མོ། བདག་གི་བསམ་པའི་སྟོབས་དག་དང༌། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང༌། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །གཏེར་བདག་རྣམས་ལ་འདོད་ཡོན་ཚོགས། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །གཏེར་སྲུང་སྒམ་པོ་ལྷ་རྩེའི་བསྟོད་བསྐུལ་ནི། ཀྱཻ། ཆོས་དབྱིངས་རྣམ་དག་ནམ་མཁའི་དཀྱིལ་འཁོར་ནས། །རྟེན་འབྲེལ་རྣམ་དག་གླིང་བཞི་རི་རབ་གསལ། །ཐེག་ཆེན་ཆོས་དར་ལྷོ་རྒྱལ་འཛམ་བུ་གླིང༌། །ནང་གི་གནས་མཆོག་ཉི་ཤུ་རྩ་བཞི་ནས། །རྩྭ་རི་ཞེས་བྱ་ཡེ་ཤེས་དཀྱིལ་འཁོར་འདིར། །གསང་སྔགས་ལྷ་ཚོགས་ནམ་མཁའི་སྤྲིན་ལྟར་གཏིབས། །དཔའ་བོ་མཁའ་འགྲོ་བར་སྣང་གློག་ལྟར་འཁྱུག །བསྟན་པའི་ལས་མཛད་ཞིང་སྐྱོང་རྒྱལ་པོ་ཁྱོད། །སངས་རྒྱས་བསྟན་པ་གཉན་པོ་སྲུང་བའི་ཚེ། །ཀུན་དགའ་གཞོན་ནུ་གནས་ཆེན་བཞི་ན་བཞུགས། །དམ་ཉམས་དགྲ་བོའི་སྲོག་རྩ་ཉུལ་བའི་ཚེ། །ལྷ་བཙན་ནག་པོ་བར་སྣང་ཁམས་སུ་རྒྱུག །དཀར་པོ་ལྷ་ཡི་རྒྱལ་སྲིད་སྐྱོང་བའི་ཚེ། །སྒམ་པོ་ལྷ་རྩེ་ལྷ་དམག་འབུམ་གྱིས་བསྐོར། །སྐུ་མདོག་དཀར་པོ་ཆུ་ཤེལ་དངས་པའི་མདོག །ཞལ་གཅིག་ཕྱག་གཉིས་རབ་མཛེས་གཞོན་ཚུལ་ཅན། །རིན་ཆེན་སྣ་ལྔའི་རྒྱན་ཆ་སི་ལི་ལི། །ལྷ་རྫས་དར་གྱི་ན་བཟའ་ལྷུབས་སེ་ལྷུབ། །ཕྱག་གཡས་རུ་དར་དཀར་པོ་ནམ་མཁར་ཕྱར། །སངས་རྒྱས་བསྟན་པ་མི་ནུབ་རྒྱལ་མཚན་འཛིན། །གཡོན་པས་གསེར་གཞོང་རིན་ཆེན་དུ་མས་བཀང༌། །སྒྲུབ་པ་པོ་ལ་དངོས་གྲུབ་ཆར་ལྟར་འབེབས། །ཆིབས་སུ་གྱི་ལིང་ངང་དཀར་ཁྱུང་གཤོག་ཆིབས། །འཁོར་དུ་དམ་ཅན་ལྷ་དམག་འབུམ་གྱིས་བསྐོར། །ལ་ལས་དྲག་པོའི་བསྭོ་སྒྲ་དི་རི་རི། །ལ་ལས་དཔལ་གྱི་རུ་མཚོན་ལྷུབས་སེ་ལྷུབ། །ལྷ་དབང་ཆེན་པོ་དཔོན་གཡོག་འཁོར་དང་བཅས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །དམ་བཅའ་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་ཕྲིན་ལས་བཅོལ་ལོ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རིན་ཆེན་གཏེར་གྱི་སྲུང་མ་སྒམ་པོ་ལྷ་རྩེ་བཙན་རྒོད་ཆེན་པོས་ཤོག་སེར་གཏེར་སྟོན་རིན་པོ་ཆེ་ལ་ཕུལ་སྐབས་གཏེར་སྟོན་ཉིད་ཀྱིས་སྦྱར་བའོ།