Jump to content

སྐྱེས་བུ་འབྲིང་

ཡོང་ཁུངས་Wikipedia

སྐྱེས་བུ་འབྲིང་ནི་ནང་པའི་ལམ་གྱི་རིམ་པའི་ནང་གི་གང་ཟག་གི་བསམ་པའི་རིམ་པ་གཉིས་པ་དེ་ཡིན། འདི་ནི་འཁོར་བའི་བདེ་བ་ཙམ་ལ་མ་ཆགས་པར་རང་ཉིད་ཞི་བ་ཐར་པའི་གོ་འཕང་དོན་དུ་གཉེར་བའི་ལམ་ལ་གོ།

གོ་དོན་དང་སྒྲ་བཤད།

[མ་ངོས་ཞུ་དག]

སྐྱེས་བུའི་སྐད་དོད་ནི་ལེགས་སྦྱར་དུ་པུ་རུ་ཥ་ཞེས་བྱ་ཞིང་། དེ་ནི་"ནུས་པའམ་སྟོབས་"ལ་འཇུག་པ་ཡིན། དལ་འབྱོར་གྱི་ལུས་ལ་བརྟེན་ནས་འཁོར་བ་ལས་ཐར་པའི་གོ་འཕང་འམ་ "ཐར་པ་"ཐོབ་པའི་ནུས་པའམ་སྟོབས་ཡོད་པས་ན་སྐྱེས་བུ་འབྲིང་ཞེས་བྱའོ། །《སྣང་གསུམ་མཛེས་རྒྱན་》ལས།)

མཚན་ཉིད་དང་ཀུན་སློང་།

[མ་ངོས་ཞུ་དག]

ཇོ་བོ་རྗེ་ཨ་ཏི་ཤའི་《བྱང་ཆུབ་ལམ་གྱི་སྒྲོན་མ་》ལས། "སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །" ཞེས་གསུངས་པ་ལྟར། འདིའི་མཚན་ཉིད་ནི།

བསམ་པ། འཁོར་བའི་ཕུན་ཚོགས་ (ལྷ་མིའི་བདེ་བ་སོགས་) ལ་བློ་ལོག་པའི་སྒོ་ནས་རང་ཉིད་ཁོ་ནའི་དོན་དུ་ཐར་པ་གཙོ་བོར་དོན་དུ་གཉེར་བའི་གང་ཟག་ལ་གོ།

ཁྱད་པར། འདིས་ཚེ་ཕྱི་མའི་བདེ་བ་ཙམ་གྱིས་མི་ཆོག་པར་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་ལས་ཐར་འདོད་ཀྱི་བསམ་པ་སྐྱེད་པ་ཡིན།

སྐྱབས་འགྲོ་དང་འཇིགས་པ།

[མ་ངོས་ཞུ་དག]

ཀུན་མཁྱེན་ཀློང་ཆེན་པའི་《སེམས་ཉིད་ངལ་གསོ་》ལས། "འབྲིང་གཉིས་སྲིད་པས་འཇིགས་དང་" ཞེས་གསུངས་པ་ལྟར། སྐྱེས་བུ་འབྲིང་གི་སྐྱབས་འགྲོའི་ཁྱད་པར་ནི།

འཇིགས་པ། ངན་འགྲོའི་སྡུག་བསྔལ་ཙམ་མ་ཟད། འཁོར་བ་སྤྱི་འམ་"སྲིད་པའི་"སྡུག་བསྔལ་གྱིས་འཇིགས་པ་ཡིན།

སྐྱབས་འགྲོའི་ཚུལ། འཁོར་བའི་འཇིགས་པ་ལས་ཐར་ཆེད་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་མཆོག་གི་སྐྱབས་འགྲོ་ཞེས་བྱའོ།།

ཉམས་ལེན་གྱི་གནད།

[མ་ངོས་ཞུ་དག]

སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པའི་ནང་གཙོ་བོ་ཉམས་སུ་ལེན་བྱ་ནི།

འཁོར་བའི་ཉེས་དམིགས་བསམ་པ། འཁོར་བའི་བདེ་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་བར་བྱེད་པ།

ངེས་འབྱུང་གི་བསམ་པ་སྐྱེད་པ། འཁོར་བ་ལས་ཐར་འདོད་ཀྱི་བསམ་པ་ཤུགས་དྲག་སྐྱེད་པ།

བསླབ་པ་གསུམ་ལ་སློབ་པ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་བཅས་ལ་བརྟེན་ནས་ཐར་པ་སྒྲུབ་པ།