Jump to content

སྐྱེས་བུ་གསུམ་

ཡོང་ཁུངས་Wikipedia

སྐྱེས་བུ་གསུམ་ནི་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་ལམ་གྱི་རིམ་པའི་ནང་། གང་ཟག་གི་བསམ་པ་དང་ནུས་པའི་རིམ་པ་མི་འདྲ་བ་གསུམ་ལ་གོ་བ་ཡིན། འདི་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་ལམ་རིམ་གྱི་གཞུང་རྣམས་ཀྱི་རྨང་གཞིའི་དབྱེ་བ་ཞིག་ཡིན།༡། ངོ་བོ་དང་སྒྲ་བཤད།སྐྱེས་བུའི་སྐད་དོད་ནི་ལེགས་སྦྱར་གྱི་སྐད་དུ་པུ་རུ་ཥ་(Purusha)ཞེས་བྱ་ཞིང་། དེ་ནི་ནུས་པའམ་སྟོབས་ལ་འཇུག་པ་ཡིན། ལམ་འབྲས་དཀོན་མཆོག་ལྷུན་གྲུབ་ཀྱི་《སྣང་གསུམ་མཛེས་རྒྱན་》ལས། དལ་འབྱོར་གྱི་ལུས་ལ་བརྟེན་ནས་སྐྱེས་བུ་ཆུང་ངུའི་དོན་ལྷ་མིའི་གོ་འཕང་དང་། འབྲིང་གི་དོན་ཐར་པ། ཆེན་པོའི་དོན་ཐམས་ཅད་མཁྱེན་པ་རྣམས་ཐོབ་པའི་ནུས་པའམ་སྟོབས་ཡོད་པས་ན་དེ་སྐད་ཅེས་བྱའོ།།

༢ སྐྱེས་བུ་གསུམ་གྱི་མཚན་ཉིད།ཇོ་བོ་རྗེ་ཨ་ཏི་ཤའི་《བྱང་ཆུབ་ལམ་གྱི་སྒྲོན་མ་》དང་ཀུན་མཁྱེན་ཀློང་ཆེན་པའི་《སེམས་ཉིད་ངལ་གསོ་》ལས་གསུངས་པ་ལྟར། སྐྱེས་བུ་གསུམ་གྱི་དབྱེ་བ་ནི་བསམ་པའམ་ཀུན་སློང་གི་སྒོ་ནས་འབྱེད་པ་ཡིན། སྐྱེས་བུ་ཆུང་ངུའམ་ཐ་མ། གང་ཞིག་ཐབས་གང་དག་གིས་འཁོར་བའི་བདེ་བ་ཙམ་དོན་དུ་གཉེར་བའི་གང་ཟག་ཡིན། འདི་ནི་རང་ཉིད་ཁོ་ནའི་དོན་དུ་ཚེ་ཕྱི་མའི་མངོན་མཐོ་(ལྷ་མིའི་གོ་འཕང་)ཙམ་གཙོ་བོར་དོན་དུ་གཉེར་བའོ། །སྐྱེས་བུ་འབྲིང་། སྲིད་པའམ་འཁོར་བའི་བདེ་བ་ལ་རྒྱབ་ཕྱོགས་ཤིང་། སྡིག་པའི་ལས་ལས་ལྡོག་སྟེ་རང་ཉིད་ཞི་བ་ཙམ་དོན་དུ་གཉེར་བའི་གང་ཟག་ཡིན། འཁོར་བའི་ཕུན་ཚོགས་ལ་བློ་ལོག་པའི་སྒོ་ནས་ཐར་པ་གཙོ་བོར་དོན་དུ་གཉེར་བའོ། སྐྱེས་བུ་ཆེན་པོའམ་མཆོག རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། གང་ཞིག་གཞན་གྱི་སྡུག་བསྔལ་ཀུན་ཡང་དག་པར་ཟད་པར་འདོད་པའི་གང་ཟག་ཡིན། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཏེ་སེམས་ཅན་གཞན་གྱི་ཕྱིར་དུ་རང་ཉིད་སངས་རྒྱས་ཐོབ་པར་འདོད་པའོ། །